བཅོམ་ལྡན་འདས་རྣམ་རྒྱལ་མའི་བསྟོད་པ་གང་གསུང་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-13 13:34:06     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

    492671175177422760.jpg

          ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། གང་གི་གསུང་གིས་སྐལ་བཟང་འགྲོ་བའི་ཚོགས། །ལེགས་པར་དབུགས་འབྱིན་མཛད་པ་རྒྱལ་བའི་སྲས། །འཇམ་པའི་དབྱངས་ཞེས་བླ་མའི་ཞབས་ཀྱི་རྡུལ། །བསམ་པ་ཐག་པས་སྤྱི་བོར་བཟུང་བར་བགྱི། །མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། །དེ་སྟེང་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་ཅིང་། །གཟི་བྱིན་ཉི་མ་འབུམ་ལྟར་རབ་ཏུ་བརྗིད། །ཕྱག་གི་མཐིལ་ན་ཚེ་དཔག་མེད་བཞུགས་ཤིང་། །བདུད་དང་ཉོན་མོངས་དགྲ་ལས་ལེགས་རྒྱལ་བས། །འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་མ་ཞེས། །གང་གི་སྙན་པ་རབ་ཏུ་གསལ་བ་ཅན། །བཅོམ་ལྡན་འདས་མ་དེ་ལ་མགོས་ཕྱག་འཚལ། །དེ་ཡི་ཀུན་ཏུ་བཟང་པོའི་འཕྲིན་ལས་རྣམས། །དགོངས་པ་ཇི་བཞིན་སྐོང་བའི་ཕུན་ཚོགས་འཁོར། །རྗེ་བཙུན་ཐུགས་རྗེའི་གཏེར་དང་གསང་བའི་བདག །དཔལ་ལྡན་ཁྲོ་བོའི་དབང་པོ་བཞི་ལ་འདུད། །འཆི་བདག་སྟོབས་འཕྲོག་བདུད་རྩིའི་རྒྱུན་འབེབས་ཤིང་། །རྡོ་རྗེའི་ཚེ་ཡི་དཔལ་རབ་སྟེར་མཛད་པས། །རབ་མཆོག་ལྷ་ཡི་བུ་ནི་ཟུང་གཅིག་ལ། །རྒྱུན་དུ་དང་བས་བདག་ནི་ཕྱག་འཚལ་ལོ། །ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །ཁ་གཅིག་མེ་ཏོག་སྣ་ཚོགས་སྐོན་བུ་ཐོགས། །གཞན་དག་དྲི་ཞིམ་བདུག་པས་ཕྱོགས་ཀུན་འགེངས། །ལ་ལ་སྣང་གསལ་དྲི་དང་བདུད་རྩི་འཛིན། །དེ་འདྲའི་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །འཁོར་དང་བཅས་པའི་བརྩེ་ལྡན་བཅོམ་ལྡན་མས། །བདག་གི་བསོད་ནམས་སྤེལ་སླད་བཤམས་པ་དང་། །ཡིད་ཀྱིས་སྤྲུལ་པའི་རབ་འབྱམས་མཆོད་པའི་ཚོགས། །དགྱེས་ཤིང་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། །བདག་ཅག་ཚུ་རོལ་མཐོང་བའི་བྱིས་པ་སྟེ། །དེ་ཕྱིར་མ་རིག་དབང་དུ་གྱུར་པས་ན། །ཐུབ་པས་བཅས་པའི་མཚམས་རྣམས་བྲལ་བ་དང་། །དེ་བཞིན་ཉེས་སྤྱོད་གཞན་གང་བགྱིས་པ་དང་། །ལྷག་པར་རྗེ་བཙུན་མ་ཁྱོད་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་སྨད་པའི་ལས། །ཅུང་ཟད་བགྱིས་པ་དེ་དག་བདག་འཆགས་ཀྱིས། །བརྩེ་ལྡན་རྣམས་ཀྱིས་བཟོད་པ་དམ་པ་མཛོད། །འདི་ན་བྱིས་པ་ཆུང་ངུས་མི་རིགས་པ། །བྱེད་པར་མཐོང་མོད་དེ་ལ་མཛངས་པའི་མ། །མི་དགའ་མེད་ན་འགྲོ་བ་ཀུན་གྱི་ཡུམ། །ཁྱོད་ལ་མི་དགྱེས་མེད་པ་སྨོས་ཅི་འཚལ། །འོན་ཀྱང་རང་གི་ནོངས་པ་སྦྱོང་བའི་ཕྱིར། །ཁྱོད་ལ་བདག་གི་ཉེས་པ་གསོལ་བ་ན། །བརྩེ་བས་ནོངས་པ་བཤགས་པའི་ཞིང་མཛད་ནས། །ཉེས་སྤྱོད་མ་ལུས་བྱང་བར་མཛད་དུ་གསོལ། །བདག་ཕན་ཐབས་ལ་ལོག་པར་བསྒྲུབ་པ་ཡི། །བྱིས་པའི་ཉེས་སྤྱོད་དུ་མས་མི་སྐྱོ་བར། །འགྲོ་བ་མ་ལུས་སྒྲོལ་བའི་ཁུར་འཁྱེར་བའི། །ཁྱོད་ཀྱི་རླབས་ཆེན་སྤྱོད་ལ་ཡི་རང་ངོ་། །མཐོ་རིས་ཐར་པའི་ལམ་ནི་ལྟ་བའི་མིག །རྒྱལ་བའི་ཆོས་ཚུལ་རྣམ་པར་འཕེལ་བའི་ཕྱིར། །འགྲོ་བ་ཀུན་ལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་མ་ལུས་བསྐོར་དུ་གསོལ། །ཁྱོད་མི་བཞུགས་ན་འཇིག་རྟེན་གསུམ་པོ་རྣམས། །དེ་མ་ཐག་ཏུ་མུན་ཁྲོད་ཆེན་པོར་ལྟུང་། །དེ་ཕྱིར་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་སུ་གསོལ། །བདག་ལ་ལེགས་པར་སྤྱད་པ་ཇི་སྙེད་ཅིག །མཆིས་པ་དེ་ཀུན་ཐུབ་པའི་བསྟན་པ་མཆོག །ཉམས་པ་མེད་པར་ཆེས་ཆེར་འཕེལ་བའི་རྒྱུར། །བསམ་པ་ཐག་པས་ཡོངས་སུ་བསྔོ་བར་བགྱི། །དེས་ནི་ཐོག་མཐའ་བར་དུ་དགེ། །ཐུན་མོངས་མ་ཡིན་ཡོངས་སུ་རྫོགས། །ཤཱཀྱའི་རྒྱལ་པོའི་སྐྱོན་བྲལ་ལུགས། །ཕྱོགས་རྣམས་ཀུན་ཏུ་རྒྱས་པའི་རྟེན། །བཤེས་གཉེན་དམ་པ་གང་ཡིན་ཀུན། །འཁོར་བ་སྲིད་དུ་ཞབས་བརྟན་ཞིང་། །དེ་ཡི་ལེགས་པར་བཤད་པ་ནི། །སྐྱེ་བོ་ཀུན་གྱིས་འཛིན་གྱུར་ཅིག །བསྟན་པ་གཞན་ལས་ཁྱད་ཞུགས་པའི། །ཐུབ་པའི་བསྟན་པའི་གནད་རྣམས་ཀུན། །ཇི་བཞིན་རྙེད་ནས་རྒྱལ་བ་རྣམས། །ཚུལ་བཞིན་བསྒྲུབ་པས་མཉེས་བྱེད་ཤོག །རང་གིས་ཁོང་དུ་ཆུད་པ་བཞིན། །མ་རྟོགས་རྣམས་ལ་བརྩེ་བ་ཡིས། །ལེགས་པར་འདོམས་པར་བྱེད་པ་ལ། །ནམ་ཡང་སྐྱོ་བར་མ་གྱུར་ཅིག །དམ་ཆོས་ཉག་གཅིག་འགྲོ་ཀུན་གྱི། །ཕན་བདེའི་གཏེར་དུ་ཡིད་ཆེས་ནས། །ལུས་དང་སྲོག་ལ་མི་ལྟ་བར། །རྒྱལ་བའི་དམ་ཆོས་འཛིན་པར་ཤོག །དེ་ཚེ་རྒྱལ་བ་རྒྱལ་སྲས་དང་། །རང་རྒྱལ་ཉན་ཐོས་རྣམས་དང་ནི། །དེ་བཞིན་མཐུ་ཆེན་ཀུན་གྱིས་ཀྱང་། །རྟག་ཏུ་གྲོགས་ནི་མཛད་གྱུར་ཅིག །དེ་ལྟར་རྒྱལ་དང་རྒྱལ་སྲས་དང་། །དེ་ཡི་འཕྲིན་ལས་ཀྱིས་བསྐྲུན་པས། །རྒྱལ་བའི་དམ་ཆོས་བཟུང་བའི་ཕྱིར། །ཚུལ་འདི་བློ་བཟང་གྲགས་པས་སྦྱར། །


                                                                                          རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
                       གསལ་འདེབས།། 
                             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                               དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།