ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོ་ལ་གསོལ་བ་འདེབས་པ།
ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔག་ཡས་བསྐལ་པར་ཤིན་ཏུ་བྱ་དཀའ་བའི། །རླབས་ཆེན་ཚོགས་གཉིས་རྒྱ་ཆེན་བསྐྲུན་པའི་མཐུས། །སྐྱེ་དགུའི་སྤྱི་གཙུག་རྒྱན་དུ་བྱོན་གྱུར་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྙན་པའི་གྲགས་པས་རྒྱ་མཚོའི་མཐའ་རུ་སོན། །དུལ་བའི་སྤྱོད་པས་བྱང་ཆུབ་འབའ་ཞིག་སྒྲུབ། །དཔལ་འབྱོར་བཟང་པོས་འགྲོ་བའི་རེ་བ་སྐོང་། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །ངེས་འབྱུང་ཐུགས་ཀྱིས་སྲིད་ལ་རྒྱབ་ཀྱིས་ཕྱོགས། །བསླབ་ལ་གུས་པས་ཀུན་སྤྱོད་ཡོངས་སུ་དག །ཉེས་ལྟུང་ཕྲ་མོ་ཙམ་ཡང་རིང་དུ་དོར། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་བདེ་གཞན་ལ་གཏོང་ལ་མ་ཞུམ་པའི། །བདག་གཞན་བརྗེ་བའི་ཐུགས་རྗེ་ཆེན་པོ་ཡིས། །བདག་ཉིད་གཅེས་འཛིན་རིང་དུ་སྤངས་པ་ཡི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྣམ་དག་དབང་ལས་བྱུང་བ་ཟབ་མོའི་ལམ། །རྣམ་མཁྱེན་མྱུར་དུ་བགྲོད་པའི་རིམ་པ་གཉིས། །རྣམ་པ་ཀུན་ཏུ་སྒྲུབ་ལ་མི་གཡེལ་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་ཀྱིས་གདུལ་བྱ་བུ་བཞིན་སྐྱོང་། །མཁྱེན་པའི་སྤྱན་གྱིས་ཤེས་བྱའི་གནས་རྣམས་གཟིགས། །བརྩོན་འགྲུས་མཆོག་གིས་ལེ་ལོའི་གོ་སྐབས་བཅོམ། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །མཐོང་བའི་མོད་ལ་དད་པའི་མཆི་མ་འཁྲུག །རིང་དུ་བསྟེན་ན་ལྷག་པར་དད་པ་འཕེལ། །ཇི་ཙམ་བརྟགས་ཀྱང་སྐྱོན་གྱིས་མི་གོས་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །དྲེགས་ལྡན་རྣམས་ཀྱིས་ཞབས་ལ་བཏུད་གྱུར་ཀྱང་། །དྲེགས་པའི་རློམ་པ་རྡུལ་ཙམ་མ་མཆིས་ཤིང་། །དྲེགས་པ་ཅན་ལ་ལྷག་པར་ཐུགས་བརྩེ་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །འགྲོ་བའི་སྐྱབས་ཁྱོད་མི་ཕམ་མདུན་སའམ། །མགོན་པོ་འོད་དཔག་མེད་པའི་ཞིང་མཆོག་སོགས། །དག་པའི་ཞིང་ཁམས་གང་དུ་གཤེགས་པ་དེར། །བདག་ཅག་རྣམས་ཀྱང་འཁོར་དུ་སྐྱེ་བར་ཤོག །མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་ཆོས་ཀྱི་རྗེ་རིན་པོ་ཆེ་གྲགས་པ་བྱང་ཆུབ་དཔལ་བཟང་པོ་ལ་གསོལ་བ་འདེབས་པའི་ཚུལ་འདི་ནི། བློ་དང་གཏོང་བ་དང་གུས་པ་དང་ལྡན་པ་དཔོན་ཡིག་རིན་ཆེན་རྒྱལ་པོས་རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གནས་དང་ཚུལ་མཚུངས་པ་པོ་ཏ་ལའི་གནས་མཆོག་ཏུ་སྦྱར་བའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn