སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་ཕན་བདེ་ལ་སྦྱོར་བའི་རིམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-21 09:54:59     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

     100476001213148449.jpg 

         རིན་པོ་ཆེ་ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་ཕན་བདེ་ལ་སྦྱོར་བའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་ནི་མངོན་པར་མཐོ་བའི་བདེ་བ་དང་། ཕྱིས་ནི་ངེས་པར་ལེགས་པའི་བདེ་བ་ལ་འགོད་པའོ། །འདི་ཙམ་གྱིས་ནི་སྐྱེས་བུའི་གནས་སྐབས་དང་། མཐར་ཐུག་གི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། དོན་དུ་གཉེར་བར་བྱ་བ་ནི་འདི་དག་ཏུ་ཡོངས་སུ་ཚང་བར་ལྟ་བར་བྱ་སྟེ། ལྷག་པ་དང་མ་ཚང་བ་མེད་པའོ། །དེའི་ཕྱིར་ཅི་ཙམ་བཤད་ཀྱང་རན་པ། གང་ནས་བཤད་ཀྱང་འབྲེལ་བ་ཆ་ཤས་ཕྲ་མོ་རེས་ཀྱང་སྐྱེ་དགུ་རྣམས་ལ་འཕྲལ་དང་ཡུན་དུ་བདེ་བ་ཚད་མེད་པ་སྟེར་བའི་གདམས་པ་དང་རྗེས་སུ་བསྟན་པ་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱང་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལས་བརྩམས་པ་ཤ་སྟག་སྟེ། དེ་ལ་ནི་རིམ་པ་བཞིན་དུ་གསལ་བའི་གཏམ་དང་ཟབ་པའི་གཏམ་ཞེས་ཀྱང་གྲགས་སོ། །དེ་ལ་མངོན་པར་མཐོ་བ་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །འདི་གཉིས་བསྒྲུབ་པའི་རྗེས་སུ་མཐུན་པའི་ཐབས་ཀྱང་མདོར་ན་གཉིས་ཏེ། ལས་དང་འབྲས་བུ་ལ་ཡིད་ཆེས་པའི་དད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་ཤེས་རབ་བོ། །འདི་གཉིས་ལ་ཡང་སྲིད་པའི་རྩ་བ་གཅོད་པར་ནུས་པའི་ཕྱིར་ཤེས་རབ་ནི་གཙོ་བོ་དང་། དད་པ་ནི་ཕལ་བའོ། །འོན་ཀྱང་དད་པ་སྔོན་དུ་འགྲོ་བ་ཅན་གྱི་ཤེས་རབ་སྐྱེད་པར་བྱེད་ཀྱི། དད་པ་ནི་སྲིད་པའི་འབྲས་བུ་ཅན་ནོ། །ཤེས་རབ་ནི་ཐར་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་སྙམ་དུ་བསམས་ནས་དད་པ་ལ་རྩིས་མེད་པར་བྱས་ཏེ། ཤེས་རབ་ནས་འཇུག་པར་བྱའོ་ཞེས་པ་སྐྱེ་བོ་བླུན་པོ་དགེ་བའི་བཤེས་གཉེན་གྱི་དམིགས་བུ་དང་བྲལ་བ། མང་དུ་ཐོས་པའི་དོན་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ནོར་གྱིས་དབུལ་བ། འགྲོན་པོ་ཕྱོགས་བསླད་པ་ལྟར་ལམ་དང་ལམ་མ་ཡིན་པ་རྣམ་པར་འབྱེད་པའི་བློ་ཡི་ནུས་པ་དང་བྲལ་བ་རྣམས་ཀྱི་འཇུག་ངོགས་སུ་ནི་ནམ་ཡང་འགྲོ་བར་མི་བྱའོ། །འདི་ལ་གཏན་ཚིགས་བསྟན་པ། སྲིད་པ་དུ་མར་གོམས་པ་ལས། །རྙེད་པར་འགྱུར་བའི་ཐར་པ་ནི། །བདེ་འགྲོ་ལས་ཡིན་དེ་ཡང་ནི། །ཡང་དག་ལྟ་བར་དྲངས་པ་ཡི། །ལུས་ངག་ཡིད་ཀྱི་རྩོམ་པ་རྣམས། །ཁ་ན་མ་ཐོ་དང་བྲལ་བའི། །ལེགས་པར་སྤྱད་པའི་ལས་རྣམས་ལ། །རྟག་ཏུ་འཇུག་ལས་འཐོབ་ཕྱིར་དང་། །སྲིད་པར་འགྲོ་བའི་རིམ་པ་རྣམས། །ཇི་བཞིན་རྟོགས་པར་གྱུར་པ་ཡིས། །ཇི་སྲིད་ཡིད་སྐྱོ་མ་གྱུར་པ། །དེ་སྲིད་ཞི་གུས་ག་ལ་ཡོད་། །འདི་ནི་རྒྱུ་མཚན་གཙོ་བོ་སྟེ། །མཁས་པས་འདི་ལ་དཔགས་ནས་ནི། །རིམ་པ་འདི་ལས་མི་འདའ་བའི། །རྒྱུ་མཚན་གཞན་ཡང་ཤེས་པར་བྱ། །ཞེས་པ་འདི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །

                                                             རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།