རྗེ་བཙུན་རེད་མདའ་བའི་གསུང་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-21 10:24:18     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

       

       569757675861407615.jpg

        དེ་ཉིད་ལ་རྗེ་རེད་མདའ་པའི་གསུང་ལན། དབེན་པའི་གཏམ་དང་བཅས་པའི་ནང་ན་མན་ངག་འདི་པའི་ལུགས་ལ་ངེས་འབྱུང་དང་སེམས་བསྐྱེད་ལ་འཁྲིད་ཚུལ་དང་བོགས་འདོན་ཁྱད་པར་ཅན་ཅིག་ཡོད་པ་འདྲ་སྟེ། ཡི་གེར་ཞིབ་ཏུ་བཀོད་ནས་རྒྱ་བྱས་ཏེ། དབུས་ནས་བརྒྱུད་ནས་བསྐུར་པ་བྱུང་ན་ཁྱད་ཆེ། གསུང་བ་དེ་ཉིད་ཀྱི་ལན། ངེས་འབྱུང་དང་བྱང་སེམས་ལ་དམིགས་རྣམ་ཁྱད་པར་ཅན་བཅར་བའི་ཚུལ་དང་། གོ་རིམ་ངེས་པ་ཅན་གྱི་འཁྲིད་ཚུལ། སླར་ཡང་རྗེ་བཙུན་གྱི་གསུང་གི་གནང་བ་ནོས་པའི་ཞུ་ཡིག་ཕྱི་མ། སྤྱིར་འདི་ལ་ཡང་། ཞུ་ཡིག་སྔ་མའི་ལན། རྗེ་རེད་མདའ་པའི་གསུང་ལན་དང་སྦྱར་ན། གོ་ཕན་ཆེ་བར་འདུག་པས་གསུང་ལན་ལས་ངེས་འབྱུང་སོགས་ཆོས་གསུམ་པོ་དེ་ཉམས་ལེན་གྱི་གནད་སྲོག་ནས་གཟུང་བའི་གདམས་པ་ཡིན་ཚུལ་དང་། ངེས་འབྱུང་དེ་ཡང་། གང་ཟག་གསུམ་གྱི་རྒྱུད་ལ་ཡོད་ཚུལ་དང་། ཆོས་གསུམ་གྱི་ངོ་བོ་དང་། དེ་ཇི་ལྟར་རྒྱུད་ལ་བསྐྲུན་པའི་ཚུལ་དང་། སྐྱེས་པའི་ཚད་དང་། དེ་གསུམ་གོ་རིམ་ངེས་ཅན་དུ་འཁྲིད་ཚུལ་དང་། རང་ཉིད་ཀྱིས་དབུ་མའི་ལྟ་བའི་དགོངས་ཚུལ་བཞི་བྱུང་བའི་ཚུལ་རྣམས་ཞུ་ཡིག་སྔ་ཕྱི་བསྒྲིགས་ན་ཕན་ནུས་ཆེ་བར་ཡོད་པས་འདིར་དེའི་ཐོ་ཙམ་བྲིས་པ་ཡིན། དེ་ཡང་སྤྱིར་སྟོང་པས་ཡོད་མཐའ་དང་སྣང་བས་མེད་མཐའ་དང་སྣང་བས་མེད་མཐའ་སེལ་བ་འདི་རྒྱང་པན་གྱི་བར་ལ་ཐུན་མོང་བ་ཡིན་པས་ཐལ་འགྱུར་བའི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ཀྱི་ཆོས་རྣམས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང་མི་བསླུ་བའི་ཚུལ་རང་ལུགས་སུ་ཁས་ལེན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་པ་ཉིད་དུ་འགྱུར་ཚུལ་སོགས་དཔག་ཏུ་མེད་པ་ཡོད་ལ། དེ་ཡང་གཞན་ངོར་རྒྱུ་འབྲས་མི་སླུ་ཞིང་། རང་ལུགས་ལ་སླུ་མི་སླུའི་རྣམ་གཞག་གང་ཡང་ཁས་མི་ལེན་ཟེར་བ་ཡང་མིན། མ་དཔྱད་ན་རྒྱུ་འབྲས་མི་སླུ་བར་མཐོང་ཞིང་། དཔྱད་ན་འདི་ཡིན་མ་རྙེད་ནས། ད་གཟོད་རྒྱུ་འབྲས་མཐོང་ཙ་ན་དེ་གཉིས་གཞི་གཅིག་གི་སྟེང་དུ་སྦྱོར་བ་ལ་བསམས་ནས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་བྱེད་པ་ཡང་མིན་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་སླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོད་པ་ཡང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་སླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་སླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན། དེ་ཡང་སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་ཐར་པའི་རྒྱུར་འགྲོ་བ་ནི་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་གོ །ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག གོ་བ་རྣམ་དག་ཡོད་པ་ཡང་དཀོན། དེ་ལ་དང་པོ་གཉིས་ཀྱི་གོ་བས་ཐར་པའི་ས་བོན་འཇོག་མི་ནུས། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་པོ་གཉིས་གོ་བ་ཙམ་ལམ་ལུས་པར་ཡིད་འགྱུར་བའི་མྱོང་བ་ཐོན་པས་ས་བོན་འཇོག དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན། རྩོལ་བཅས་ཀྱི་མྱོང་བ་ཐོན་པས་དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་འབྱོར་དྲན་ཙམ་དང་སེམས་ཅན་དྲན་ཙམ་གྱིས་ངེས་འབྱུང་དང་བྱང་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཚོགས་ལམ་ཆུང་ངུར་འཇོག དེ་ཡང་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་མཐོང་བའི་དྲན་ཤེས་ཐུན་རེ་བསྟེན་ནས་སྣང་ཤས་ལ་བློ་འགྲོར་མི་སྟེར་བར་སྲིད་པའི་འཚང་བཅར་ཞིང་། ཐར་པའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་པར་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གང་གོམས་ཀྱང་ཐར་པའི་རྒྱུར་གཏན་ནས་མི་འགྲོ་བས་ཐར་འདོད་ཀྱིས་ཐོག་མར་གདམས་ངག་གང་ཟབ་ཟེར་བ་གཞན་ཐམས་ཅད་བཞག་ནས་ངེས་འབྱུང་ལ་རྟོག་བསྒོམ་བྱ་དགོས། ཐེག་ཆེན་སྒྲུབ་པ་པོས་རང་དོན་ཡིད་བྱེད་ཀྱི་སྐྱོན་དང་། གཞན་དོན་གྱི་ཕན་ཡོན་ལ་དྲན་ཤེས་ཐུན་རེ་བསྟེན་ནས་སེམས་བསྐྱེད་ལ་མྱོང་བ་འདོན་པའི་དམིགས་རྣམ་ནས་གོམས་པར་མ་བྱས་ན་གཞན་གང་བྱས་ཀྱང་ལམ་དུ་མི་འགྱུར་ཏེ། གཞན་དུ་ན་དགེ་རྩ་རྣམས་རང་དོན་ཡིད་བྱེད་ཀྱིས་དབང་བྱས་ནས་དམན་པའི་བྱང་ཆུབ་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། དཔེར་ན་ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམ་གོམས་པར་མ་བྱས་ན་དགེ་བ་ཐམས་ཅད་སྣང་ཤས་ཀྱིས་དབང་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ། །དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས་ཐོག་མར་ངེས་འབྱུང་དང་བྱང་སེམས་ལ་མྱོང་བ་ཐོན་པར་ངེས་པར་བྱ་དགོས། དེ་སྐྱེས་པ་དང་དེ་ནས་དགེ་བ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བས། དེས་ན་འདི་ལ་སྒོམ་རིམ་མི་ཆོག་པར་བྱེད་པ་ནི་ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང་། དེ་ལྟར་དེ་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པ་ནི་ཐོག་མར་མི་རྟོག་པ་ལ་དྲན་ཤེས་བརྟེན་ནས་གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དང་བསྲེ་ཐུབ་པའི་གནས་པ་བརྟན་པོ་ཞིག་བཙལ་ལ། དེ་ནས་ལྷག་མཐོང་བསྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་དུ་ལྷག་མཐོང་བསྒོམས་ཀྱང་འཕྲོ་དྲགས་པས་མྱོང་བ་མི་ཐོན། གནས་ཆ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ལ་ངེས་ཤེས་འདྲོངས་ངེས་ཤིག་མེད་ན་ལྷག་མཐོང་གི་མྱོང་བ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་གནས་ཆ་ནམ་རྙེད་པ་དང་དེ་ནས་ལྟ་བ་ལ་མྱོང་བ་གདོན་ཏེ། དེ་ཡང་འདི་ལྟར་ཡུལ་སྣང་གཞན་ལ་ཡང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ན་ཡང་མྱོང་བ་ཐོན་པ་འོང་མོད། འོན་ཀྱང་གནད་དུ་ཆེ་བ་ནི་དང་པོར་གང་ཟག་གི་བདག་མེད་རྣམ་པ་བདུན་གྱིས་བཙལ་ན་བདག་མེད་པ་དེ་ལྟ་བུ་ལ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང་དེ་ཀའི་ངང་ལ་དྲན་ཤེས་བསྟེན་ནས་བཞག ནམ་འཕྲོ་བ་དང་ཡང་སྔར་བཞིན་རིགས་པས་བཙལ་ནས་མ་རྙེད་པ་དང་དེ་ཀའི་ངང་ལ་བཞག་སྟེ། དཔྱོད་པ་འདི་ཧ་ཅང་མང་དྲགས་ན་འཕྲོ་ཤས་ཆེར་སོང་ནས་མྱོང་བ་མི་ཐོན། དེས་ན་ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར་སེམས་ཅིར་ཡང་མི་རྟོག་པར་བཞག་ནས། དེ་ནས་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་གདགས་ས་མེད་པར་གཏན་ལ་ཕབ་པ་དང་གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་འདིས་སེམས་གནས་ཙམ་མ་གཏོགས་པ་ལྷག་མཐོང་ལ་མྱོང་བ་ཐོན་པ་མི་སྲིད་གསུང་བས་གནས་པ་རྙེད་ནས་མཚན་ཉིད་ཐེག་པ་ནས་གསུངས་པའི་དཔྱད་སྒོམ་མ་བྱས་ན་ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས། དཔྱད་སྒོམ་ཡང་སྔར་ལྟར་ཡིན་གྱི། འགའ་ཞིག་ལྟར་རྒྱུན་པར་བསམ་བློ་འབའ་ཞིག་གཏོང་བ་ཡང་མ་ཡིན། གནས་ཆ་གཏན་མ་བཙལ་བར་ལྟ་བ་སྐྱོང་བ་ཡང་མ་ཡིན། དེས་ན་ད་ལྟའི་སྒོམ་ཆེན་གྱི་གནས་པ་སྐྱོང་ལུགས་འདི་གཏན་ནས་ལམ་ངོ་བོ་མིན་གསུང་། འདི་རྣམས་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་པ་དང་ངེས་ཤེས་རྔམ་ཅན་འདྲོངས་མཆི། ངེད་ཀྱི་ཡིད་ལ་ཐལ་འགྱུར་བའི་ལུགས་ཀྱིས་སྒོམ་དང་ལྟ་བ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་ཕྱིན་ལ་སྒོམ་ལུགས་འདི་ལ་ངོ་བོའི་སྒོམ་ལུགས་སུ་འོང་ས་ཡེ་མི་འདུག་སྙམ་ནས་ཞུས་པས་ཕྱི་མ་དེ་གར་འདུག ཐལ་འགྱུར་བའི་ལུགས་ཀྱིས་ཀྱང་དེ་ལྟར་བྱས་ནས་བསྒོམས་ན་སེམས་གནས་སྐྱོང་བ་རྐྱང་བར་འགྱུར་གྱི། ལྷག་མཐོང་ལ་ནི་ངེས་པར་དཔྱད་སྒོམ་བྱ་དགོས་གསུང་། མདོར་ན་དངོས་པོའི་གནས་ལུགས་ཅི་ཡང་མིན་པ་དང་བློས་ཀྱང་ཅི་ཡང་མི་འཛིན་པ་གཉིས་མཐུན་པར་འདུག་བསམ་པ་དང་། མདོ་རྒྱུད་རྣམས་སུའང་ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་པ་ལྟ་བུ་མང་དུ་བྱུང་བ་རྣམས་ཀྱི་འཁྲུལ་གཞི་བྱས་ནས་ཅི་ཡང་ཡིད་ལ་མི་བྱེད་པ་སྒྲ་རྟོག་བཀག་པའི་སྒོམ་ལ་གནས་ལུགས་བསྒོམ་པར་འཁྲུལ་འདུག་པ་འདི་གཏན་མི་རིགས་ཏེ། ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་ཤིང་། དེའི་བསྔགས་པ་དཔག་མེད་གསུངས་པ་ནི། སྒྲ་རྟོག་ཙམ་མ་ཡིན་པར་འཛིན་པ་མཐའ་དག་དག་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་བློ་གཉིས་དབྱེར་མེད་དུ་སོང་བ་འཕགས་པའི་མཉམ་གཞག་ལ་དགོངས་ལ། སོ་སྐྱེ་ལ་རྣམ་གྲངས་མིན་པའི་དོན་དམ་པ་དང་བློ་གཉིས་རོ་གཅིག་ཏུ་སོང་བའི་དོན་མཐུན་པ་གཏན་ནས་མེད་པའི་ཕྱིར་དང་། སོ་སྐྱེ་ལ་གནས་ལུགས་ལྐོག་ཏུ་གྱུར་པས་སྒྲ་རྟོག་བཀག་པའི་སྒོམ་ཙམ་གྱིས་དེ་ཡུལ་དུ་བྱ་མི་ནུས་པའི་ཕྱིར་དང་། རྟོག་མེད་ཀྱིས་གནས་ལུགས་ཡུལ་དུ་བྱས་ན་མངོན་གྱུར་དུ་ཐལ་བའི་ཕྱིར་རོ། །དེས་ན་རྣམ་གྲངས་མིན་པ་ལ་སོ་སྐྱེའི་རྟོག་མེད་ཀྱིས་ཉམས་ལེན་བྱ་མི་ནུས་པས་དེ་འཕགས་པ་ལ་ཡིན་ལ། དེ་ལ་འཇུག་པའི་ཐབས་སུ་རྟེན་འབྲེལ་རང་བཞིན་མེད་པ་སོགས་ལ་གནས་ལུགས་སུ་ཞེན་ནས་དཔྱད་སྒོམ་གྱིས་ཞུགས་པས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་རོ་གཅིག་པའི་རྟོག་མེད་ཐོབ་པར་འགྱུར་གསུང་། དེས་ན་སྒོམ་དུ་མ་ཟད་ལྟ་བས་གཏན་ལ་འབེབས་པ་ན་ཡང་རྣམ་གྲངས་མ་ཡིན་པའི་དོན་དམ་མངོན་དུ་གྱུར་པའི་ངོ་ལྟར་བྱེད་ན། གང་གིས་བཤད་ནས་གང་གིས་ཉན། སུས་གོ་འོན་ཀྱང་རྟོག་པས་ལྟ་བའི་གོ་ཡུལ་བཙལ་དགོས། དེ་མ་བྱས་ན་ལྟ་བ་གོ་བ་གར་སྲིད། དེས་མཚོན་ནས་དཔག་ཏུ་མེད། དེའི་ཕྱིར་ཐལ་འགྱུར་བ་འཕགས་པ་ཆེན་པོ་རྣམས་ལ་མཉམ་གཞག་ན་ཁས་ལེན་ཐམས་ཅད་ཞིག་པས་མཉམ་གཞག་དང་ཁྱད་མེད། དེ་དག་གི་རྗེས་ཐོབ་ན་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་དགག་ཏུ་མེད་པར་འཆར་བས། སོ་སྐྱེ་ཐལ་འགྱུར་བས་ཀྱང་རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ངེས་པར་རང་ལུགས་ལ་ཡང་འདོད་དགོས། དེ་ཁས་བླངས་ཀྱང་རེ་ཞིག་ལ་སྐྱོན་དུ་མི་འགྱུར། དེ་དགག་ཏུ་ཡང་མ་ནུས་པས་ཁས་བླང་། གཞན་ངོར་ཁས་ལེན་པ་ལ་ནི་ཕྱི་རྒོལ་གྱི་བསམ་པ་ལ་བརྟགས་ནས་དེས་ཁས་བླངས་པའི་ཚུལ་ལ་ལྟོས་ནས་ཁོའི་འདོད་པ་སུན་དབྱུང་དགོས་པས་དེ་ལ་ནི་རྒྱང་པན་ཡར་བཅད་ཀྱི་གྲུབ་མཐའ་ལ་ལྟོས་ནས་ཁས་འདི་ལེན་དང་འདི་མི་ལེན་མེད། དེ་ཡང་ཁོ་གང་འདོད་པའི་ལོག་ཕྱོགས་དེ་ཁས་བླངས་ནས་མགོ་མཚུངས་སོགས་བྱས་པས། མཐར་ཁོའི་འདོད་པ་ལ་གནོད་བྱེད་མཐོང་བ་དང་། རང་ལུགས་བཞག་པ་དེ་ཡང་དེ་དང་འདྲའོ་ཞེས་བསྟན་ལ། རང་གིས་དགོས་པའི་དབང་གིས་ཁས་བླངས་པར་བསྟན་པས་གཉིས་ཀ་མཉམ་པོར་འགྲོ། དེ་ཡང་གཞན་ངོར་ཁས་བླངས་ཙམ་ཡིན་གྱི། ངས་ཁས་མ་བླངས་ཟེར་དུ་མི་བཏུབ། ཕྱོགས་གཉིས་ཀ་ལ་ཁོས་སྐྱོན་མ་མཐོང་གི་བར་དུ་རང་གི་ཞེ་འདོད་ཡིན་པ་བཞིན་བྱེད་དགོས་གསུང་། དེ་ལྟར་གང་ཟག་གི་བདག་མེད་ལ་དཔྱད་སྒོམ་གྱིས་མྱོང་བ་ཐོན་པ་དང་། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དམིགས་རྣམ་དུ་མ་ལ་རྩལ་སྦྱང་ངོ་། །སྔགས་ཀྱི་རྫོགས་རིམ་རྣམས་ལ་ཡང་མཚན་ཉིད་ཀྱི་ལྟ་བའི་མྱོང་བ་འདོན་ལུགས་འདི་མེད་པས། དེ་རྐྱང་པ་བྱས་ན་ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ལམ་དུ་གཏན་མི་འགྲོ། བདེ་གསལ་མི་རྟོག་པའི་ཉམས་མཆོག་ཏུ་གྱུར་པ་སྐྱེས་ནས་སྒྲ་རྟོག་གཏན་མི་རྒྱུ་བའམ། རྒྱུ་ཡང་གནས་ཆེ་སྟོབས་ཆེས་པས་གཅིག་ནས་གཉིས་སུ་མཚམས་སྦྱོར་མི་ཐུབ་པར་དམིགས་གཏད་ཞིག་པ་སྙམ་བྱེད་པ་དང་། ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟར་འཆར་བ་ཡང་འོང་ཡང་སྒྲ་རྟོག་གནས་ཆ་ཆེས་པས་ཞི་གནས་ཀྱི་མཐུས་བཀག་པའི་དམིགས་གཏད་ཞིག་པ་འདྲ་བ་ཞིག་བྱུང་བ་ཡིན་གྱི། གཉིས་སྣང་གི་རྟོག་པ་ལས་མ་འདས་པས་འདི་འཇིག་མི་ཐུབ། བསམ་གཏན་བཞི་ཐོབ་ན་ཡང་འོང་། ཡུལ་ལྔའི་སྣང་བ་ཐམས་ཅད་མཉམ་པར་བཞག་པ་ནི་ན་བུན་ལྟར་སྣང་བ་འོང་། དེར་མ་ཟད་གཟུགས་མེད་ཐོབ་ན་མཉམ་གཞག་གི་ཚེ་སྣང་བ་འགགས་ནས་ཀྱང་འགྲོ་བ་འོང་སྟེ། ལྷག་མཐོང་གི་མཐུ་མིན་གྱི་ཞི་གནས་ཀྱི་སྟོབས་ཀྱིས་ཡིན་ནོ། །ཡུལ་སྣང་དེ་ལྟར་སྣང་ཡང་ནང་གི་མྱོང་རིག་ལ་བྲེད་པ་འདོར་མི་ནུས་ཏེ་ལྟ་བ་ལ་མྱོང་བ་མ་ཐོན་པས་སོ། །སྔགས་ཀྱི་ལམ་མྱུར་བར་བཤད་པ་ནི་ཞི་གནས་མྱུར་བ་དང་། ཞི་གནས་སྟོབས་ལྡན་སྒྲུབ་ལུགས་མཚན་ཉིད་ལ་མེད་པ་རྣམས་ཡོད་ལ། ཞི་གནས་ཅི་ཙམ་སྟོབས་ཆེ་བ་བཞིན་ལྟ་བ་ལ་མྱོང་བ་སྟོབས་ལྡན་འགྲུབ་པ་ཡོད་པས་མྱུར་བ་ཡིན་ནོ། །དེས་ན་མཚན་ཉིད་ཀྱི་ཐེག་པའི་གནད་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། སྔགས་ཀྱི་ཐབས་ལམ་གྱི་གདམས་ངག་ཀྱང་ཡོད་པ་ཀླུ་སྒྲུབ་དང་ཟླ་གྲགས་འདྲ་བ་དེ་མཚན་ཉིད་ཐེག་པ་རྐྱང་པའི་གདུལ་བྱ་ལས་མྱུར་བ་དང་ཆེས་ཁྱད་པར་འཕགས་པ་ཡིན་གྱི། མཚན་ཉིད་ཀྱི་ལམ་གྱི་གནད་མེད་པའི་སྔགས་ཀྱི་ཐུན་མོང་མིན་པའི་གདུལ་བྱ་དེ་མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཏེ། དེས་ལམ་དེ་ཁོ་ན་ལ་བརྟེན་ནས་གཏན་ནས་སངས་མི་རྒྱ། མཚན་ཉིད་ཀྱི་དེས་འཚང་རྒྱ་བས་སོ། །དེ་ལྟར་ཐུན་མོང་མ་ཡིན་པའི་ལམ་གྱི་དབང་དུ་བྱས་ན་མཚན་ཉིད་མཆོག་དང་། སྔགས་ཉོན་མོངས་ཀྱི་དབང་དུ་སོང་དྲགས་ནས་རྒྱུད་མ་དག་པའི་གདུལ་བྱ་ལ་མངོན་མཐོའི་ཐབས་ཙམ་དང་། ཞི་གནས་སོགས་ཙམ་བསྟན་པས་དམན་པ་ཡིན་གསུང་། འདི་རྣམས་ཐམས་ཅད་ལ་དགག་སྒྲུབ་དཔག་མེད་བྱས་ནས་ཞུ་གཏུགས་བྱས་པ་དུ་མ་ཡོད་ཀྱང་བྲིར་མ་ལང་། འདི་ཐམས་ཅད་རང་རེ་ལ་ངེས་ཤེས་འདྲེན་པའི་རྒྱུར་འགྲོ་ངོ་ཤེས་སྙམ་ནས་བྲིས་པ་ཡིན། ང་ལ་ནི་ཐེ་ཚོམ་གྱི་དྲི་ཙམ་ཡང་མེད། ཞལ་ཏེ་ཞུས་པས། སློབ་དཔོན་ཐར་བཟང་གི་ས་ན་ཁོ་རང་གི་ལྟ་ཁྲིད་དེ་ཡོད་ཟེར་བས། དེ་ལ་ལུང་ཐོབ་ཅིག་མཛད་ན་སྙམ་པ་ལགས་ན་ཡང་། དེའི་དཔེ་ལ་ཞིབ་མོ་ཡང་མེད། ཐར་བཟང་ཁོ་རང་ལ་ཡང་འདིར་རྒྱག་མེད་པས་ཁོང་ཡིད་མ་ཆེས། དེ་བས་ཁྱེད་རང་གིས་རགས་རིམ་ཞིག་བྲིས་ནས་བསྐུར་ན་ཕན་ཐོགས་པའང་སྲིད་གསུང་བར་གདའ་བས། རང་རེ་མཇལ་མཛོམ་བགྱིད་པ་མ་བྱུང་ན་ཁྱད་ཆེ་སྙམ་ནས་བྲིས་པ་ལགས། ངེས་འབྱུང་སེམས་བསྐྱེད། ལྟ་བའི་མྱོང་བ་འདོན་ལུགས་འདི་རྣམས་ད་ལྟ་སུ་ལ་ཡང་བསྟན་རྒྱུ་མི་སྣང་བས་ཐུན་མོང་མིན་པར་འདུག་ཁྱད་པར་ལྟ་བའི་མྱོང་བ་འདོན་ལུགས་འདི་ངེས་པར་ཡིན་ངོ་ཤེས་སུ་སྣང་། འདི་རྡོ་རུས་ཐུག་པ་ཡོད་པའི་གདམས་ངག་ད་ལྟ་གཅིག་ཀྱང་མི་གདའ། བྱེད་ལུགས་འདི་བྱས་ན་རང་རེ་བས་ལམ་དེ་ཙམ་འཐོབ། གདམས་ངག་གཞན་བསྒོམས་ཀྱང་གླགས་མི་ཆེ་གསུང་། འདི་པ་རང་གི་ལུགས་ཀྱིས་ངེས་འབྱུང་སོགས་གསུམ་ལ་འཁྲིད་ལུགས་ཞིབ་ཆ་དང་བཅས་པ་གནང་ནས་ཡོད་དེ་རྒྱས་པར་བྲིར་མ་ལང་། གྱུ་རུ་ལུགས་བྲིས་ཀྱང་འགའ་ཞིག་བླ་མས་བསྟན་པ་ལ་ལྟོས་པར་སྣང་བས་བྲིས་མ་བྱུང་། དེ་ལྟར་ན་འདི་ཡི་ཕྱོགས་ལ་བསླུས་འདུག་ན་ངའི་མིག་ཏུ་སྒོག་ཆུ་བརྡུངས་པས་ཆོག་པས། ཁྱེད་སྒྲུབ་པ་ཞིག་བྱེད་ན་ཅིས་ཀྱང་མཛོད་མཛོད་མཛོད། མྱུར་དུ་འཇལ་འཛོམ་མ་བྱུང་ན་ཆེ་སྒྲུབ་དེ་ཟིན་པ་དང་དེ་ནས་སྔོན་ལ་རྗེ་བཙུན་གྱི་སྒྲུབ་པ་དེ་ལོ་གཅིག་པ་ཞིག་མཛད་ན། དེ་ནས་རྗེ་བཙུན་རང་གིས་དངོས་སུ་ལེགས་པར་འདོམས་པར་གདོན་མི་ཟ་བས་རྩོལ་བ་སྐྱེད་པ་ཁྱེད་མཁྱེན་མཁྱེན་མཁྱེན། བློ་ཉེས་མ་མཛད་ཅིག འདི་པའི་ལམ་གྱི་གནད་འདི་རྣམས་རང་རེ་ལ་གཞན་དང་མི་འདྲ་བའི་ངེས་ཤེས་རྨད་དུ་བྱུང་བའི་གསལ་འདེབས་སུ་འགྲོ་མཆིས་པས་ཇི་ལྟར་བྱུང་བའི་རྒྱུ་མཚན་དང་། རྟེན་འབྲེལ་གྱི་དགོས་ལུགས་ཐུན་མོང་མ་ཡིན་པ་ཁྱེད་རང་ལ་གང་བྱུང་བ་རྣམས་གསུང་ཤོག་ཞིབ་ཏུ་མཛོད་ལ་བསྐུར་མཛོད། མཐུན་མི་མཐུན་ལྟ་བ་ལགས། ངེད་ཀྱི་ཡིད་ལ་ད་ལྟ་འཆད་ཉན་བྱེད་པ་རྣམས་ལ་ཡང་། ཐར་འདོད་འཁྲིད་ལུགས་དང་ལམ་གྱི་གནད་འདི་ལྟ་བུ་ལས་བརྩམས་ཏེ་བྲིས་ན། ཚིག་ཟེར་ལུགས་ལ་བལྟས་ན་གོ་བ་འདྲ་བ་ཞིག་སྣང་སྟེ། ཞེ་ཐག་པ་ནས་བློ་གཏད་དེ་འཁྲིད་དུ་བཅུག་ན་ཡིད་བརྟན་དུ་རུང་བ་གཏན་མི་གདའ། བསམ་གཏན་པ་རྣམས་ཀྱང་ངེས་འབྱུང་དང་སེམས་བསྐྱེད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྩ་བར་འདུག་པ་ལ། དེ་གཉིས་དགོས་ཟེར་ཡང་དེ་གཉིས་ཀྱི་གོ་བ་ཙམ་ལ་མྱོང་བ་ཐོན་པར་བསམས་ནས། འདི་གཉིས་སྔོན་ལ་མྱོང་བ་ཐོན་པ་རེ་མི་བྱེད་པར་འདི་གཉིས་ལས་རྩ་རླུང་སོགས་ཀྱི་དམིགས་པ་ཁ་ཅིག་ལ་ཟབ་ཟབ་པོར་འཁྲུལ་ནས་གཙོ་བོར་མི་བྱེད། འགའ་ཞིག་གིས་བྱེད་ཀྱང་འདི་གཉིས་ཀྱི་གནད་ལེགས་པར་གོ་བའི་གོ་བ་ཤ་ཆོད་རུས་ཆོད་མེད་པས་དེ་གཉིས་ལྟར་སྣང་རེ་མཚན་ཉིད་པར་འཛིན་པར་གདའ། ཕལ་ཆེར་བྱིན་པོ་དེས་ཅིར་ཡང་མི་སེམས་པར་སེམས་བཟུང་བས་སྒྲ་རྟོག་ཙམ་ཁེགས་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་། གོང་མའི་སེམས་ཀྱི་ཞི་གནས་ལྟ་ཞོག འདོད་སེམས་རྩེ་གཅིག་པའི་ཆར་གཏོགས་ཀྱི་ཏིང་ངེ་འཛིན་ཞི་གནས་རྗེས་མཐུན་པ་ཙམ་ལ་གནས་ལུགས་བསྒོམ་པར་འཁྲུལ་ནས་སྣང་ལ། དྲག་ཤོས་རྣམས་ཀྱིས་དེ་རང་དགའ་མས་འཆིང་ཟེར་ནས། ལྟ་བའི་གོ་ཡུལ་སྐམ་པོ་ཞིག་དེ་ལ་བསྐོན་པས་མི་ཞེན་པར་འདོད་པ་དང་། དེའི་ཐོག་མཐར་སེམས་བསྐྱེད་དང་སྨོན་ལམ་ཚིག་ཙམ་པ་ཁ་ཡར་བྱས་པས་ལམ་དུ་འགྲོ་སྙམ་ཡང་ངེས་འབྱུང་དང་སེམས་བསྐྱེད་གོ་བ་རྣམ་དག་ལ་དྲན་ཤེས་ཀྱིས་དཔྱད་སྒོམ་བྱས་ནས་མྱོང་བ་ཐོན་པ་མེད་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་ལ། སེམས་ཙམ། རང་རྒྱུད། ཐལ་འགྱུར་བ་གང་རུང་གི་ལྟ་བ་ལ་ཕུ་ཐག་ཆོད་པའི་ངེས་ཤེས་འདྲོངས་པར་བྱས་ནས། དེ་རྗེས་གནས་ཆ་བཙལ་བ་རྙེད་པ་དང་། དཔྱད་སྒོམ་གྱིས་ལྟ་བའི་དམིགས་རྣམ་ལ་དྲན་ཤེས་བརྟེན་ནས་འདྲིས་པར་བྱས་པའི་ལྷག་མཐོང་གི་མྱོང་བ་མ་ཐོན་པས་ལམ་དུ་གཏན་མི་འགྲོ་བར་གདའ། དེ་བས་ཉན་བཤད་པ་རྣམས་ལ་བདག་མེད་ལ་དམིགས་བའི་གོ་ཡུལ་རགས་པ་རེ་འཐད་བྱས་པ་མང་རབ་འོང་བས། ཐར་པའི་རྒྱུར་འགྲོ་བ་ཉན་བཤད་བག་ཙམ་དྲག་པར་གདའ། འོན་ཀྱང་བཤད་ཉན་པ་རྣམས་ཀྱང་བསྟན་པའི་སྙིང་པོ་བདག་མེད་པ་གཉིས་མཚན་ཉིད་ཀྱི་ཐེག་པའི་དབུ་ཚད་ལྟ་བུ་ནས་གསུངས་པ་ལ་ལེགས་པར་བརྒལ་ཞིང་རྟོག་པའི་བློའི་ནུས་པ་མེད་པས་གཞན་གྱི་ཟེར་བགྲོས་ཉོག་ཉོག་མང་པོ་ཞིག་དང་ཐོས་རྒྱ་ཆེ་ཞིང་དྲག་པར་སྒོམ་པ་ཁ་ཅིག་ནི་ཟབ་མོའམ་ཞིག་ཡིན་ཟེར་ནས། དཀའ་ལས་མ་ཤི་བར་དུ་བྱ་དགོས་ལ། གནས་ལུགས་ལ་ངེས་ཤེས་ཏིལ་ཙམ་ཡང་འདྲོངས་རྒྱུ་མེད་པའི་རྩིས་དང་སྣོད་བཅུད་ཀྱི་རྣམ་གཞག་དང་བསྐྱེད་རིམ་འཁོར་བཅས་ཀྱི་ཆོ་གའི་སྤྲས་སྤྲོས་དང་། རྩ་རླུང་སོགས་ཀྱི་གཏམ་མང་པོ་ལ་མགོ་མྱོས་མྱོས་ཀྱི་བར་དུ་སེམས་པར་གདའ་བས་དོན་ཆུང་བདག་མེད་ཀྱི་དོན་ལ་ངེས་ཤེས་འདྲོངས་པ་རེ་སྒྲུབ་པ་བྱེད་པ་ལ་མེད་མི་རུང་དུ་འདུག དེའི་སྒོ་ནས་བཤད་ཉན་བྱས་ན་རང་གཞན་ལ་ཕན་པ་ཆེན་པོ་བྱར་ཡོད་མོད། འོན་ཀྱང་འདིའི་གོ་བ་ཐར་པའི་རྒྱུར་འགྲོ་ཡང་། འདིས་སྣང་ཤས་ཟིལ་གྱིས་གནོན་མི་ནུས་པས་ཕལ་ཆེར་གྱི་རྒྱུད་ལ་རྙེད་བཀུར་གྱི་ཕྱིར་མི་དགེ་བ་ཚན་ཆེན་པོ་གསོག བདག་མེད་ཀྱི་གོ་ཡུལ་རྣམ་དག་མ་རྟོགས་པའི་དགེ་རྩ་གང་བྱས་ཀྱང་འཁོར་བ་འབའ་ཞིག་གི་རྒྱུར་སྣང་ཤས་ཀྱིས་དབང་བྱས་ནས་ཐར་པའི་རྒྱུར་འགྲོར་མི་སྟེར་བས་སྐྱེ་བ་བརྒྱུད་མ་མང་པོ་ཞིག་ཏུ་བསྟན་པ་ལ་ཕན་བཏགས་པས་ཆོག་པ་དེ་ད་ལྟའི་བསྟན་པ་དུ་མ་ཙམ་པ་འདི་མ་ཉན་འདུག་པས་སྙམ་པའི་སྙིང་རྗེ་དང་བསྟན་པའི་ཁུར་ལྟར་སྣང་ཞིག་གིས་ཉམས་པར་བྱེད་པ་ཡིན། དེ་རྣམས་བྱིས་པའི་མདུན་མ་ཡིན། གདུལ་བྱ་ད་ལྟའི་འདི་འདྲར་མ་ཟད་སེམས་ཅན་མཐའ་མེད་པ་ཞིག་གིས་རྩིས་བཏང་དགོས། བསྟན་པ་ད་ལྟའི་འདི་འདྲར་མ་ཟད་བསྟན་པ་མཐའ་མེད་དང་། དེ་བཞིན་དུ་སྐྱེ་བ་དང་ཡུལ་དང་དུས་ཐམས་ཅད་ཀྱང་དེ་འདྲའི་རྩིས་བཏང་དགོས་མོད། དེ་བཏང་ན་ད་ལྟའི་འདུ་ཤེས་དེ་རྒྱ་ཆུང་ཆུང་དུ་འགྲོ། དེས་ན་གཞན་དོན་འདོད་ནའང་སྟོབས་མི་གཅིག རྒྱ་ཆེ་ཆུང་མི་གཅིག ཡུན་རིང་ཐུང་མི་གཅིག་པར་གོ་ལགས། དེ་ལྟར་འདི་རྣམས་ཡིད་ཆེས་ཀྱི་གནས་ལས་འོངས་པ་འབའ་ཞིག་ཡིན་ཅིང་། རང་རེ་ལ་འདི་རྣམས་ལྷག་པར་ཐུགས་ཡུལ་དུ་གཞན་དང་མི་འདྲ་བར་རྨད་དུ་གྱུར་པ་ཞིག་ཏུ་འགྱུར་ཞིག་གུ་སྙམ་དུ་བསམས་ནས་བྲིས་པ་ལགས་པས། ཐུགས་ཡུལ་དུ་གང་བྱུང་ཡང་འདི་ལྟར་ཡིན་གྱི་གཏམ་རྣམས་གཞན་ལ་མི་འཕེལ་བའི་ཐབས་ལ་རང་རེས་ངེད་མ་བསླུས་པ་ཞིག་མཁྱེན་མཁྱེན། དོན་དུ་མི་འགྱུར་བ་ཡིན་པ་གདའ། རྒྱུ་མཚན་དེ་རྣམས་ལེགས་པར་ཐུགས་སུ་ཆུད་པ་དང་ཡི་གེ་འདི་མེ་ལ་ཕུལ་མཛོད། མདོར་ན་སངས་རྒྱས་ཀྱི་འཕྲིན་བསྐྱལ་བ་ལགས་པས་གྲོས་སུ་ལ་ཡང་མ་དྲིས་པར་ཐུགས་ཐག་སྦད་བཅད་ནས། ཤི་མིན་གསོན་མིན་དུ་མ་སོང་བའི་སྒྲུབ་པའི་རྒྱལ་མཚན་ཞིག་ཚུགས་དང་སྐྱེ་བ་ཕྱི་མ་ལ་ལྟ་ཞོག སྐུ་ཚེ་འདི་ལ་ཡང་གཞན་དོན་སྟོབས་ལྡན་འགྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཟུར་དུ་བྲིས་པ་འདི་རྣམས་དང་། མངོན་ཤེས་རྫུ་འཕྲུལ་ལ་སོགས་པའང་ཐོབ་པར་གདོན་མི་ཟ་བར་ལུང་བསྟན་པ་ལགས་སོ། །དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང་། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །གཞན་ཡང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྗེ་བཙུན་འཇམ་པའི་དབྱངས་དང་མི་གཉིས་པ། །དཔལ་ལྡན་བླ་མ་ཁྱེད་ཀྱི་ཞབས་པདྨོ། །འབྲལ་མེད་བསྟེན་ནས་ཁྱོད་མཉེས་བགྱིད་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་པ་འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་རྗེ་བཙན་རེད་མདའ་བ་ཆེན་པོ་ས་སྐྱ་ན་བཞུགས་པའི་དྲུང་དུ་འབུལ་བ་ལ་རྟོག་ལྡན་བྱང་སེང་བ་གྲོགས་མཆེད་བཏང་བའི་དུས་ཀྱི་ཞུ་ཡིག་ངོ་བོ་ལས་སློབ་དཔོན་ཀྲེ་བོ་ཐར་བཟང་གིས་ཇི་ལྟ་བར་བཤུས་པ་ལ་ཕྱི་མོ་བགྱིས་པའོ། །ད་ལྟ་གཞན་དག་ལ་ཡོད་པ་འདི་ནི་འདི་ནས་བཏུས་པར་བྱེད་པར་འདུག་ཅིང་འདིའི་ཕྱི་མོའི་མགོ་ཤོག་བླ་མ་ཐར་བཟང་པའི་དཔེ་ཆའི་ནང་ནས་གཞན་དུ་འཁྱེར་བ་འདྲ་ཟེར་ནས་མི་འདུག་གོ །

                                             རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།