རྗེ་བཙུན་གསང་བའི་བདག་པོ་ལ་བསྟོད་པ་བདུན་རྣམ་དག་སྨོན་ལམ་དང་བཅས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-13 11:04:33     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

        689270242310852544.jpg

         ན་མཿ་ཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཐུ་ཆེན་སྟོབས་ཀྱིས་བགེགས་དཔུང་མ་ལུས་འཇོམས། །གྲངས་མེད་སྤྲུལ་པས་རྒྱལ་བའི་མཛད་པ་བསྒྲུབ། །བདེ་གཤེགས་ཀུན་གྱི་གསང་བའི་མཛོད་འཛིན་པ། །གནོད་སྦྱིན་སྡེ་དཔོན་ཆེན་པོས་རིང་དུ་སྐྱོངས། །ཨིནྡྲ་ནཱི་ལའི་རི་བོ་བཞིན་དུ་འབར། །རིན་ཆེན་ལྷུན་པོ་ལྟ་བུར་རབ་ཏུ་བརྗིད། །འཇིག་དུས་མེ་ཡི་དཔུང་བཞིན་འོད་འཕྲོ་བ། །མཐུ་སྟོབས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ནུབ་རིའི་རྩེ་ལ་མཚམས་སྤྲིན་གཞོན་ནུ་བཞིན། །དམར་སེར་རལ་བའི་ཁུར་འཛིན་དྲག་ཏུ་ཁྲོས། །ཆར་སྤྲིན་སྟུག་པོའི་ཁྲོད་ན་གློག་ཕྲེང་བཞིན། །སྤྱན་གསུམ་བགྲད་པའི་ཁྲོ་གཉེར་ཅན་ལ་འདུད། །ཐུང་ཞིང་སྦོམ་ལ་རགས་ཤིང་གྲིམས་པའི་སྐུ། །འབྲུག་གི་སྒྲ་ལྟར་རབ་ཏུ་གསལ་བའི་གསུང་། །ནམ་མཁའི་དབྱིངས་བཞིན་དཔག་པར་དཀར་བའི་ཐུགས། །གདུལ་དཀའ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མ་རུངས་སྐྲག་མཛད་འཇིགས་པའི་མཆེ་བ་བཞི། །རྣམ་པར་གཙིགས་ནས་བགེགས་ཀྱི་སྲོག་ལ་རྔམ། །མི་སྡུག་སྨིན་མ་སྨ་ར་འབར་བ་ལས། །མེ་ཡི་ཚ་ཚ་འཕྲོ་ལ་ཕྱག་འཚལ་ལོ། །ཡིད་འཕྲོག་རིན་ཆེན་རྒྱན་གྱིས་རབ་ཏུ་སྒེག །གདུག་པའི་ཀླུ་ཡི་ཚོགས་ཀྱིས་ཡན་ལག་བརྒྱན། །རབ་ཏུ་འབར་བའི་རྩེ་མོ་ཅན་དབུས་ན། །འཇིགས་རུང་ཉམས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །ནམ་མཁའ་འགེངས་པའི་བཞད་པའི་ང་རོ་དང་། །ས་གསུམ་གཡོ་བའི་ཞབས་ཀྱི་གར་སྟབས་ཀྱིས། །བདུད་དང་ལོག་འདྲེན་མཐའ་དག་ཚར་གཅོད་པའི། །གསང་བདག་འགྲོ་བའི་སྐྱབས་ལ་ཕྱག་འཚལ་ལོ། །རང་བཞིན་སྟོང་ཉིད་རྣམ་པ་མཆོད་པའི་རྫས། །དབང་པོའི་ཉེར་འཚོ་ཟག་མེད་བདེ་སྟེར་བ། །མུ་མེད་ཞིང་ན་ཇི་སྙེད་མཆིས་པ་རྣམས། །གུས་པའི་ཡིད་ཀྱིས་བདག་གིས་དབུལ་བར་བགྱི། །རབ་རྨོངས་ཆགས་དང་མི་བཟད་ཞེ་སྡང་གིས། །ཀུན་ནས་བསླང་བའི་ལུས་དང་ངག་ཡིད་ཀྱིས། །ཉེས་སྤྱོད་ཇི་སྙེད་བགྱིས་པ་དེ་དག་ཀུན། །འགྱོད་ཅིང་སྡོམས་པའི་སེམས་ཀྱིས་སོ་སོར་བཤགས། །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང་། །ལུས་ཅན་རྣམས་ཀྱི་ལེགས་པར་སྤྱད་པའི་ཚོགས། །མ་ལུས་པ་ལ་དབུལ་པོས་གཏེར་རྙེད་བཞིན། །བསམ་པ་ཐག་པས་བདག་ནི་ཡི་རང་ངོ་། །ཤིང་དབང་དྲུང་དུ་བདུད་རྩིའི་མཆོག་བརྙེས་ནས། །རིང་དུ་མ་ལོན་རྒྱལ་བ་དེ་དག་ལ། །འགྲོ་ལ་བདུད་རྩིའི་དགའ་སྟོན་སྩལ་པའི་ཕྱིར། །བླ་མེད་འཁོར་ལོ་བསྐོར་བར་བདག་བསྐུལ་ལོ། །ཞིང་ཁམས་གང་ན་འགྲོ་བའི་སྒྲོན་མེ་མཆོག །མྱ་ངན་འདའ་བར་བཞེད་པ་དེ་དག་ལ། །ལུས་ཅན་བསོད་ནམས་ཞིང་དུ་ཡུན་རིང་དུ། །སྲིད་མཐའ་ཇི་སྲིད་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བདག་གིས་ཐོག་མེད་སྲིད་པ་ནས། །ཅུང་ཟད་བསགས་པའི་དགེ་བའི་རྩ་བ་རྣམས། །བཟོད་དཀའི་སྡུག་བསྔལ་གྱིས་མནར་འགྲོ་བའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ་བ་བགྱི། །དེས་ནི་རྒྱ་ཆེ་ཡོངས་སུ་དག་གྱུར་པ། །ཐེག་པ་མཆོག་ལ་གཞོལ་བ་ཤ་སྟག་གིས། །ཡོངས་སུ་གང་བའི་ངོ་མཚར་ཞིང་མཆོག་ཏུ། །མྱུར་དུ་བདེ་གཤེགས་གོ་འཕང་ཐོབ་གྱུར་ཅིག །སྟོབས་བཅུའི་གོ་འཕང་མངོན་དུ་མ་བྱས་པའི། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་རྙེད་ནས། །ཐུབ་པའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་མཐར་ཕྱིན་ཤོག །རྒྱལ་བ་དགྱེས་པའི་ལམ་ལ་མཁས་གྱུར་པའི། །བཤེས་གཉེན་དམ་པས་བརྩེ་བ་རྗེས་འཛིན་ཞིང་། །ཚུལ་བཞིན་བསྟེན་ནས་ལུང་རྟོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་བཞིན་རབ་ཏུ་རྒྱས་པར་ཤོག །སྐྱོན་བྲལ་རིགས་མཐོ་ཡིད་འོང་གཟུགས་མཛེས་ཤིང་། །དབང་ཕྱུག་འབྱོར་བ་ཤེས་རབ་ནད་མེད་ཚེ། །མཐོ་རིས་ཡོན་ཏན་མཚུངས་མེད་ཐོབ་པ་དང་། །དེ་ཡང་ལམ་བཟང་གྲུབ་པའི་གྲོགས་སུ་ཤོག །གང་དང་ཕྲད་ན་གཏན་གྱི་བདེ་འཕྲོག་པའི། །བཤེས་གཉེན་ངན་དང་ལོག་པའི་ཆོས་ལུགས་དང་། །བདུད་ཀྱི་ཕོ་ཉ་སྡིག་པའི་གྲོགས་རྣམས་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག །སྲིད་པར་གྱུར་ཚེ་སྐྱེས་མ་ཐག་ཏུ་ནི། །ལམ་བཟང་སྒྲུབ་པའི་བསམ་པ་སྐྱེ་བ་དང་། །བསམ་དོན་བདེ་བླག་ཉིད་དུ་སྒྲུབ་པ་ལ། །གེགས་ཀྱི་མིང་ཡང་གཏན་ནས་མེད་པར་ཤོག །སྐྱེ་བ་འདིར་ཡང་ཇི་ལྟར་འདོད་པ་བཞིན། །ཡིད་ལ་བསམས་པ་ཆོས་བཞིན་འགྲུབ་པ་དང་། །མི་འདོད་དངོས་པོ་མཐའ་དག་ཞི་གྱུར་ནས། །ཉིན་མཚན་ཀུན་ཏུ་ཆོས་ཀྱིས་འདའ་བ་ཤོག །ཚེ་ཡི་འདུ་བྱེད་བཏང་བར་གྱུར་མ་ཐག །ཞིང་གི་མཆོག་གྱུར་བདེ་བ་ཅན་གྱི་ཞིང་། །གང་དེར་སྐྱེས་ནས་འདྲེན་པ་འོད་དཔག་མེད། །དེ་ཡི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག །རབ་འབྱམས་ཞིང་གི་རྒྱལ་བ་བྱང་སེམས་དང་། །རང་རྒྱལ་ཉན་ཐོས་རྣམས་ཀྱི་བདེན་སྟོབས་དང་། །ནམ་ཡང་བསླུ་བ་མེད་པའི་རྟེན་འབྲེལ་མཐུས། །བདག་གི་སྨོན་ལམ་མྱུར་དུ་འགྲུབ་པར་ཤོག །ཅེས་རྗེ་བཙུན་གསང་བའི་བདག་པོ་ལ་བསྟོད་པ་བདུན་རྣམ་དག་སྨོན་ལམ་དང་བཅས་པ་འདི་ནི། ཉེ་གནས་ནམ་མཁའ་རྡོ་རྗེས་ནན་ཆེར་བསྐུལ་བའི་དོན་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྟོང་རི་ཉི་ཤར་གྱི་དབེན་གནས་སུ་སྦྱར་བའོ། །

                                             རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།