རྗེ་བཙུན་གསང་བའི་བདག་པོ་ལ་ཅུང་ཟད་བསྟོད་པ་རྡོ་རྗེ་རྣམ་པར་འཇོམས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-13 10:52:47     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

       148065524409463464.jpg

         སྭསྟི། གང་གི་མཁྱེན་པ་ནམ་མཁའི་མཐར་སོན་པས། །དྲི་མེད་མཁྱེན་པའི་གཏེར་དུ་རབ་གྲགས་པ། །འཇམ་པའི་དབྱངས་དེའི་རྣམ་དཀར་འཕྲིན་ལས་ཀྱིས། །ད་དུང་བྱང་ཆུབ་བར་དུ་སྐྱོང་གྱུར་ཅིག །ལུས་ཅན་ཀུན་གྱི་བླ་མེད་བསོད་ནམས་ཞིང་། །ཕོངས་པའི་རེ་བ་ཡིད་བཞིན་སྐོང་བའི་གཏེར། །ཐར་འདོད་རྣམས་ཀྱི་གཙུག་གི་རྒྱན་གྱི་མཆོག །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་བའི་ཕུན་ཚོགས་ཀུན་ནས་ཉམས་བྱེད་པའི། །ནག་པོའི་རྩ་ལག་སྡེ་དང་བཅས་པའི་དཔུང་། །མ་ལུས་རྩད་ནས་གཞོམ་ཕྱིར་རྒྱལ་བ་ཡིས། །གང་སྐུ་རྡོ་རྗེའི་ལུས་སུ་བྱིན་བརླབས་པ། །དེ་ནི་གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་ཏེ། །དཔལ་ལྡན་རྣམ་པར་འཇོམས་པ་ཞེས་སུའང་གྲགས། །འབར་བའི་རྡོ་རྗེ་ཕྱག་ན་བསྣམས་པ་ཡིས། །བགེགས་དཔུང་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །སྐལ་བཟང་རྒྱལ་བ་སྟོང་གི་བསྟན་པའི་ཁུར། །གང་ལ་གཏད་ནས་སྲུང་བར་ཞལ་བཞེས་ཤིང་། །རིག་སྔགས་འཆང་བ་ཀུན་གྱི་རྗེར་གྱུར་པ། །རྡོ་རྗེ་གཏུམ་པོ་ཅུང་ཟད་བདག་ལ་གསོན། །ཉིད་ཀྱི་ཁུར་དུ་བསྣམས་པའི་བསྟན་པ་དེ། །རིང་དུ་གནས་པ་བཤད་དང་སྒྲུབ་པ་ཡིས། །ཇི་བཞིན་འཛིན་པ་ཉིད་ལ་རག་ལས་ན། །འདི་ན་དེ་ལྟར་རྗེས་སུ་སློབ་པ་ལ། །ནག་ཕྱོགས་འབྱུང་པོས་ལྷག་པར་འཚེ་བར་བྱེད། །ཚུལ་འདི་ཡལ་བར་དོར་ན་ཕན་བདེའི་གཏེར། །བསྟན་པ་རིན་ཆེན་ཕྱོགས་རྣམས་ཐམས་ཅད་དུ། །སྲུང་བར་མཛད་པའང་ཚིག་ཙམ་སྙིང་པོར་ཟད། །དེ་སླད་མཐུ་སྟོབས་བདག་པོས་བརྩེར་དགོངས་ལ། །བདག་ཅག་རྣམས་ཀྱི་ཡིད་ལ་རེ་བའི་དོན། །མངོན་པར་གསོལ་བ་འདི་རྣམས་བདེ་བླག་ཏུ། །མྱུར་དུ་འབྲས་བུ་མཆིས་པར་མཛད་དུ་གསོལ། །མ་རུངས་བདུད་སྡེ་འཇོམས་ལ་ཐོགས་མེད་ཅིང་། །ཕས་ཀྱི་རྒོལ་བས་ཕམ་པར་མི་ནུས་ལ། །འདོད་དོན་མ་གྲུབ་སྒྲུབ་ཅིང་གྲུབ་པ་རྣམས། །ཆུད་མི་ཟ་བར་བྱེད་པའི་རིག་སྔགས་མཆོག །ཚུལ་བཞིན་ཟློས་པས་སྡིག་དང་སྡུག་བསྔལ་སེལ། །ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ལ་སོགས། །མདོར་ན་འདོད་པ་ཐམས་ཅད་སྦྱིན་ནོ་ཞེས། །བཅོམ་ལྡན་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་པ། །དེ་ལ་ཡིད་ཆེས་རེ་བ་ཆེར་བཅས་ཏེ། །ཁྱོད་སྐུ་དྲན་ནས་གཟུངས་སྔགས་ཟློས་པ་ལ། །སྐལ་ངན་སྐྱེ་བོའི་འཕྱས་ཀྱི་གནས་མེད་པར། །ཕན་ཡོན་མངོན་དུ་འགྱུར་བར་མཛད་དུ་གསོལ། །མ་ནི་ཉམ་ཐག་བུ་ལ་ལྷག་པར་བརྩེ། །དེ་བཞིན་ཁྱོད་ཀྱི་ཐུགས་རྗེ་དམན་ལ་འཇུག །བདུད་དཔུང་ཟིལ་གྱིས་གནོན་པའི་ཚུལ་ལ་མཁས། །མི་མཐུན་འཇོམས་པའི་སྟོབས་ཀྱི་ཕུལ་དུ་བྱུང་། །དེ་སླད་ཁྱོད་ལ་སྐྱབས་སུ་བསྟེན་པ་བདག །ཉམ་ཐག་ང་རོས་འབོད་པ་འདི་གསོན་ལ། །ཐབས་མཁས་སྤྲུལ་པས་ཇི་ལྟར་རིགས་པ་ཡིས། །ཕྱི་ནང་ཉེར་འཚེ་ཐམས་ཅད་བཟློག་ཏུ་གསོལ། །གང་གང་མི་བསྲུན་འབྱུང་པོས་གཙེས་གྱུར་པ། །དེ་དང་དེ་ཡི་སྐྱབས་ནི་ང་ཡིན་ཞེས། །གསུང་དེ་ཐོས་ནས་མགོན་དུ་ཁྱོད་བསྟེན་ན། །བདེན་པ་གསུང་བ་ཁྱོད་ཀྱིས་ཇི་ལྟར་དགོངས། །ཁྱོད་ཀྱི་ཕྱག་བརྙན་ཐ་མ་ཞིག་གིས་ཀྱང་། །མང་པོའི་བགེགས་ཚོགས་རྡུལ་དུ་བརླག་མཛད་ན། །མཐུ་ཆེན་ཁྱོད་ལ་རྟག་ཏུ་བསྟེན་པ་བདག །ཉམ་ཐག་གྱུར་པ་འདི་ནི་ཀྱེ་མ་མཚར། །ཁྱོད་ནི་མཐུ་སྟོབས་བདག་པོར་རྒྱལ་བས་བསྔགས། །ཚུལ་དེ་རིག་ནས་རེ་བར་འཆའ་བ་འདིའི། །རྨད་བྱུང་དད་པའི་མྱུ་གུ་སྤེལ་སླད་དུ། །ཉིད་ཀྱི་མཐུ་རྩལ་མངོན་སུམ་བསྟན་དུ་གསོལ། །མཚམས་སྤྲིན་གཞོན་ནུས་ཡོངས་སུ་བསྐོར་བ་ཡི། །རིན་ཆེན་མར་གད་རི་བོ་ཇི་བཞིན་དུ། །ཡེ་ཤེས་མེ་ཆེན་འབར་བའི་ཀློང་དཀྱིལ་ན། །ཁྲོ་འཛུམ་ཉམས་ཀྱིས་བརྗིད་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་ཆོས་སྐུའི་ངང་ལས་མ་གཡོས་པར། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་སྤྲོས་པ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །དཔག་ཡས་རྡོ་རྗེའི་རིགས་ལ་ཕྱག་འཚལ་ལོ། །དེ་ལྟར་འཁོར་དང་བཅས་པའི་བཅོམ་ལྡན་གྱིས། །བགེགས་ཚོགས་རྣམས་ཀྱི་ཉེར་འཚེ་དེ་ཡི་རྒྱུ། །ལས་ཀྱི་སྒྲིབ་པ་བག་ཆགས་བཅས་པ་ཀུན། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །ཚེ་དང་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སོགས། །དཀར་ཕྱོགས་ཡར་ངོའི་ཟླ་བཞིན་རྒྱས་པ་དང་། །སྙིང་རྗེས་དབང་དུ་བྱས་ནས་ཕན་སྐྱེད་པ། །དེ་དག་དགུག་པའི་ལས་ཀྱིས་བསྡུ་བར་མཛོད། །རེ་ཞིག་ངེས་པའི་ལས་ཀྱིས་མི་འདུལ་བའི། །མ་རུངས་སྐྱེ་བོ་དེ་ཡང་བསད་བསྐྲད་དང་། །རྨོངས་རེངས་གནོན་པ་ལ་སོགས་ཐབས་མཁས་ཀྱི། །དྲག་པོའི་འཕྲིན་ལས་རྣམས་ཀྱིས་གཞོམ་པར་མཛོད། །མདོར་ན་གསང་བའི་བདག་པོ་མགོན་ཁྱོད་ཀྱིས། །རྗེས་སུ་བཟུང་ནས་བསྟན་པ་སྤེལ་བ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པ་དང་། །བསྒྲུབ་པའི་བྱ་བ་ཕ་མཐར་ཕྱིན་པར་ཤོག །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །རིག་སྔགས་འཆང་བའི་བསྟན་པ་རྒྱས་མཛད་པ། །བདག་གིས་ཅུང་ཟད་བསྟོད་པས་བསོད་ནམས་ནི། །གང་ཞིག་སྐྱེད་དེས་འགྲོ་བ་ཁྱོད་འདྲར་ཤོག །ཁྱོད་ཀྱི་གོ་འཕང་སྩོལ་བའི་ལམ་གྱི་གཙོ། །བློ་མཆོག་རྣམས་ལ་རྨད་བྱུང་དགའ་སྐྱེད་པ། །ཐུབ་པའི་ལེགས་བཤད་སྙིང་པོ་གསང་བའི་ལམ། །ཇི་བཞིན་རྟོགས་ནས་ཚུལ་བཞིན་སྒྲུབ་པར་ཤོག །ཅེས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་རྗེ་བཙུན་གསང་བའི་བདག་པོ་ལ་ཅུང་ཟད་བསྟོད་པ་འདི་ནི། སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པ་མང་པོས་གསོལ་བ་བཏབ་པའི་ངོར། ཐེག་པ་མཆོག་ལ་བརྟེན་པ་བློ་བཟང་གྲགས་པའི་དཔལ་གྱིས་བྱམས་པ་གླིང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག

                                                རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
          རྩོམ་འདིའི་པར་དབང་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།