རྗེ་བཙུན་མ་ཤེས་རབ་གསལ་བྱེད་མའི་བསྟོད་པ

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-13 21:53:51     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

       58486486441630189.jpg

        ཨོཾ་བདེ་ལེགས་སུ་གྱུར་ཅིག ལྷག་བསམ་རྣམ་དག་བྱ་ལམ་ཡངས་པའི་གཞིར། །སྡེབ་ལེགས་ཚིག་གི་རྒྱུ་སྐར་འཕྲེང་བཀོད་ནས། །འོད་དཀར་ཅན་ཁྱོད་བདག་གིས་མཛེས་པར་བྱ། །བདག་བློའི་ཀུ་མུད་ཁྱོད་ཀྱིས་རྒྱས་པར་མཛོད། །དྲི་མེད་འོད་སྟོང་ལྡན་བཞིན་གསལ་བའི་ཐུགས། །སྐྱོན་བྲལ་ཚངས་པའི་དབྱངས་ལྟར་སྙན་པའི་གསུང་། །ལྷུན་སྡུག་གངས་རིའི་རྩེ་འདྲའི་སྐུ་མངའ་བ། །ལྷག་པའི་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །མ་རིག་མཚན་མོའི་གྲོགས་ཀྱིས་འགྲོ་རྣམས་ཀྱི། །བློ་གྲོས་པད་ཚལ་ཟུམ་པར་བྱས་པའི་ཚེ། །མི་ཤེས་ཟླ་འོད་བསྐྱེད་ཕྱིར་ཁྱོད་ཀྱི་སྐུ། །སྔོན་མེད་འོད་སྟོང་ལྡན་འདི་བསྟན་ནམ་སྙམ། །འབུམ་ཕྲག་གློག་འཕྲེང་འཁྱུག་འདྲའི་སྤྱན་རྩ་དམར། །གངས་རི་ཚར་དུ་དངར་ལྟའི་མཆེ་བ་གཙིགས། །གནམ་ལྕགས་འབར་བ་ལྟ་བུའི་འོད་འཕྲོ་བ། །དཔའ་མོ་ཁྱོད་ཀྱིས་སྲིད་གསུམ་གཡོ་བར་མཛད། །རྣམ་པ་དུ་མར་སྣང་བའི་ཀུན་རྫོབ་དང་། །རང་བཞིན་ཅི་ཡང་མི་དམིགས་དོན་དམ་སྟེ། །ཆོས་ཀུན་བདེན་པ་གཉིས་སུ་འདོམས་པའི་ཕྱིར། །མཛེས་པའི་སྤྱན་གཉིས་ལྡན་ལ་ཕྱག་འཚལ་ལོ། །བདག་ལྟའི་རྩིག་པ་སྟུག་པོས་ཀུན་ནས་བསྐོར། །མ་རིག་ཐིབས་པོས་བར་མཚམས་མེད་པར་དཀྲིགས། །འཁོར་བའི་ཁང་བཟང་བྱིས་པ་འབྲིང་བའི་གནས། །ཀུན་ནས་འཇིག་ཕྱིར་གཡས་ན་རྡོ་རྗེ་བསྣམས། །སྲིད་པའི་བཙོན་རར་འགྲོ་འདི་ཐར་མེད་པའི། །མངོན་ཞེན་ལྕགས་སྒྲོག་དམ་པོས་འཆིང་བྱེད་པ། །ཉོན་མོངས་བདུད་ཀྱི་མགོ་བོ་སྔོན་མེད་པའི། །ཡེ་ཤེས་མཚོན་གྱིས་བཅད་ནས་གཡོན་ན་འཛིན། །རྒལ་དཀའ་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །བདེ་ཆེན་ཐར་པའི་ཐང་ལ་བགྲོད་པའི་ཐབས། །ཐབས་ཤེས་རང་བཞིན་བརྐྱང་བསྐུམ་ཞབས་གཉིས་ཀྱིས། །པད་ཉིའི་སྟེང་དུ་གདུག་པའི་རོ་ལ་བརྫིས། །ཉེས་བྲལ་ཁྱོད་སྐུ་ཀུན་ནས་མཛེས་པ་ནི། །ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་རྒྱས་སམ། །ཉི་ཤར་འོད་ཀྱིས་མཛེས་པའི་གངས་རི་བཞིན། །རིན་ཆེན་དུ་མའི་འོད་ཀྱིས་ལྷམ་མེ་བ། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས་པ་ཁྱོད། །མཁའ་ལ་ཆུ་འཛིན་ཕྲེང་བ་འཁྲིགས་པའམ། །རྣམ་པ་དུ་མར་བཀྲ་བའི་འཇའ་ཚོན་ལྟར། །མ་འདྲེས་གསལ་བར་སྣང་ཡང་ངོས་གཟུང་བྲལ། །དཔག་མེད་ཡོན་ཏན་དུ་མའི་དཔལ་གྱིས་མཐོ། །ལྟ་བས་མི་ངོམས་བརྗིད་པ་ཁྱོད་ཀྱི་སྐུ། །མཐོང་བར་གྱུར་ཚེ་ལྷུན་པོ་ངོ་ཚ་ནས། །གཏིང་ཡངས་རྒྱ་མཚོའི་ནང་དུ་ཞུགས་པ་འདྲ། །འགྲོ་བའི་ཉེས་ཚོགས་ལྗན་ལྗིན་འཁྲུད་པའི་ཆུ། །ཡན་ལག་དྲུག་ཅུའི་དཔལ་མངའ་ཁྱོད་ཀྱི་གསུང་། །འདི་ཐོས་གྱུར་ཚེ་གངྒ་ཡིད་ཞུམ་ནས། །ངལ་བ་མེད་པར་རྒྱ་མཚོར་སྙེགས་སམ་སྙམ། །ཇི་སྙེད་ཤེས་བྱའི་གནས་རྣམས་མ་ལུས་པ། །ཇི་བཞིན་མ་འདྲེས་གསལ་བ་ཁྱོད་ཐུགས་ལ། །ཇི་ཙམ་འབད་ཀྱང་འགྲན་པར་མ་བཟོད་ནས། །རྟ་ལྗང་ཅན་དེ་ཕྱོགས་རྣམས་ཀུན་ཏུ་བྲོས། །བདག་གི་ལྷག་པའི་ལྷ་མོ་རྗེ་བཙུན་མ། །ཁྱོད་ཀྱི་ཡོན་ཏན་མ་ལུས་སུས་བརྗོད་ནུས། །དེ་ལྟ་ན་ཡང་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བླངས་ཏེ་ཁྱོད་ལ་བསྟོད། །དེ་ལྟར་ལྷག་པའི་ལྷ་མོ་ཁྱོད་བསྟོད་པས། །དོན་མཐོང་བློ་གྲོས་མིག་དང་བྲལ་བའི་མཐུས། །སྲིད་པའི་བཙོན་རར་ལྷུང་བའི་མགོན་མེད་བདག །ཐར་པའི་གྲོང་ཁྱེར་མཆོག་ཏུ་བཀྲི་བར་མཛོད། །ལྟ་ངན་དབང་གིས་ཡང་དག་ལམ་སྟོར་བས། །འཁོར་བའི་གཅོང་རོང་གཏིང་ཟབ་དག་ཏུ་ལྷུང་། །ཐར་དཀའི་གནས་འདིར་འཁོད་པའི་ལུས་ཅན་རྣམས། །སྟོབས་ལྡན་ཁྱོད་ཀྱིས་བརྩེ་བས་བསྒྲལ་དུ་གསོལ། །ལས་ཉོན་མི་མཐུན་རླུང་གིས་དྲག་ཏུ་བདས། །སྡུག་བསྔལ་རྩ་བ་སྐྱེ་བའི་ཆུ་སྲིན་ཁར། །རང་དབང་མེད་པར་འཕེན་པའི་མ་རིག་པ། །བརྩེ་ལྡན་ཁྱོད་ཀྱིས་རྩད་ནས་བཅད་དུ་གསོལ། །དམིགས་མེད་ཐུགས་རྗེའི་ཆུ་གཏེར་ཆེན་པོས་བརླན། །འགྲོ་བའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །བློ་ཡི་རྒུད་པ་སེལ་བའི་ཡིད་བཞིན་ནོར། །ཀུན་ལ་བུ་སྡུག་ལྟར་དགོངས་མ་ཁྱོད་ཀྱིས། །དམ་པའི་འབྱོར་བ་ཤེས་རབ་ནོར་གྱིས་དབུལ། །མཁས་པའི་མདུན་སར་བགྲོད་པའི་བདེ་བས་ཕོངས། །མ་རིག་སྦུབས་སུ་ཚུད་པའི་ཉམ་ཐག་ལ། །རབ་འབྱམས་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །ཟུག་རྔུ་ཀུན་སེལ་སྔོན་མེད་སྨན་པ་ཁྱོད། །མ་རིག་ལིང་ཏོག་སྟུག་པོས་འགྲོ་རྣམས་ཀྱི། །བློ་གྲོས་མིག་བསྒྲིབས་ཡལ་བར་འདོར་གྱུར་ན། །ཁྱོད་ཐུགས་ཀུན་ལ་བརྩེ་བའང་མིང་དུ་ཟད། །འོན་ཏེ་གཞན་བློའི་རབ་རིབ་སེལ་བའི་ཐབས། །མི་ཤེས་ཤེས་ཀྱང་སེལ་བར་མ་ནུས་ན། །ད་ནི་ཁྱོད་ཀྱིས་མ་ལུས་མཁྱེན་བ་དང་། །འཕྲིན་ལས་ནུས་པའི་ཚུལ་དེའང་བདག་གིས་འཁུམས། །གང་ཚེ་བུ་སྡུག་ཉམ་ངའི་ལམ་འགྲོ་བ། །བརྩེ་བའི་མ་ཡིས་བཟློག་པར་མི་བྱེད་ན། །དེ་ཚེ་དེ་ལ་དེ་བས་བརྩེ་བའི་མགོན། །གཞན་པ་གང་གིས་དེ་ལ་སྐྱོབ་པ་བྱེད། །བློ་ལྡན་གང་གིས་ཁྱོད་སྐུ་དྲན་བྱེད་ཅིང་། །གདུང་བའི་ཤུགས་ཀྱི་ཚུལ་འདིས་བསྟོད་བྱེད་པ། །དེ་ཡི་མི་ཤེས་མུན་པ་སྐད་ཅིག་ལ། །ཁྱོད་ཀྱི་ཐུགས་རྗེའི་ཤུགས་ཀྱིས་མཐར་བྱེད་ཤོག།ཅེས་རྗེ་བཙུན་མ་ཤེས་རབ་གསལ་བྱེད་མའི་བསྟོད་པ་འདི་ནི།སྡེ་སྣོད་འཛིན་པ་ཉི་མ་སེང་གེས་བསྐུལ་བའི་དོན་དུ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །

                                                                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

 

བརྒྱུད་འགོད།