རྗེ་ཙོང་ཁ་བའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-23 13:22:35     རྩོམ་པ་པོ།   ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

328167373094979768.jpg

འཇམ་དབྱངས་ངུར་སྨྲིག་ཟློས་གར་ཙོང་ཁ་བའི། །
ཕྲ་ཞིབ་རིགས་ལམ་རྡོ་རྗེ་ཟེགས་མའི་མཚོན། །
གངས་ཅན་ལོག་སྨྲའི་གཤེད་དུ་གདེངས་པའི་གཏམ། །
འཛམ་གླིང་བློ་ལྡན་སྐྱེ་བོའི་ངག་ན་མཛེས། །
རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར། །
སངས་རྒྱས་བྱང་སེམས་མང་བོའི་ལུང་བསྟན་བཞིན། །
དཔལ་ཆེན་ཀླུ་འབུམ་དགེ་དང་སྲས་སུ་འབྲེལ། །
ཙོང་ཁའི་ཡུལ་དུ་བལྟམས་པའི་རྣམ་ཐར་ཡིན། །
ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ནས། །
ཙནྡན་ལྗོན་པ་ལོ་འདབ་འབུམ་ཕྲག་ཅན། །
སེངྒེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས། །
སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན། །
དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་བས། །
དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ། །
དོན་གྲུབ་རིན་ཆེན་དྲུང་ནས་རབ་ཏུ་བྱུང་། །
རྒྱལ་བའི་བསྟན་ལ་ཞུགས་པའི་རྣམ་ཐར་ཡིན། །
བཅུ་བདུན་པ་ལ་དུས་གསུམ་གཟིགས་པ་ཡི། །
བླ་མའི་བཀའ་དང་རང་གི་དད་སྟོབས་ཀྱིས། །
དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར། །
ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན། །
རྒྱ་གར་པཎ་གྲུབ་ལྟ་བུའི་མཁས་མང་ལས། །
མདོ་སྔགས་ཐ་སྙད་གཙུག་ལག་ཀུན་ལ་སྦྱངས། །
རབ་འབྱམས་ཤེས་བྱ་ནམ་མཁའི་ཕ་མཐར་སོན། །
དང་བོར་ཐོས་པ་བཙལ་བའི་རྣམ་ཐར་ཡིན། །
གདུལ་བྱའི་ཁམས་དང་འཚམ་པར་འཇུག་པ་ཡི། །
རྒྱལ་བའི་བཀའ་ལས་ཡི་གེ་འབྲུ་གཅིག་ཀྱང་། །
ལུས་པ་མེད་པར་ཐར་བའི་ཐབས་སུ་དགོངས། །
བར་དུ་གདམས་པར་ཤར་བའི་རྣམ་ཐར་ཡིན། །
མཁའ་ཁྱབ་སྐྱེ་རྒུ་སྐྱོབ་པའི་བརྩེ་བ་དང་། །
ཟབ་རྒྱས་ལམ་གྱི་རིམ་པའི་དམིགས་རྣམ་ལ། །
མཉམ་རྗེས་ཉིན་མཚན་ཀུན་ཏུ་གཡེལ་བ་མེད། །
མས་དང་སྙིང་རྗེ་ཕྱིན་དྲུག་བསྡུ་བཞིའི་གཏེར། །
ཕུལ་བྱུང་མཁས་བཙུན་བཟང་བོའི་རྣམ་ཐར་ཡིན། །
དོན་དམ་དབུ་མ་ཆེན་པོའི་དེ་ཉིད་གཟིགས། །
ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་དང་འགྲོགས། །
འདོད་གདུང་མཐའ་གཉིས་སྐྱོན་བྲལ་པདྨའི་ལྗོན། །
ཟླ་མེད་ལྟ་སྒོམ་སྤྱོད་པའི་རྣམ་ཐར་ཡིན། །
གཞུང་ཆེན་བཅུ་ཕྲག་མང་བོ་བློ་ནས་འགྲེལ། །
ཕས་རྒོལ་གླང་སྨྱོན་ཀླད་པའི་བུམ་པ་འགེམས། །
ཕྲ་ཞིབ་གསུང་ངག་སྲིད་ཞིའི་ཁོངས་ན་བརྗིད། །
ངོ་མཚར་འཆད་རྩོད་རྩོམ་པའི་རྣམ་ཐར་ཡིན། །
རྫིང་ཕྱིའི་མི་ཕམ་རྟེན་དང་བརྟེན་པ་གསོས། །
གཉལ་གྱི་ལུང་རིང་སྔོན་མེད་ཆོས་འཁོར་བསྐོར། །
ཆོ་འཕྲུལ་སྨོན་ལམ་སྟག་རྩེའི་སྒྲུབ་མཆོད་སྤེལ། །
བསྔགས་འོས་མཛད་ཆེན་བཞི་ཡི་རྣམ་ཐར་ཡིན། །
སྣང་ཡང་སྟོང་བའི་རྟེན་འབྱུང་ཟབ་མོ་དང་། །
གཉུག་རླུང་ལྷ་སྐུར་ཤར་བའི་སྒྱུ་ལུས་ལ། །
ལེགས་བཤད་གློག་གི་སྒྲོན་མེ་ཆེར་སྦར་བ། །
གནད་ཀྱི་རྨོངས་མུན་སེལ་བའི་རྣམ་ཐར་ཡིན། །
ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ། །
རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས། །
རྗེས་འཇུག་དགོན་དང་སློབ་མས་ས་སྟེང་ཁྱབ།།
སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན། །
དེ་ལས་འོང་བའི་བསོད་ནམས་འོ་མའི་ཀླུང་། །
ཟླ་བ་བདུད་རྩིའི་མཛོད་ལ་འཁུ་འདྲ་བས། ། 
དབྱུག་གི་བློ་གྲོས་མ་འདི་ནད་མཚོན་དང་། །
མུ་གེའི་བསྐལ་པས་ཀུན་ནས་དབེན་གྱུར་ཅིག།།
དེ་ལྟར་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི། །
རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ། །
ཤིས་ངན་བཀྭང་རིན་ཟི་ཡི་ཏཱ་བླ་མ། །
གོན་ཧྥུ་ཆིན་གྱིས་རིང་ནས་བསྐུལ་བའི་ངོར། །
རྒྱལ་བ་གཉིས་པའི་བྱིན་གྱི་ཆ་ཤས་ཙམ། །
སྙིང་གི་ཟེའུ་འབྲུར་རོལ་པའི་མཐུ་ཉིད་ལས། །
མདོ་རྒྱུད་གཞུང་མང་སྨྲ་བའི་སྤོབས་པ་ཅན། །
ཤེས་རབ་རྒྱ་མཚོས་འཕྲལ་མར་བྲིས་ཏེ་སྤེལ། །

 རྩོམ་སྒྲིག་པ།  ནོར་བཟང་རྒྱ་མཚོ།

གསལ་འདེབས།།

 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།