དབྱངས་ཅན་མ་ལ་བསྟོད་ཅིང་གསོལ་བ་གདབ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-13 14:00:37     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

       249382452485457692.jpg

       སྭསྟི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་མངའ་ཞིང་། །བྱེ་བ་བརྒྱ་སྟོང་སྤྱན་ལྡན་དཔའ་མོ་གང་། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུ་ལྡན་པ། །མི་ཕྱེད་འབར་བའི་རྟགས་ཅན་དེ་ལ་འདུད། །དུག་དང་མཚོན་དང་རྒྱལ་པོའི་གནོད་པ་སོགས། །འདི་ཕྱིའི་གནོད་པ་ཐམས་ཅད་རབ་བསལ་ནས། །ཕུན་ཚོགས་གོ་འཕང་ཐམས་ཅད་སྩོལ་མཛད་པ། །བཅོམ་ལྡན་འདས་མ་ཁྱོད་ལ་ཕྱག་འཚལ་ལོ། །འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ། །

                                                     དབྱངས་ཅན་མ་ལ་བསྟོད་པ་ཆུ་འཛིན་དཀར་པོ།
       ཨོཾ་བདེ་ལེགས་སུ་གྱུར་ཅིག ཆུ་འཛིན་དཀར་པོའི་གློག་འཕྲེང་དྲ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་འཇོལ་སྒེག་མཁན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །ཟབ་དབྱངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།

                                                       དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ།
 

        ཨོཾ་བདེ་ལེགས་སུ་གྱུར་ཅིག སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །མར་གད་ཞུ་བ་འཁྱིལ་འདྲའི་མཚོ་འགྲམ་དུ། །བསིལ་ཟེར་བྱེད་པའི་སྟེང་ན་ཀེ་ལ་ཤའི། །མདངས་ཀྱིས་རབ་མཛེས་ཙོག་པུའི་ཚུལ་གྱིས་འགྱིང་། །རྒྱུད་མང་སྔོན་པོའི་སྒྲ་ཡིས་རོལ་དེར་འདུད། །ཐོར་ཚུགས་མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །མཛེས་པར་བྱས་པའི་རྩེ་མོར་ཟླ་བས་སྤུད། །མཐོན་མཐིང་དབུ་སྐྲའི་ཟར་བུས་སྐུ་སྟོད་ཁེབས། །ཚངས་པའི་བུ་མོ་གཞན་ཡིད་འཕྲོག་མ་ཁྱོད། །ལྷ་ཡི་ལམ་ལ་རྒྱུ་སྐར་བདག་པོའམ། །པདྨོའི་མཚོ་ལ་ངང་མོ་རྩེན་པ་བཞིན། །རབ་ཡངས་རྙོག་བྲལ་སེམས་ཀྱི་དགའ་ཚལ་དེར། །རིང་དུ་གནས་ཏེ་སྤོབས་པ་མཆོག་སྩོལ་མཛོད། །ས་འཛིན་དཀར་པོའི་རྩེ་ལ་སྟོན་དུས་ཀྱི། །སྤྲིན་བྲལ་མཚན་མོའི་ཟླ་འོད་ལྷུང་བ་ལྟར། །གསལ་མཛེས་ཆེས་དཀར་ལྟ་བས་མི་ངོམས་པའི། །ཁྱོད་སྐུ་འོ་མའི་རྒྱ་མཚོ་མཐོང་བའི་ཚེ། །རྣམ་དག་ཚུལ་ཁྲིམས་སྤུ་སྡུག་གོས་ཀྱིས་ཀླུབས། །ལུང་དང་རིགས་པའི་འདབ་གཉིས་བསྐྱོད་པ་ཡིས། །རྒྱ་ཆེན་ཤེས་བྱའི་མཁའ་ལ་རྣམ་རོལ་བ། །བློ་གསལ་དང་བའི་ཡིད་དེ་དགའ་བས་ཕྲོགས། །རབ་བརྗིད་ཏི་སེའི་གངས་ཀྱིས་ལྷ་ཡི་ལམ། །རབ་མཛེས་ཐོར་ཅོག་བྱས་ནས་ཟུར་མིག་གིས། །རབ་སྙན་རྒྱུད་མང་སྒྲོག་ལ་ལྟ་བྱེད་ན། །རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། །མཉེན་ལྕུག་ཕྱག་གི་འདུ་བྱེད་བསྒྱུར་བ་དང་། །ཨུཏྤལ་སྤྱན་གྱི་ཟུར་མིག་གཡོ་བ་གཉིས། །རབ་མཛེས་པི་ཝང་ངོགས་སུ་བཀོད་བྱས་ནས། །གདངས་སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །འོད་འབར་གསེར་གྱི་རྣ་ཆས་སྙན་ཤལ་གཉིས། །འོད་སྟོང་ལྡན་པས་པདྨོའི་ཚལ་ལ་བཞིན། །རྣམ་དག་ཚེམས་ཀྱི་ཕྲེང་བས་ཞལ་གྱི་ངོགས། །རྣམ་བཀྲ་རྒྱུ་སྐར་ཕྲེང་བས་མཁའ་ལ་བཞིན། །དྲི་མེད་ཤེལ་གྱི་ས་འཛིན་ངོས་དག་ལ། །དབང་པོའི་གཞུ་ཡིས་ཀུན་ནས་བཀྲ་བ་བཞིན། །མཛེས་སྡུག་སྐུ་ཡི་ཆ་ཤས་མ་ལུས་པ། །ཡིད་འཛིན་རྒྱན་རྣམས་ཀུན་གྱིས་ལྷམ་མེར་གྱུར། །ཨིནྡྲ་རྙིལ་གྱི་མདོག་ལྟར་རབ་སྔོ་བའི། །རྐང་འཐུང་གོས་ཀྱི་ཕྲེང་བས་གངས་ཀྱི་རི། །ཀུན་ནས་མཛེས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །རྒྱུད་མང་སྔོན་པོས་གཡོན་གྱི་ཕྱོགས་ན་མཛེས། །དྲུག་ལྷག་བཅུ་ཡི་དབྱངས་ཀྱི་ཕྲེང་བ་ཅན། །སྙིང་གི་ཆུ་སྐྱེས་དབུས་ན་ཁྱོད་ཀྱི་སྐུ། །མཁའ་གོས་དཀར་གསལ་དཀྱིལ་ན་མདངས་མཛེས་པའི། །ཡིད་འོང་གློག་ཕྲན་གཞོན་ནུ་འགྱུ་བ་བཞིན། །གང་གསུང་དྲི་བྲལ་ཆ་ཡི་ཆ་ཤས་ཙམ། །གང་གི་རྣ་བའི་ལམ་དུ་ལྷུང་ཙམ་གྱིས། །གང་གི་སྒྲིབ་པའི་བློ་ཡི་མི་ཤེས་པ། །གང་གིས་གཅོད་མཛད་ཁྱོད་གསུང་ཚངས་པའི་དབྱངས། །ལྷ་ལ་ལྷ་ཡི་ཡོངས་འདུའི་ཤིང་བཞིན་དུ། །གང་ལ་གང་ཞིག་འདོད་པའི་འབྲས་སྟེར་ཞིང་། །སྲིད་ལ་སྲིད་པའི་བར་དུ་རབ་བརྩེ་བ། །ཀུན་ལ་ཀུན་ནས་སྒྲིབ་མེད་ཁྱོད་ཀྱི་ཐུགས། །ཉེས་ཟད་སྐུ་ནི་གངས་རི་ལྟ་བུར་དཀར། །ཡིད་འཕྲོག་གསུང་ནི་འབྲུག་གི་དབྱངས་ལྟར་བརྗིད། །སྤྲོས་བྲལ་ཐུགས་ནི་མཁའ་བཞིན་གཡོ་བ་མེད། །དགེ་ལེགས་གཏེར་ཆེན་ཁྱོད་ཀྱིས་བདག་སྐྱོངས་ཤིག །སྒྲ་ཚད་ཉི་ཟླའི་འོད་ཀྱི་གོས་བཟང་བགོས། །སྡེབ་སྦྱོར་བང་རིམ་བཞི་ཡི་སྐ་རགས་བཅིངས། །སྙན་དངགས་ནོར་བུའི་ཅོག་གི་ཐོད་ཀྱིས་མཛེས། །མངོན་བརྗོད་གཟི་ལྡན་རི་དབང་ལྷ་མོ་དེ། །མཁས་མཆོག་ཀླུ་དབང་སྟོང་གིས་ཡོངས་བཟུང་བས། །རྩོམ་འཆད་རྩོད་པའི་རླབས་འཕྲེང་བརྒྱ་གཡོ་བའི། །བདག་ཡིད་རོལ་མཚོའི་འཇིང་དེའི་དཔལ་བསྐྱེད་ནས། །དང་བའི་ཆུ་གཏེར་ཆེ་དེར་རིང་དུ་རོལ། །རབ་དང་ཤུགས་ལྡན་གདུང་བའི་ང་རོ་ཡིས། །བསྟོད་པའི་མོད་ལ་རེ་བ་རྫོགས་མཛད་མ། །སྒྲ་དབྱངས་ལྷ་མོ་ཚེ་རབས་ཐམས་ཅད་དུ། །བདག་གི་སྙིང་ལ་འབྲལ་བ་མེད་གྱུར་ཅིག །དེ་ལྟར་ཉམས་དང་འགྱུར་བའི་རོ་མཆོག་ལྡན། །ངོ་མཚར་རྒྱན་མང་མདངས་ཀྱིས་མཛེས་གྱུར་པའི། །བསྟོད་ཚིག་བདུད་རྩིའི་རྒྱུན་དེ་སྙན་དངགས་ཀྱི། །རིང་ནས་འདྲིས་པ་ཁོ་ནའི་དགའ་སྟོན་ཡིན། །ཚུལ་ལུགས་འདི་ནི་ཚུལ་ཁྲིམས་ནོར་གྱིས་འབྱོར། །ངང་ཚུལ་བཟང་པོའི་ངང་ཚད་དབོན་པོ་ཡིས། །ལྷག་བསམ་དག་པས་ལྷག་པར་བསྐུལ་བའི་ངོར། །སྙན་དངགས་གཞུང་བཞིན་སྙན་པའི་ངག་གིས་སྨྲས། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་བྱ་ཡུལ་དུ་ཆོས་བར་ལ་བྱོན་པའི་ཚེ་སྦྱར་བའོ། །

 

                                                                          རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
         གསལ་འདེབས།། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།