རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་པོ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-14 19:28:10     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  


16675322714572450.jpg


          བླ་མ་འཇམ་དབྱངས་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འདིར་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ཞལ་ཐང་དང་པོར། གཙོ་བོ་རྗེ་རིན་པོ་ཆེ་ཆོས་འཁོར་གྱི་ཕྱག་རྒྱ་ཅན་སེང་ཁྲི་རྒྱབ་ཡོལ་རྒྱན་དྲུག་སྦྲག་པ་ཅན་གཡས་སུ་རྒྱལ་ཚབ་དང་འདུལ་འཛིན། གཡོན་དུ་མཁས་གྲུབ་རྗེ་ཚ་ཁོ་དབོན་པོ། དེའི་སྟེང་གི་གཡས་གཡོན་དུ་དག་པ་རྣམ་བརྒྱད། འོག་ཏུ་དགེ་འདུན་གྲུབ་པ་འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ་ཤེར་སེང་སོགས། མདུན་དུ་མཆོད་སྤྲིན་ལྷ་ཚངས་དབང་སོགས་དང༌།

   ༼ཀ༡༽ སྟེང་དུ་སྔོན་འཇིག་རྟེན་གྱི་ཁམས་འདིར༷་དང་བའི་འོད་ཅེས་བྱ་བར་གྱུར་དུས་རྒྱལ་བ་དབང་པོའི་ཏོག་གིས་རྒྱལ་སྲས་མཐའ་ཡས་པའི་དབུས་སུ་མ་དག་པའི་ཞིང་དུ་རྡོ་རྗེ་ཐེག་པའི་བསྟན་པ་དང་འབྲེལ་བའི་ལྟ་བ་སྤེལ་བ་ལ་བསྔགས་བརྗོད་མཛད་བྱིན་གྱིས་བརླབས་ནས་སྙིང་སྟོབས་ཆེན་པོར་མཚན་གསོལ་ཚུལ། ༼ཁ༢༽རྡོ་རྗེ་གདན་དུ་འཇམ་དབྱངས་ཀྱི་སྤྲུལ་པ་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཀྱིས་བྲམ་ཟེའི་ཁྱེའུ་པདྨའི་ངང་ཚུལ་ཁྲིད་དེ་སྟོན་པ་ལ་ཤེལ་ཕྲེང་ཕུལ་ཏེ་མ་འོངས་པའི་དུས་ཀྱི་གདུལ་བྱས་སྟོང་ཉིད་རྟོགས་པའི་རྟེན་འབྲེལ་བཞག།།༼ག༣༽ མཚོ་མ་དྲོས་པའི་དབུས་སུ་སྔར་གྱི་སངས་རྒྱས་རྣམས་ཀྱི་བཞུགས་གནས་ཡོད་པར་འདུལ་བ་ལུང་ལས་བཤད་པ་བཞིན་དེར་ཕེབས་ཏེ་ཆོས་གསུངས། ཀླུ་མ་དྲོས་པས་དུང་ཕུལ། དབྱར་བཞུགས་ཚོགས་དུང་མཛད། དེ་ནས་གངས་ཏི་སེར་བཞུགས་དུས་ཀྱང་ཚོགས་དུང་མཛད་དེ་དབང་ཕྱུག་ཆེན་པོ་སོགས་ལྷ་ཀླུ་དུ་མ་ལ་ཆོས་གསུངས། ༼ང༤༽དེ་ནས་བྱ་རྒོད་ཕུང་པོར་སྟོན་པས་རྗེ་འདི་དང་དགོན་གནས་ལུང་བསྟན་ནས་དེའི་ཚོགས་དུང་དུ་བསྐུར་བ་གངས་ཅན་ཆུས་གང་བའི་མཚམས་སུ་སྦས་པ། ཞལ་འབག་ཡང་དེ་དུས་མངོན། ༼ཅ༥༽སྤྲེལ་ལོར་ཡབ་ཀྱི་མནལ་ལམ་དུ་འཇམ་དཔལ་རྒྱབ་ན་ཀླེགས་བམ་ཅན་གྱི་རྣམ་པས་མཆོད་ཁང་དུ་ཕེབས་པ་རྨིས་པས་བུ་ཤེས་རབ་ཅན་ཡོང་ངམ་སྙམ་པ་དང༌། ལྕང་ལོ་ཅན་ནས་ཕྱག་རྡོར་གྱིས་རྡོ་རྗེ་འཕངས་པ་ཡུམ་ལ་ཐིམ་པས་བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ་སྙམ་པ་དང༌། ༼ཆ༦༽ཡུམ་གྱིས་མེ་ཏོག་གི་ཐང་དུ་ཤེལ་གྱི་ཁྱེའུ་དང་ནུབ་ཀྱི་མཁའ་འགྲོ་མས་ཁྲུས་བྱས་པ་དང༌། ཁྱིམ་མཚེས་གཞན་གྱིས་ཇོ་བོ་རིན་པོ་ཆེ་གདན་དྲངས་པ་དང༌། ཉི་ཟླ་སྐར་གསུམ་གཅིག་ཆར་ཤར་བ་ཉིན་པར་ཡང་མེ་ཏོག་གི་ཆར། ནམ་མཁའ་ནས་རོལ་མོ་དང་ས་གཡོ་བ་སོགས་དང༌། ༼ཇ༧༽ཆོས་རྗེ་དོན་གྲུབ་རིན་ཆེན་ལ་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས། དངོས་སུ་མཐོང་བ་དགོས་ཞེས་གསོལ་བ་བཏབ་པས་བཙོང་ཁ་ངོས་བསྟན་ནས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང༌། དེ་བར་དུ་བདེ་བར་གྱིས་གསུངས། རྗེ་འདི་འཁྲུངས་པར་མཁྱེན། ༼ཉ༨༽བྱ་ལོ་ཡུམ་གྱི་རྨི་ལམ་དུ་སྤྱན་རས་གཟིགས་བསུ་ཞེས་སྐྱེ་བོ་ཐམས་ཅད་ཀྱིས་རྔ་རོལ་མཆོད་རྫས་སྣ་ཚོགས་ཁྱེར་ནས་འགྲོ་བར་བལྟས་པས། ནམ་མཁར་གསེར་སྐུ་རི་བོ་ཙམ་འོད་ཟེར་ཉི་མ་ལྟར་འཕྲོ་བ། ཆོས་གྱི་སྒྲ་དབྱངས་དང་བཅས་པ་ལྷའི་བུ་བུ་མོའི་ཆ་ལུགས་ཕུན་ཚོགས་པ་དུ་མས་བསྐོར་བ་ཞིག་མར་མར་བབས་ཏེ་ལུས་ལ་ཐིམ་པས། རང་ལ་ཕྱག་བསྐོར་དང་མཆོད་པ་བཀྲ་ཤིས་བརྗོད་པ་སོགས་རྨིས། ༼ཏ༩༽བྱ་ལོའི་མཇུག་ཡུམ་གྱི་ཐུགས་ཀའི་ཤེལ་སྒོ་ཕྱེ་ཞིང་མཁའ་འགྲོས་ཁྲུས་གསོལ་པ་རྨིས་རྗེས་ཐོ་རངས་འཁྲུངས། ཆོས་རྗེ་དོན་རིན་པས་འཇམ་དབྱངས་རིལ་བུ་སོགས་ཀྱང་དེ་དུས་གནང༌། འཁྲུངས་ས་དེར་ཙནྡན་དཀར་པོའི་སྡོང་པོ་སྐྱེས་པའི་ལོ་མ་རྣམས་ལ་སྐུ་མི་འདྲ་བ་དུ་མ་བྱོན། ཨ་ར་པ་ཙ་ནའི་ཡི་གེ་སོགས་བྱོན་པ་དང༌། ༼ཐ༡༠༽དགུང་ལོ་གསུམ་པར་རོལ་པའི་རྡོ་རྗེས་དགེ་བསྙེན་མཛད། སངས་རྒྱས་གཉིས་པ་འོང་བར་ལུང་བསྟན་ཚུལ་རོལ་པའི་རྡོ་རྗེའི་ལམ་ཡིག་ལས་བཤད། ༼ད༡༡༽བདུན་པར་དོན་རིན་གྱི་ཞབས་བསྟེན། བརྒྱད་པར་དགེ་ཚུལ་དང་དབང་བསྐུར་ཚུལ་མནལ་ལམ་དུ་ཕྱག་རྡོར་དང་ཇོ་བོ་རྗེ་ཡང་ཡང་ཕེབས། ལྗགས་བསྙེན་སོགས་མཛད་ནས་དགུང་ལོ་བཅུ་དྲུག་པར་དབུས་སུ་ཕེབས་ལམ་ཆབ་མདོར་ཞག་བཞུགས་མཛད་ནས་གནས་བརྟན་བཅུ་དྲུག་དང་མགོན་ཁང་གི་སར་མགོན་པོ་ཞལ་གཟིགས་ནས་ལུང་བསྟན། ༼ན༡༢༽དགུང་ལོ་བཅུ་བདུན་པའི་དུས་འབྲི་ཁུང་དུ་ཕེབས་སྤྱན་སྔ་ཆོས་ཀྱི་རྒྱལ་པོར་རྡོ་རྗེ་འཕྲེང་བ་ན་རོ་ཆོས་དྲུག་ཕྱག་ཆེན་ལྔ་ལྡན་སོགས་ཟབ་ཁྲིད་མཐའ་ཡས་པ་གསན། ༼པ༡༣༽དེ་ནས་གུང་ཐང་དུ་སྤྱོད་འཇུག་ལྟར་རྒྱལ་སྲས་ཀྱི་ངང་ཚུལ་རིག་གནས་མཐའ་དག་སློབ་པ་མཚོན་པར་ཚལ་པའི་ལྷ་རྗེ་དཀོན་མཆོག་སྐྱབས་ལ་སྨན་དཔྱད་ཡན་ལག་བརྒྱད་པ་གསན་པས་ལྷག་མ་མེད་པར་ཐུགས་སུ་ཆུད་དེ་གསོ་རིག་མ་མཛད་ཀྱང་གསོ་རིག་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་ཚུལ་ཕྱིས་ཀྱི་སྨན་པ་ཐམས་ཅད་ཀྱིས་གསོལ་སྨན་འབུལ་དུས་ཞལ་བཀོད་ཞུ་བར་གྲགས། ༼ཕ༡༤༽སྙེ་ཐང་དུ་བཀྲས་སེང་གདན་ས་དགེ་སྐོང་ལ་ཆོས་གསན། ༼བ༡༥༽བདེ་བ་ཅན་དུ་བླ་མ་ཡོན་དབུ་གཉིས་ལ་ཕར་ཕྱིན་ཤིང་རྟའི་སྲོལ་བཞི་སོགས་གསན། འཇམ་རིན་ལ་བྱམས་ཆོས་ཀུན་གསན། ༼མ༡༦༽དངུལ་ཆུ་ཆོས་རྫོང་དུ་འཇམ་དབྱངས་བདུན་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་ཨ་ར་པ་ཙ་ན། དྲིལ་བུ་ལུས་དཀྱིལ་དབང༌། གུར་མགོན་རྗེས་གནང་དང་དབུ་པཎ་ཞྭ་གཏད་དེ་བུ་ལུགས་ཀྱི་བསྟན་པ་གཏད། ༼ཙ༡༧༽བཅུ་དགུའི་དུས་གསང་ཕུར་གྲྭ་སྐོར་སྙན་པ་མཆེད། ༼ཚ༡༨༽བདེ་བ་ཅན་དུ་གྲྭ་སྐོར་སྙན་པ་རྒྱས། ༼ཛ༡༩༽གཙང་དུ་མཁར་ཁ་ལ་བརྒྱུད་དེ་ཞྭ་ལུར་ལོ་ཆེན་རིན་རྣམ་ལ་བདེ་མཆོག་མཻ་ཏྲི་བཅུ་གསུམ་མ་གསན། ༼ཝ༢༠༽སྣར་ཐང་དུ་མ་ཏི་པཎ་ཆེན་དྲུང་དུ་ཆོས་མང་གསན། ༼ཞ༢༡༽ས་སྐྱར་ཕེབས་ནས་གྲྭ་སྐོར་མཛད་མཁས་ཀུན་དབུས་ཀྱི་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་ཆེ། ༼ཟ༢༢༽དེ་བཞིན་དུ་བཟང་ལྡན་དུ་ཕར་ཕྱིན་གྲྭ་སྐོར། ༼འ༢༣༽འགག་རོང་དུ་གྲྭ་སྐོར། ༼ཡ༢༤༽ངམ་རིང་དུ་གྲྭ་སྐོར། ༼ར༢༥༽ མར་ལམ་ཇོ་ནང་དུ་ཕྱོགས་ལས་པར་དུས་འཁོར་སྦྱོར་དྲུག་གི་ཁྲིད་སོགས་གསན། ༼ལ༢༦༽ སྤྱི་ལྷས་རིན་པོ་ཆེ་ལ་བཀའ་གདམས་ལམ་རིམ་དང༌། ཆོས་རྗེ་རྒྱན་བཟང་པས་གླེགས་བམ་གསན་གསུངས། ༼ཤ༢༧༽ཨེར་གྲྭ་སྐོར། ༼ས༢༨༽སྣར་ཐང་དུ་ལོ་ཆེན་དོན་བཟང་ལ་མཛོད་ཚད་མ་སོགས་གསན། ༼ཧ༢༩༽གནས་རྙིང་དུ་གྲྭ་སྐོར་དང༌། ཉ་དབོན་ཀུན་དགའ་དཔལ་ལ་ཕར་ཕྱིན་གསན་ཐུགས་ཚིམ། ༼ཨ༣༠༽རྩེ་ཆེན་དུ་རྗེ་བཙུན་རེད་མདའ་བ་ལ་མཛོད་མཛུབ་ཁྲིད་གསན། ཕན་ཚུན་ཐུགས་ལེགས་བཤད་ཀྱི་པདྨ་དཀར་པོས་འབྲེལ་བར་གྱུར། ༼ཀི༣༡༽ཉང་སྟོད་བསམ་གླིང་དུ་རྗེ་བཙུན་རེད་མདའ་བར་འཇུག་པ་རྩ་འགྲེལ་གསན། ༼ཁི༣༢༽པོ་ཏ་ལར་ལོ་ཆེན་བྱང་རྩེ་ཕེབས། ཆོས་རྫོང་དུ་ཆོས་འབྲེལ་གསན། ༼གི༣༣༽སྐྱོར་ལུང་དུ་མཁན་ཆེན་བློ་གསལ་ལ་རྒྱ་ཆེར་འགྲེལ་གསན། བཤད་སྲོལ་ལྷག་བཅས་རྟོགས། ཤོག་གུ་བཅུ་བདུན་རེ་རྒྱུན་དུ་བཟུང༌། ཚོགས་སུ་ཟབ་མོའི་ཏིང་ངེ་འཛིན་ལ་བཞུགས་པའི་མཉམ་བཞག་གི་ཏིང་ངེ་འཛིན་བརྟན་པོ་བྱུང༌། དེ་དུས་སྐུ་སྟོད་བསྙུང་བ། སྟོད་ལུང་དུ་ཨུ་རྒྱན་བསྙེན་སྒྲུབ་ལ་མཁས་པ་གཅིག་ལ་མན་ངག་གསན་ཀྱང་མ་ཕན། ༼ངི༣༤༽དཔོན་སློབ་འགའ་ཞིག་དང་བཅས་ངུར་སྨྲིག་གི་ཕུའི་ལ་ནས་གནས་རྙིང་ལ་བྱོན། གནས་རྙིང་པ་མང་པོ་དང་ཞབས་ཕྱི་བ་རྣམས་ཀྱིས་གསོལ་བ་བཏབ་བས་མངོན་པ་ཀུན་བཏུས་ཀྱི་ཆོས་འཁོར་ཐོག་མར་བསྐོར། ༼ཅི༣༥༽དཔྱིད་སྣར་ཐང་ལ་བརྒྱུད་ས་སྐྱར་བྱོན་རྗེ་བཙུན་རེད་མདའ་བར་ཀུན་བཏུས་གསན་ཅིང་རྣམ་འགྲེལ་ལ་གཙོ་བོར་སྦྱངས་ཤིང༌གསན། དེ་བཞིན་དུ་དབུ་མ་མཇུག་པ་དང་འདུལ་བ་ལུང་སོགས་ཀྱི་བཤད་པ་གསན། ༼ཆི༣༦༽བླ་མ་རྡོ་རིན་པའི་དྲུང་དུ་བརྟག་གཉིས་ས་ལུགས་ཀྱི་བཤད་པ་གསན། ས་སྐྱའི་བླ་བྲང་ཤར་བའི་སྔགས་ཀྱི་དགེ་བཤེས་གཅིག་ལ་མན་ངག་བླངས་ཏེ་བླ་བྲང་རིན་ཆེན་སྒང་གི་རྒྱབ་རིར་མ་ནིང་གི་ཧ་འདོན་པ་ལན་འགའ་མཛད་པས་སྐུ་སྟོད་ཀྱི་བསྙུང་དྭངས། ༼ཇི༣༧༽དེ་ནས་དཔོན་སློབ་རྣམས་ཀྱིས་ལ་སྟོད་བྱང་གི་ངམ་རིང་དུ་དཔྱིད་དང་དབྱར་བཞུགས་ཤིང་རེད་མདའ་བས་ཀུན་བཏུས་ཊཱིཀ་ཆེན་བརྩམས་ཤིང་རྣམ་འགྲེལ་ཡང་གསན། ༼ཉི༣༨༽སྟོན་དུས་འཁྲུངས་ཡུལ་ནས་འབུལ་བ་བསྐུར་བ་བཞེས། མལ་གྲོ་ལྷ་ལུང་དུ་བླ་མ་བསོད་གྲགས་ལ་སྔགས་ཀྱི་ཐུགས་སྦྱོང་གནང༌། མཚམས་བསྡམ་ནས་རྣམ་འགྲེལ་རིགས་མཛོད་ལ་གཟིགས། རྟོགས་པ་ཁྱད་པར་ཅན་བསྙེས་ཤིང་སྤྱན་ཆབ་དང་བ་སྤུ་ལྡང་བ་རྒྱུན་དུ་མཛད། ༼ཏི༣༩༽དགུན་བདེ་བ་ཅན་དུ་བཞུགས་ཏེ་པོ་ཏི་མང་པོ་གཟིགས་རྟོགས་མཛད་གཙང་ལ་བྱོན། ༼ཐི༤༠༽སྣར་ཐང་དུ་ཕེབས་ནས་ལོ་ཆེན་དོན་བཟང་བས་མཛད་པའི་ཚད་ཊཱིཀ་གསན། དབྱར་ཆོས་ལ་སྣར་ཐང་དུ་རྣམ་འགྲེལ། མངོན་པ་གོང་འོག །འདུལ་བ་མདོ་རྩ་བཞིའི་གྲྭ་སྐོར་མཛད་སྣར་ཐང་དུ་གཞུང་བསྒྱུར་བའི་ཐོག་མའང་དེ་དུས་བྱུང༌། ༼དི༤༡༽བོ་དོང་དུ་བླ་མ་རྗེ་བཙུན་ཕེབས་པར་དབུ་ཚད་དང་ཕར་ཕྱིན་འདུལ་བའི་བཤད་པ་རིགས་ཚོགས་ལུང་རྣམས་དང་ལོ་ཙྪ་བ་ནམ་བཟང་ལ་སྙན་ངག་དང་ས་རིས་སྒྲ་སོགས་གསན། འདི་ནས་དབྱངས་ཅན་མ་བསྒྲུབས། ༼ནི༤༢༽རྗེ་བཙུན་དང་ལྷན་དུ་ས་སྐྱར་ཕེབས་པོ་ཏི་བཅུ་སོགས་མཁྱེན་ཀྱང་རྣམ་འགྲེལ་མངོན་པ་གཉིས་མདོ་རྩ་བཞིའི་གྲྭ་སྐོར་མཛད། དམ་པ་ཐམས་ཅད་ཀྱི་ཐུགས་འཕྲོག །༼པི༤༣༽དེ་འཕྲལ་དབུས་ལ་བྱོན། སོས་གུང༷་ཐང་ལ་བཞུགས། ༼ཕི༤༤༽གསང་ཕུར་དབྱངས་ཅན་མའི་བསྙེན་པ་བྱེ་བ་ལྔ་སོང་སྐབས་དབྱངས་ཅན་མའི་ཞལ་གཟིགས། དཀའ་ཆེན་བཞིའི་གྲྭ་སྐོར་མཛད་མཁས་པ་ཐམས་ཅད་ཀྱི་ཐུགས་འཕྲོག་ཅིང་ལེགས་བཤད་ཀྱི་འོད་སྟོང་སྤྲོས། ༼བི༤༥༽རྩེས་ཐང་དུ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད། མཁས་མང་རི་དྭགས་ཀྱི་རྒྱ་མཚོའི་དབུས་སུ་ལེགས་བཤད་གདོང་ལྔའི་ང་རོས་མཁས་མང་རི་དྭགས་མ་ལུས་འཇིགས་པ་དང་ངོ་མཚར་རྨད་བྱུང་དུ་བཀོད། སྙན་པའི་བ་དན་ས་གསུམ་དུ་མི་ཤོང་བ་ཙམ་མཛད། ༼མི༤༦༽ཡར་ལུང་དུ་ཚོགས་པའི་མཁན་པོ་དཀའ་བཞི་པ་ཚུལ་རིན་དང་བྱི་རྫིང་མཁན་པོ་ཤེར་མགོན་གྱིས་ལས་སློབ་དང༌། བྱི་རྫིང་དབུ་མཛད་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་དེ་དགེ་འདུན་ཉི་ཤུའི་དབུས་སུ་བསྙེན་རྫོགས་མཛད་དེ་ལྷར་བཅས་འགྲོ་བའི་གཙུག་རྒྱན་དུ་གྱུར། ༼ཙི༤༧༽གདན་ས་ཐེལ་དུ་སྤྱན་སྔ་གྲགས་བྱང་དང་མཇལ་ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་བཀའ་མཆིད་མཛད་པས་སྤྱན་སྔ་རིན་པོ་ཆེ་ཐུགས་དད་དང་སྤྱན་ཆབ་ཆུ་མིག་ལྟར་གཡོས། སྤྱན་སྔ་རིན་པོ་ཆེ་ལ་ནཱ་རོ་ཆོས་དྲུག །ཕག་གྲུ་བའི་བཀའ་འབུམ། འཇིག་རྟེན་མགོན་པོའི་བཀའ་འབུམ་སོགས་དང༌། ལམ་འབྲས་གསན། ལོ་ཆེན་ནམ་བཟང་ལ་སྒྲ་རིས་ཕལ་ཆེར་གསན། ༼ཚི༤༨༽ལྷ་ཁང་ཀེ་རུར་ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་གསུངས། ༼ཛི༤༩༽སྐྱིད་ཤོད་དུ་ཕེབས། ཚལ་དུ་བཀའ་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ལ་གཟིགས་རྟོགས་མཛད། གསུང་རབ་མཐའ་དག་ལ་དཔྱོད་པའི་སྒོ་མཐའ་ཡས་ཐུགས་ལ་འཁྲུངས། མངོན་རྟོགས་རྒྱན་རྩ་འགྲེལ་གྱི་རྣམ་བཤད་རྒྱ་བོད་མཐའ་དག་གི་ལེགས་བཤད་ཀྱི་འབྱུང་གནས་ལེགས་བཤད་གསེར་གྱི་ཕྲེང་བ་བརྩམས། དེའི་ཚེ་ལྗོང་འདིར་འཛིན་བཟང་བར་གྲགས་པ་གླིང་མཚུངས་མེད་དང༌། མདོ་སྨད་པ་འཇམ་དཔལ་བཀྲ་ཤིས་དང༌། ཤཱཀྱ་གྲུབ་གསུམ་དང༌། རྗེ་འདིས་ཐུགས་འཛིན་མཛད་པས། ཚལ་དབུས་གླིང་གི་ཏོག་གི་རྩེ་ལ་ཉི་མ་ཤར་དུས་སྔོན་མ་གཟིགས་པའི་མདའ་ཚད་ཕྲེང་དགུ་མའི་ཤོག་ལྡེབས་བཞི་ཤིན་ཏུ་དག་པ་དང་བྱང་བར། གླིང་གིས་གསུམ་ཐོ་རེ་བ་དང༌། གཞན་གཉིས་གྱིས་རེ་རེ་ཟིན། ༼ཝི༥༠༽ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་མདུན་དུ་སྨྱུང་གནས་མང་པོ་དང་རྨི་ལམ་བརྟག ། ༼ཞི༥༡༽དགུན་ཆོས་ལ་བདེ་བ་ཅན་དུ་བྱོན། སྡེ་སྣོད་མང་དུ་གསུངས། ༼ཟི༥༢༽དཔྱིད་ཆོས་ལ་དབུས་སྟོད་བྱ་ཡུལ་དུ་ཕེབས། དགེ་བཤེས་བདུན་ཅུ་སོགས་ལ་ཕར་ཚད་འཇུག་གསུམ་ཀུན་བཏུས་བཞི་གསུངས། ༼འི༥༣༽སླར་ཡང་ཚལ་དུ་བྱོན། ལེགས་བཤད་གསེར་ཕྲེང་གི་འཕྲོ་ནས་མཛད། ༼ཡི༥༤༽བདེ་བ་ཅན་ལེགས་བཤད་གསེར་ཕྲེང་གི་མཇུག་རྫོགས་པར་མཛད། ༼རི༥༥༽སྐྱོར་ལུང་དུ་ཚལ་པ་མཁས་མཆོག་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ལ་དུས་འཁོར་གསུངས་པར་ཞུས་ཏེ། སྤྱན་དྲངས་ནས་དུས་འཁོར་འགྲེལ་ཆེན་གྱི་བཤད་པ་དང་རི་མོ་སོགས་ལ་ཞིབ་པར་སྦྱངས། དེར་སྡེ་སྣོད་འཛིན་པ་མང་པོ་ལ་གཞུང་ཆེ་ཆུང་མང་པོའི་བཤད་པའང་གསུངས། ༼ལི༥༦༽དེའི་ཕྱི་ལོ་དབྱར་ཆོས་བདེ་བ་ཅན་དུ་བློ་གསལ་རྒྱ་མཚོའི་ཚོགས་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་གནང༌། ༼ཤི༥༧༽དེ་ནས་དགུན་སྟོད་ལུང་མཚོ་སྨད་དུ་དུས་འཁོར་ལ་སྦྱངས་ཤིང༌། བཤེས་གཉེན་མང་པོ་ལ་སྡེ་སྣོད་ཡང་གསུངས། ༼སི༥༨༽ངང་དཀར་དུ་ཡང་དུས་འཁོར་ལ་སྦྱངས་ཤིང༌། བློ་གསལ་མང་པོ་ལ་སྡེ་སྣོད་ཀྱང་མང་དུ་གསུངས། ༼ཧི༥༩༽དེ་ནས་རྫིང་ཕྱི་གྲགས་རིན་པས་སྤྱན་དྲངས་སྲིན་པོ་རིར་ཕེབས། དེ་དུས་གོང་གར་སྒོམ་པ་ཆོས་རྒྱལ་གྱི་སོས། རིགས་ལྔ་ལྷ་ཁང་དུ་སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ལ་ཕར་ཚད་མངོན་པ་གོང་འོག་འདུལ་བ་མདོ་རྩ་འཇུག་པ་སོགས་གསུངས། ༼ཨི༦༠༽ཡར་ལུང་སྨོན་མཁར་དུ་སྡེ་སྣོད་མང་དུ་གསུངས། དབང་དང་རྗེས་གནང་དང་མན་ངག་ཀྱང་ཅི་རིགས་འདི་དུས་བཤད། དེ་ནས་མོན་མཁར་བཀྲ་ཤིས་གདོང་དུ་སྡེ་སྣོད་འཛིན་པ་བརྒྱ་སོགས་ལ་པོ་ཏི་བཅུ་བདུན་ཆོས་ཐོགས་གཅིག་ལ་བཤད། ༼ཀེ༦༡༽དེའི་དབྱར་ཡར་ལུང་ཨོ་ཀར་བྲག་ཏུ་བདེ་མཆོག་ལ་མཚམས་བསྡམས་བཟླས་བསྒོམ་དང་བདག་འཇུག་མཛད། ནི་གུ་ཆོས་དྲུག་དང་རླུང་སྦྱོར་བརྒྱ་རེ་ཐུན་རེ་ལ་མཛད་ཅིང་ཉམས་མྱོང་བཟང་པོ་འཁྲུངས། ༼ཁེ༦༢༽དེའི་སྟོན་སྐྱིད་ཤོད་པོ་ཏ་ལར་ཆོས་ཀྱི་བགྲོ་བ་མང་པོ་དང་གདུལ་བྱ་རྣམས་ལ་ལེགས་བཤད་གནང༌། ༼གེ༦༣༽དེའི་དགུན་སྐྱོར་ལུང་བྲག་ཏུ་སྡེ་སྣོད་འཛིན་པ་དུ་མ་ལ་དུས་འཁོར་དང་ཕར་ཚད་སོགས་མང་དུ་གསུངས། ༼ངེ༦༤༽དེའི་དཔྱིད་རྟའི་ལོ་ལ་རྒྱུད་སྡེ་ཆེན་པོ་རྣམས་གསན་པར་བཞེད་ནས་གཙང་དུ་ཕེབས། རོང་གི་སྣུབ་ཆོས་ལུང་དུ་ཚོགས་པའི་མཁན་པོ་གྲགས་པ་བཤེས་གཉེན་པ་ལ་བཀའ་ལུང་ཅི་རིགས་གསན། ༼ཅེ༦༥༽དེའི་ཚེ་རྗེ་འདི་པས་བླ་མ་དབུ་མ་པ་ལ་དབྱངས་ཅན་མའི་རྗེས་གནང་བྱིན། འཇམ་དབྱངས་ཀྱི་སྣང་བར་དཔྱད་དགོས་གསུངས་ནས། རྗེས་འཇམ་དབྱངས་ལ་དྲི་བ་དང་དབུ་མ་བས་ལོ་ཙྪ་བྱས་ནས་དྲི་གཏུགས་དང་དཔྱད་པ་མཛད་དེ་ཐུགས་ཡིད་ཆེ་ངེས་སྐྱེས། ༼ཆེ༦༦༽དེ་ནས་སྟག་ཚང་རྫོང་ཁར་བྱོན། ལོ་ཆེན་སྐྱབས་མཆོག་གིས་སྦྱིན་བདག་མཛད། ལོ་ཆེན་གྲགས་རྒྱན་དང༌། རྗེ་བཙུན་དང༌། ལོ་ཆེན་དོན་བཟང་དང༌། རྗེ་འདི་པ་བཞི་རྗེས་འབྲང་དང་བཅས་པས་ལེགས་བཤད་དང་བཀའ་མཆིད་ཀྱིས་དུས་འདའ་བར་མཛད་དེ། དེའི་ཚེ་གྲགས་རྒྱན་གྱིས་ཕར་ཕྱིན་དང༌། སྐྱབས་མཆོག་གིས་བརྟག་གཉིས། རྗེ་བཙུན་གྱིས་རྣམ་འགྲེལ་འགྲེལ་བཤད་རང་གིས་མཛད་པ་རྗེ་འདི་ལ་གསུངས། ༼ཇེ༦༧༽འབའུ་འབའ་གཉེར་དུ་རྗེ་བཙུན་རེད་མདའ་པར་རྗེ་འདིས་གསང་འདུས་རྩ་རྒྱུད་བཤད་པ་གསན། དེ་དུས་གོང་གསུམ་བདེ་ཆེན་པས་བུ་སྟོན་ལ་འགྲེལ་ཆེན་ཚར་བཅུ་བདུན་ཉན་པའི་ལུང་བསྟན་རྨིས་ཤིང་ཕྱི་ནས་མཐུན། ༼ཉེ༦༨༽དེ་ནས་རྗེ་འདི་རོང་ཆོས་ལུང་དུ་བྱོན། རྗེ་འདིས་དྲིས། བླ་མ་དབུ་མ་བས་ལོ་ཙྪ་མཛད་ནས་རྗེ་བཙུན་འཇམ་དབྱངས་ལ་འཇམ་དབྱངས་ཆོས་སྐོར་གསན། ཆོས་ཀྱི་དྲི་བ་མང་དུ་ཞུས། ༼ཏེ༦༩༽ཉང་སྟོད་དུ་འགྲེལ་ཆེན་བུ་ལ་ཚར་བཅུ་བདུན་གསན་པའི་རིན་པོ་ཆེ་བའི་དྲུང་དུ་མཇལ། ཕྱག་ཕྱིས་དར་སེར་པོ་ཞིག་ཕུལ། སང་ཉིན་ཇ་ཞལ་དང་གོས་ཡུག་ལྗང་ཕུལ། འགྲེལ་ཆེན་རྫོགས་པ་གཅིག་ཞུས་པས་རྒྱུད་འགྲེལ་གྱི་བཤད་པ་དང་ཕྱག་ལེན་མཛུབ་ཁྲིད་སྦྱོར་དྲུག་གི་ཉམས་ཁྲིད་རྫོགས་པར་གསན། ༼ཐེ༧༠༽དེ་ནས་ཉང་སྟོད་སྨད་ཀྱི་མཚམས་འཁྲིས་རྩ་ཁང་དུ་ཡོ་ག་པ་མགོན་བཟང་དང༌། རྗེ་འདི་ཉིད་ཀྱིས་གར་དང་དབྱངས་དང་ཐིག་མཁས་པར་མཛད། དེ་དུས་ནུབ་གཅིག་ཁྱུང་ལྷས་བས་རིན་པོ་ཆེའི་དབུ་རྒྱན་དང༌། རྡོར་དྲིལ་བཟུང་བའི་གར་གྱིས་རྗེ་ལ་བསྐོར་བ་མཛད་ནས། རྡོར་དྲིལ་དབུར་བཞག་ནས་ཀརྨཱ་བཛྲ་གསུངས་པ་རྨིས། ༼དེ༧༡༽དཔྱིད་མཇུག་ཉང་སྟོད་བདེ་ཆེན་དུ་རིན་པོ་ཆེ་ཆོས་དཔལ་ལ་རྡོ་རྗེ་ཕྲེང་བའི་དབང་དང་ལུང་མཛུབ་ཁྲིད་དང༌། བཤད་པ་གར་ཐིག་དབྱངས་གསུམ་སོགས་ཀྱི་སྒོ་ནས་ཕྲེང་བ་སྐོར་གསུམ་ལ་མཁས་པར་བྱས། འཁོར་ཆེན་དབང་ལུང་མན་ངག་སོགས་ཟབ་རྒྱས་མང་དུ་གསན། ༼ནེ༧༢༽ཞྭ་ལུར་ཁྲི་ཆེན་པོའི་སྟེང་ན་བླ་མ་བགྲེས་པའི་ཐུགས་ཀར་སྔགས་ཕྲེང་ཕྱི་ནང་མང་པོ་ཡོད་པ་རྨིས། སྟོན་དགུན་ཞྭ་ལུར་རིན་པོ་ཆེ་ཁྱུང་ལྷས་པར་ཡོ་གའི་དཀྱིལ་འཁོར་བཅུ་གཉིས་སོགས་དང༌། བདེ་གསང་བྱ་སྤྱོད་ཀྱི་དབང་བཀའ་མཐའ་དག་གསན་ཅིང་འབུལ་བ་ཚོགས་འཁོར་གྱིས་མཉེས་པར་བྱས། ༼པེ༧༣༽པ་ནམ་ཕག་རིར་རིན་པོ་ཆེ་ཆོས་དཔལ་ལ་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར། བུའི་བཀའ་ཡོངས་རྫོགས་དང༌། ཡོ་ག་པ་གྲགས་རྒྱན་ལ་ཡོ་གའི་གར་དབྱངས་སོགས་དང་ཡོ་གའི་རྒྱུད་དང་འགྲེལ་བ་ཀུན་གསན། ༼ཕེ༧༤༽སྤྲེལ་ལོ་སྟོན་བླ་མ་དབུ་མ་པ་དང་ལྷན་ཅིག་དབུས་ཀྱི་དགའ་བ་གདོང་དུ་ཕེབས། ལྷ་སར་ཇོ་བོ་ལ་གསོལ་བ་བཏབ། དཔོན་སློབ་གཉིས་ཀས་མཚམས་བྱས་གཟིམ་ཁང་སོ་སོར་བྱས། གསོལ་ཇ་ལྷན་དུ་བཞེས་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་བཏབ། ཉིན་གཅིག་བཻཌཱུརྱའི་མདོག་ཟླུམ་པོའི་མཐའ་འཇའ་ཚོན་སྣ་ལྔས་སྦྲེལ་བའི་དབུས་ན་རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ན་ལྟ་བས་ཆོག་མི་ཤེས་པ་མཐོང༌། འདི་ནས་བརྩམས་གསོལ་བ་བཏབ་རེས་ཀྱིས་དངོས་སུ་མཇལ། དེ་ནས་རྗེ་འདིས་རྗེ་བཙུན་འཇམ་དབྱངས་ལ་འཇམ་དབྱངས་དཔའ་ཅིག །ལུས་དཀྱིལ། ནང་སྒྲུབ། གསང་སྒྲུབ་རྣམས་གསན་དུས་རྗེ་བཙུན་དེ་དང་དེར་གྱུར་ནས་བྱིན་གྱིས་བརླབས་ཤིང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་རྣམས་དངོས་སུ་བསྟན་ཅིང་དབུ་མ་པས་ལོ་ཙྪ་མཛད་ཅིང༌། རྗེ་བཙུན་རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར་ནས་ཆོས་སྐྱོང་ལ་བཀའ་གནང་བས་ཆོས་སྐྱོང་གིས་ཀྱང་བཀའ་སྡོད་གནང་བ་གཟིགས། འདི་ནས་རྗེ་བཙུན་གྱི་བཀའ་བཞིན་འཁོར་དག་པ་རྣམ་བརྒྱད་དང་ལྷན་ཅིག་རི་ཁྲོད་དུ་ཕེབས་པར་ཐག་བཅད། ༼བེ༧༥༽དབུ་མ་པ་ལྷ་སར་བསྐྱལ། ལྷ་སའི་ཐོག་སྟེང་མའི་ལྷོའི་རྒྱ་ཕིབ་ཀྱི་འོག་ཏུ་མཆོད་ནས་གསོལ་བ་བཏབ་པས། རྗེ་བཙུན་གྱིས་ཉམས་ལེན་གྱི་གནད་བསྡུས། བསེ་རུ་ལྟ་བུར་གནས་པར་བྱ། །འདུ་འཛི་དག་ཀྱང་སྤངས་པར་བྱ། །སོགས་ཚིགས་བཅད་འགའ་གསུངས་པ་ཡི་གེར་བཀོད། ལྷ་སའི་སྒོ་ཁང་སྟེང་དུ་རྗེ་འདིས་དབུ་མ་པ་ལ་གསང་འདུས་དབང་བཞི་རྫོགས་པར་གནང༌། ༼མེ༧༦༽སྟོན་མཇུག་སྐྱོར་ལུང་དུ་ཆོས་མང་དུ་གསུངས་དགུན་སྤྲེལ་ལོ་སུམ་ཅུ་རྩ་དྲུག་པའི་ཟླ་བ་བཅུ་པར་སྐྱོར་ལུང་ནས་འཁོར་དག་པ་བརྒྱད་དང་དགུས་གཞུང་ཀོ་མཛད་ནས་འོལ་ཁར་བྱ་བྲལ་ལ་བྱོན། དགུན་དཔྱིད་དཔོན་སློབ་ཐམས་ཅད་ཀྱིས་སངས་རྒྱས་སོ་ལྔའི་སྒོས་བསགས་སྦྱངས་ལ་འབད་རེས་ཀྱིས་རྗེ་འདི་ལ་སངས་རྒྱས་སོ་ལྔ་ཡང་ཡང་གཟིགས། རྗེ་བཙུན་བྱམས་པ་རིན་པོ་ཆེའི་རྒྱན་དང་ཆོས་འཆད་མེ་ཏོག་གི་སྡོང་བུ་བསྣམས་པ་རིན་པོ་ཆེའི་ཁྲི་ལ་སྐྱིལ་ཀྲུང་ཅན་ཤིན་ཏུ་ཆེ་བ། སྨན་བླ་བླ་གོས་སེར་པོ་ཅན་དང༌། བྱམས་པ་རབ་བྱུང་ཆ་བྱད་སྣམ་སྦྱར་གསོལ་བ་ཀླུ་ཤིང་སྡོང་པོ་རིལ་བ་སྤྱི་བླུག་གིས་མཚན་པ་འཛིན་པ། ཚེ་དཔག་མེད་རྣམས་ཡང་ཡང་གཟིགས། ༼ཙེ༧༧༽དེ་དུས་གནས་དེར་བསགས་སྦྱངས་དང་སངས་རྒྱས་ཕལ་པོ་ཆེའི་ནང་གི་རྒྱལ་བ་སྲས་བཅས་ཀྱི་སྤྱོད་པ་ཐམས་ཅད་རེ་རེ་ནས་མྱོང་བ་རྣམ་དག་གླང་ཆེན་པད་མཚོར་སྤྲོ་བ་ལྟ་བུ་སྐྱེས་ཀྱི་བར་དུ་སྦྱངས། དེ་དུས་ཀྱང་འཇམ་དབྱངས་སངས་རྒྱས་སོ་ལྔ་བྱམས་པ་སྨན་བླ་ཚེ་དཔག་མེད་རྣམས་གཟིགས། དེ་དུས་བཤད་ན་སྙམ་དུ་དགོངས་པ་ལ་རྗེ་བཙུན་གྱིས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོག་ཆེན་པོ་ག་ལ་ཞིག །དེ་བས་དབེན་པ་བསྟེན་ནས་རྩེ་གཅིག་བསྒྲུབ། །རང་གཞན་གཉིས་ཀ་འཚེང་པའི་ལམ་རྙེད་སྙམ། །ཞེས་གསུངས། ༼ཚེ༧༨༽སོ་བདུན་པའི་དབྱར་རྫིང་ཇིའི་བྱམས་པར་མཇལ། མཆོད་པ་དང་སྨོན་ལམ་རླབས་ཆེན་མཛད། ༼ཛེ༧༩༽དེ་ནས་དགུན་དྭགས་པོ་སྨན་ལུང་དུ་རྒྱ་སོག་ཕུར་ཕེབས། ཐུགས་དམ་འཕེལ་སྐབས་རྗེ་བཙུན་འཇམ་དབྱངས་གུར་གུམ་གཞོན་ནུའི་མདོག་ཅན་ཉི་མ་བྱེ་བ་ལས་གཟི་བརྗིད་ཆེ་བ་གཅིག་ལ་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་མཐའ་བསྐོར་པ་ནམ་མཁའི་ཁམས་ཁྱབ་པ་གཟིགས། ཡང༌རྗེ་བཙུན་ལ་འཕགས་པ་ཡབ་སྲས་ལྔ། ཐོགས་མེད་སྐུ་མཆེད། ཕྱོགས་གླང༌། ཆོས་གྲགས། མཆོག་གཉིས། ལྷ་དབང་བློ། རྒྱན་མཁན་པོ། ཀ་མ་ལ་ཤཱི་ལ། ཨ་བྷྱ་སོགས་པཎྜི་ཏ་དུ་མ་དང༌། ཨིནྟྲ་བོ་དྷི་ས་ར་ཧ་ལཱུ་དྲིལ་ནག་གསུམ་སོགས་གྲུབ་ཆེན་བརྒྱད་ཅུས་བསྐོར་བའི་སྣང་བ་བྱུང་འདི་དག་གི་གཞུང་ལ་བརྟེན་ནས་ཕན་པ་རྒྱ་ཆེན་འབྱུང་བའི་རྟེན་འབྲེལ་འགྲིགས། ༼ཝེ༨༠༽དེ་ནས་ཡང་གནས་དེར་བཅོམ་ལྡན་འདས་དཔལ་རྡེ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་བསྐལ་པའི་མེ་འབར་བ་ལྟ་བུའི་གཟི་བརྗིད་བཟོད་པར་དཀའ་བ་གཅིག་ཞལ་གཟིགས་ནས་འོད་དུ་ཞུ་ནས་ཐིམ་ཚུལ་གཅིག་བྱུང༌། དེ་ནས་འཇིགས་བྱེད་བདག་འཇུག་མ་ཆག་པར་གནང༌། འདི་ལ་ལུང་བསྟན་ཡང་ཡོད། གནས་དེར་རྡོ་བཅལ་དུ་སྦྱིན་སྲེག་མཛད་པ་གངས་ཆེན་པོ་བབས་ཀྱང་ཉེ་འཁོར་དུ་ཅུང་ཟད་ཀྱང་མ་བབས་པ་ཀུན་གྱིས་མཐོང༌། ༼ཞེ༨༡༽ཡང་གནས་དེར་དེ་རྗེས་སུ་རྗེ་བཙུན་གྱི་སྐུ་སྔར་ལྟ་བུ་ལ་སངས་རྒྱས་བྱང་སེམས་པཎ་གྲུབ་མཁའ་ཁྱབ་ཀྱིས་བསྐོར་བའི་རྗེ་བཙུན་གྱི་ཐུགས་ཀ་ནས་རལ་གྲིའི་ཡུ་བ་ཟུག་ཅིང༌། རྗེའི་ཐུགས་ཀར་རྩེ་མོ་ཟུག་པ་ལ་བདུད་རྩི་དཀར་སེར་ཤིན་ཏུ་སྣུམ་པ་སྦྲང་ངམ་དངུལ་ཆུའི་རྒྱུན་ལྟ་བུ་རྗེའི་ཐུགས་ཀར་བབས། སྐུ་གང༌། ཟག་མེད་ཀྱི་བདེ་བ་བསམ་གྱིས་མི་ཁྱབ་པ་རྒྱས། དེ་དུས་ངོ་མཁྱེན་མི་མཁྱེན་མཐའ་ཡས་ཞིག་ཁ་གདངས་པའི་ཁར་མང་དུ་འགྲོ་བ་དང་ཅུང་ཟད་འགྲོ་བ་མང་པོ་དང༌། མི་འགྲོ་བ་ཡང་གཟིགས་པས་རྗེའི་གསུང་ལས། ཀ་ཏ་ར་ཡི་གྲོང་ཁྱེར་དུ། །སྐྱེད་མོའི་ཚལ་ནི་རྣམ་པར་རྒྱས། །བུང་བ་མང་པོ་དེ་ལ་རོལ། །བདུད་རྩི་མཆོག་ཀྱང་འཐུང་བར་སྣང༌། །ཞེས་བརྡ་ཙམ་ལུང་བསྟན་དུ་མཛད་དོ། །དེས་ན་མང་པོ་གསུངས་པས་ལམ་སྐྱེད་རྫོགས་དང༌། བདེ་སྟོང་གི་ཏིང་འཛིན་རྙེད་པ་བཞུགས་དུས་དང་ཕྱིས་ཀྱི་མང་པོ་འབྱུང་བ་དང༌། མཆོག་ཀྱང་འཐུང་ཞེས་པས་མཆོག་གི་དངོས་གྲུབ་རྙེད་པ་ཡང༌རེ་མང་འོངས་པའི་གསུངས་དང༌། ཁ་གདངས་པ་ནི་ལམ་རིམ་གཉིས་དང༌། བདེ་སྟོང་ལ་བརྩོན་པ་དང༌། མ་ཐོབ་པ་དག་ཀྱང་རྨད་བྱུང་བཀོད་པར་ཐོབ་པའི་རྟེན་འབྲེལ་གྱི་ལུང་བསྟན་ཡིན་ཚུལ། མཁས་གྲུབ་ཀྱི་རྣམ་ཐར་གཟིགས་པ་ལྔ་ལྡན་ལས་མདོ་སྔགས་ཀྱི་ལམ་རིམ་ལ་འབད་པ་དང་སྨོན་ལམ་རྩེ་གཅིག་པ་དེར་སྐྱེ་བར་བཤད་པ་ལྟ་བུ་ཆེས་མང་བས་གོ་བར་གྱིས། ཁ་ཅིག་དེ་ལྟར་བཤད་མ་ཤེས་པར་འཁྲུལ་པའི་ལམ་དུ་འཁྱམས་པ་མང་ངོ༌། །གནས་དེར་དེ་འདྲ་བའི་གཟིགས་སྣང་དང་མངོན་པར་རྟོགས་པ་དཔག་མེད་འཁྲུངས་སོ། །ཡང་གནས་དེར་ཆོ་འཕྲུལ་གྱི་ཞག་བཅོ་ལྔའི་རིང་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། མཆོད་ཡུལ་སྤྱན་འདྲེན་པའི་འདུན་པ་ཤུགས་དྲག་མཛད་པའི་ཚེ་ཤར་ཕྱོགས་ཐམས་ཅད་མི་བསྐྱོད་པས་ཏིལ་གྱི་གང་བུ་ལྟར་གང་བ་གཟིགས། དེ་བཞིན་དུ་ལྷོ་ཕྱོགས་རིན་འབྱུང༌། ནུབ་ཕྱོགས་འོད་དཔག་མེད། བྱང་ཕྱོགས་དོན་གྲུབ། དབུས་ཀྱི་སྟེང་དུ་རྣམ་སྣང་གིས་སྔར་ལྟར་གང་བ་གཟིགས་ནས་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། ཞག་བཅོ་ལྔའི་རིང་སྤྱོད་ལམ་དུས་སུའང་གཟིགས་པར་གྱུར་ཏོ། །༼ཟེ༨༢༽དཔྱིད་འོལ་ཁ་རྫིང་ཇིར་ཕེབས། རྗེ་བཙུན་གྱིས་ཞིག་གསོས་གྱིས་གསུངས། དཔོན་སློབ་བཅུ་གཉིས་ཀྱི་ཕྱག་རྫས་གཏོར་ཆ་སོགས་གང་ཡོད་ལ་རིན་བཏབ་ཞོ་བཅུ་གཉིས་ལས་མ་བྱུང༌། རྣམ་སྲས་ལ་འཕྲིན་ལས་བཅོལ་བར་དགོངས་ཀྱང་མར་མེད་པས་བཙུན་པ་ཞིག་གིས་མར་གྲོད་པུ་གང་ཕུལ། སང་ཉིན་འབྲོག་པས་མར་ཐུད་མང་པོ་ཕུལ་ཞིང༌། དེ་ནས་འབུལ་བ་མང་དུ་བྱུང༌། སྐབས་གཞན་གྱི་ཚེ་ཡང་འཕྲིན་ལས་བཅོལ་བས་དེ་འདྲ་ཤ་སྟག་བྱུང༌། རྩིག་ཞལ་གྲུབ་འཕྲལ་འཇམ་དབྱངས་ཞིང་བཀོད་སྐྱ་རིས་བཏབ་པར་རབ་གནས་མཛད་པས་ཡེ་ཤེས་པ་ཐིམ་པའི་སྣང་བ་བྱུང༌། མར་མེ་ཆུང་ངུ་གཅིག་ཕུལ་ཉིན་ཞག་ཕྱེད་གསུམ་བཟུང༌། ཐམས་ཅད་གྲུབ་ནས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས། རབ་གནས་རྒྱས་པའི་སྒོ་ནས་སློབ་མ་བཅུ་ལྷག་ལ་དབང་ཡང་གནང༌། རྟེན་རྣམས་ལ་གོས་དར་གྱི་ན་བཟའ་དང་སྙན་ཤལ། ལོགས་བྲིས་ཞལ་ཁེབས། རབ་སྟོན་དང་བཅས་པ་རྒྱས་པར་མཛད་པའི་དངོས་གཞིའི་ཉིན་ཉི་མ་ཚད་ལས་ལྷག་པར་ཐམས་ཅད་གླེང༌། ཡང་སངས་རྒྱས་སོ་ལྔའི་སྐུ་འབྲི་བར་བརྩམས་པ་ལ། སྐུ་མདོག་སོགས་ལྷ་བཟོས་མ་ཤེས་པ་ཞུས་པས། རྗེ་རང་གིས་གསོལ་བ་བཏབ་པས་ཞལ་གཟིགས་གནང་རིམ་བཞིན་འདི་འདྲའི་སྐུ་མདོག་གྱིས་ཞེས་བཀོད་ནས་བྲིས། དེའི་ཚེ་གྲུབ་ཆེན་ཕྱག་རྡོར་གྱིས་སངས་རྒྱས་སོ་ལྔ་ཕེབས་པ་གར་འབྱོན་ཞུས་པས། རྫིང་ཇིའི་རབ་གནས་ལ་འབྱོན་གསུངས་པའི་ཚེ་གྲངས་ཡང་མཐུན་པར་འདུག །ཁ་ཅིག་གིས་མཁའ་འགྲོས་རི་མོ་བྱེད་པ་རྨི་ལམ་དུ་མཐོང༌། ༼འེ༨༣༽དེ་དུས་རྗེ་བཙུན་གྱིས་བྱམས་པའི་བསྟོད་པ་རིན་ཆེན་སྒྲོན་མེ་ཞེས་བྱ་བ། བྱམས་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར་ཚུལ་གྱིས་བསྟོད་པ་དང༌། བདེ་སྨོན་དང༌། རང་ཉིད་ཀྱི་མ་འོངས་པའི་སངས་རྒྱས་ཀྱིས་ཞིང་འདི་འདྲ་འགྲུབ་པའི་སྨོན་ལམ་གྱིས་གསུངས་ནས། དེ་གསུམ་བརྩམས་ཚུལ། མཁན་ཆེན་ཕྱག་རྡོར་པ་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་པ་བཞིན་རྗེ་སྤྱན་འདྲེན་གྱི་ཆབ་ཤོག་གིས་མཚམས་སྦྱར་ནས་ལྷོ་བྲག་ཏུ་ཕེབས་པར་མཛད། ༼ཡེ༨༤༽བྲའོ་དགོན་པར་ཕྱག་ཕེབས། དེར་མཁན་ཆེན་ཕྱག་རྡོར་པ་ཡང་བསུ་བ་ལ་བྱོན་པས། རྗེས་གསང་བདག་གཏུམ་པོ་འཇིགས་པ་གཅིག་ཏུ་གཟིགས། མཁན་ཆེན་གྱིས་རྗེ་འདི་པ་འོད་ཀྱི་དྲ་བས་མཛེས་པའི་འཇམ་དབྱངས་གཅིག་བཞེངས་ནས་ཕེབས་པ་གཟིགས་ཤིང་མེ་ཏོག་གི་ཆར་དང༌། འཇའ་འོད་ཀྱིས་ཕྱོགས་ཀུན་ཁྱབ་པར་གྱུར། ༼རེ༨༥༽དེ་ནུབ་མཁན་ཆེན་ལ་བླ་མའི་རྣལ་འབྱོར་གཅིག་གསན་ནས་ཕྱག་རྡོར་ལ་ཐིམ་པར་གཉིས་ཀས་གཟིགས། ཐོ་རེངས་གསང་བདག་གིས་མཁན་ཆེན་ལ། བྱམས་པ་ལ་བསླབ་བཏུས་ཞུ་དགོས་གསུངས་ཞུས་པས། གསང་བདག་གསུང་ངམ་གསུང་ནས་བསླབ་བཏུས་མཁན་ཆེན་དང་དགེ་འདུན་ཐམས་ཅད་ལ་གསུངས། རིན་པོ་ཆེ་ལ་གྲ་ལྔའི་དབང་རྗེས་གནང་སོགས་དང༌། རྗེ་ཉིད་ཀྱིས་མཁན་ཆེན་ལ་ལམ་རིམ་བཀའ་བབས་གཉིས་ཀྱི་ཁྲིད་དང༌། ཕྱག་རྡོར་ཁྱུང་ལྔ། འཁོར་ཆེན་སོགས་སྙན་རྒྱུད་ཀྱི་དབང་གསན་ནས་དངོས་སུ་དེ་དག་གཟིགས་ཤིང༌། བྱིན་གྱིས་བརླབས་པས་དགུང་ལོ་ཞེ་ལྔའི་སྐུ་གེགས་ཆེན་པོ་ཡོད་པ་འཁོར་ཆེན་སྒོས་བཟློག་པར་མཛད་པ་སོགས་སྐུ་དྲིན་ཆེ་གསུངས། ༼ལེ༨༦༽རྒྱ་གར་དུ་མི་ཏྲ་ཛོ་གི་མཇལ་བར་ཕེབས་པར་དགོངས་པས་མཁན་ཆེན་ལ་ཕྱག་རྡོར་གྱིས་རྗེ་ཕེབས་ན་ངོ་མཚར་ཀྱང་འཁོར་ལ་གནོད་པ་དང༌། དེ་བས་རྗེ་བཙུན་བྱམས་པར་རབ་བྱུང་གི་རྟགས་ཚང་མ་དང་བསྟོད་པ་ཚངས་པའི༷་ཞེས་པ་ཕུལ་ན་རྟེན་འབྲེལ་ཡོད་གསུངས་ཚུལ་དང༌། རྗེ་ལ་རྗེ་བཙུན་གྱིས་དེ་ལྟར་བྱས་ན་དུས་ཕྱིས་རབ་བྱུང་གི་སྡེ་རྣམ་པར་དག་པ་ཚུགས་པའི་རྟེན་འབྲེལ་ཡོད་པས་ཕུལ། རྒྱ་གར་ལ་བྱོན་ན་གེགས་སྔར་ལྟར་གསུངས་པས། ཆོས་གོས་གསུམ་གསིལ་བྱེད། ལྷུང་བཟེད། གདིང་བ། ཆུ་ཚག་སོགས་དང༌། བསྟོད་པ་ཚངས་ཅོད་མ་རྫིང་ཇིའི་བྱམས་པར་བསྐུར་ཏེ་གཉལ་དུ་བྱོན། ༼ཤེ༨༧༽དེ་ནས་གཉལ་ལོ་རོར་ཟླ་བ་ལྔར་བཞུགས། དགེ་བཤེས་ཕྲིན་ལས་པའི་བསྟན་རིམ་ཆེན་པོ་སྤྱན་དྲངས་ཏེ་བསུ་བ་མཛད། མཆོད་པ་ཕུལ་ཏེ་གཟིགས་པས་རྒྱལ་བའི་གསུངས་རབ་མདོ་སྔགས་ཡོད་དོ་ཅོག་གང་ཟག་གཅིག་གི་ལམ་དུ་ད་ལྟ་སོ་སྐྱེའི་དུས་ནས་ཉམས་སུ་ལེན་ཚུལ་དང༌། ལམ་གྱི་ངོ་བོ་གྲངས་ངེས་གོ་རིམ་རྣམས་ཤིང་རྟ་ཆེན་པོ་གཉིས་ལྟར་ཐུགས་ངེས་ཆེར་འཁྲུངས། དེར་བསྟན་རིམ་ཚར་གཅིག་གསུངས། ༼སེ༨༨༽གཉལ་བྲ་གོར་དུ་མཁན་ཆེན་ཆོས་སྐྱབས་བཟང་པོ་ལ་འདུལ་མངོན་དབུ་མ་སོགས་ཀྱི་ལུང་དང༌། ཤ་ར་བའི་ལམ་རིམ། བེ་བུམ་སྔོན་པོ་རྩ་འགྲེལ། སྤྱོད་འཇུག །བློ་སྦྱོང་སོགས་བཀའ་གདམས་གཞུང་པའི་མདོ་སྔགས་ཀྱི་གདམས་ངག་མང་པོ་རྫོགས་པར་གསན། ༼ཧེ༨༩༽གཉལ་སྨད་གསལ་རྗེ་གངས་ཀྱི་ཡར་འདྲེན་དུ་དབྱར་ཅིག་རྗེ་བཙུན་གྱི་ཞལ་གཟིགས་རྒྱ་གར་གྱི་པཎྜི་ཏ་གཅིག་གི་གཞུང་ལ་བརྟེན་ནས་དབུ་མའི་ལྟ་བ་རྟོགས་པར་ལུང་བསྟན། རྒྱལ་ཆེན་རྣམ་སྲས་ཡང་ཞལ་གཟིགས་པར་ཡ༷ང་བཤད། ༼ཨེ༩༠༽དེ་ནས་དཔོན་སློབ་སུམ་ཅུས་ཙ་རི་མ་ཆེན་ལ་བྱོན། རི་ཁྲོད་གཟིགས་ཤིང༌། བདེ་མཆོག་གི་བདག་འཇུག་སོགས་མཛད། ངོ་མཚར་པའི་ལྟས་མང་དུ་བྱུང༌། ༼ཀོ༩༡༽ཙ་རི་ནས་གཉལ་དུ་བྱོན་པའི་མོ་ལའི་ལ་རྩར་ཞག་བཞུག་དུས། རྗེ་བཙུན་བྱམས་མགོན་གྱི་སྐུ་ཤིན་ཏུ་ཆེ་བ་ལྷུན་པོ་ལྟར་བརྗིད་ཅིང༌འབར་བ་ཞིག་གིས་རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཅིག་འོང་བར་ཤེས་པར་བྱོས་ཤོག་ཅེས་སེང་གེའི་སྒྲས་དབུགས་དབྱུང་བ་ནི་གསང་བདག་གིས་མཁན་ཆེན་ལ་སངས་རྒྱས་འཇིག་རྟེན་ལ་བྱོན་པ་འདྲ་བའི་རང་ལུགས་འོང༌། ཞེས་དང༌། ལབ་སྒྲོན་གྱིས་སངས་རྒྱས་ཝ་ར་ཎ་སིར་ཕེབས་ནས་ཆོས་འཁོར་བསྐོར་བ་ལྟ་བུ་འོངས་པར་གསུངས་པ་རྣམས་མཐུན་ཞིང༌། དེ་ནི་རང་བཞིན་བརྗོད་པ་ཁོ་ནར་བྱུང༌། ༼ཁོ༩༢༽གཉལ་སྨད་སེང་གེ་རྫོང་དུ་རྒྱུན་དུ་སྦྱོར་དྲུག་སོགས་ལ་དཔྱད་པས་མི་འཁྲུལ་བའི་ངེས་པ་རྙེད་ཅིང༌། རྡོ་རྗེའི་ཚིག་སྦྲམ་མཛད། དུས་འཁོར་དཔའ་ཅིག་གསེར་གྱི་མདོག་ཅན་གྱི་གཟིགས་སྣང་ནར་མར་བྱུང་ཞིང༌། ནུབ་གཅིག་མནལ་ལམ་དུ་ཁྱོད་ཀྱིས་དུས་ཀྱི་འཁོར་ལོ་འདི་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན་པ་འདྲ་བ་གཅིག་འོང་བ་ཡོད་དེ་ཞེས་གསུངས་སོ། །༼གོ༩༣༽གཉལ་དུ་བཞུགས་དུས་དབྱངས་ཅན་མའི་གསུང་གིས། དགུང་ལོ་ལྔ་བཅུ་རྩ་བདུན་ཐུབ། དེ་བར་རང་གཞན་གྱི་དོན་དཔག་མེད་འགྲུབ་གསུངས་པར། རྗེས་རྣམ་པར་རྒྱལ་མ་སོགས་ལ་བསྙེན་པས་དེ་ལས་རིང་མི་ཐུབ་བམ་ཞུས་པས། དེ་ཐམས་ཅད་སྔོན་གྱི་སྨོན་ལམ་གྱི་ཤུགས་དང༌། ཤེས་རབ་ལ་འདུན་པས་སྐུ་ཚེ་ལ་དེ་ཙམ་མི་ཕན་གསུངས། རྟོགས་ལྡན་པས་འཇམ་དབྱངས་ལ་དྲིས་པས་ད་ཕན་ཆད་བར་ཆད་བཟློག་ཐབས་དང་སྐུ་ཚེའི་རྟེན་འབྲེལ་བསྒྲིགས་ན་དཀའ་སེ་བ་ལས་བཟློག་ནུས་གསུངས་སོ། །༼ངོ༩༤༽གཉལ་སེང་གེ་རྫོང་དེར་བཞུགས་དུས་རྗེ་བཙུན་གྱི་ཞལ་གཟིགས་ཁྱད་པར་ཅན་བྱུང་ནས་ལམ་གྱི་ངོ་བོ། གྲངས་ངེས། ཁྱད་པར་ཞི་ལྷག་གི་གནད་རྣམས་ཞུས་པས། ད་ངེད་ལ་ཡང་ཡང་འདྲི་མི་དགོས་གཞུང་ཆེན་པོ་རྣམས་ལ་ཞིབ་པར་དཔྱོད་དང༌། ངེད་ཀྱིས་བསྟན་པ་དང་མཐུན་པ་ཤ་སྟག་འོང༌། མི་མཐུན་པ་ཙམ་རེ་བྱུང་ན་འདོར་སྤུས་གདམས་ངག་ཏུ་འདོད་པ་རྣམས་ལ་འབབས་ཀྱི་གཞུང་ཆེན་པོ་རྣམས་འདོར་དུ་མི་རུང་ངོ༌། །ཞེས་གསུངས། ད་ཕྱིན་ཆད་སྒོ་གསུམ་གྱི་བྱ་བ་ཐམས་ཅད་གཞན་དོན་ཁོ་ནར་གྱིས་གསུངས་ནས་དེ་བཞིན་དུ་མཛད། ༼ཅོ༩༥༽དེ་ནས་གཉལ་སྨད་གསེར་ཕྱེ་འབུམ་པ་ལ་མཆོད་པ་ཆེན་པོ་ཕུལ། རྗེ་བཙུན་གྱིས་གསུངས་ནས་རབ་བྱུང་གི་རྟགས་ཡོངས་རྫོགས་རུང་ཆུ་འདེབས་པ་ཡན་ཆད། ཕྱག་ལེན་ཕྲ་མོ་རྣམས་ནི་གྱིས་གསུངས། རྗེས་དུས་ཀྱི་དབང་གིས་རང་གིས་ཀྱང་སྒྲུབ་དཀའ་འོ༷་གཞན་གྱི་བློར་མི་ལྡན༷་པའི་རྒྱུ་མཚན་ནན་ཆེར་ཞུས་ནའང་རྗེ་བཙུན་གྱིས་མི་གསན་པར་གྱིས་གསུངས་ནས། དཔོན་སློབ་ཐམས་ཅད་ཀྱིས་ཆོས་གོས་གསུམ་གདིང་བ་སོགས་དྲས་དྲུབ་དང་ལྷུང་བཟེད་སོགས་འཆང་བ་མཛད་པས་འདུལ་བ་འཛིན་པའི་སྙན་པས་ས་ཀུན་ཁྱབ་པར་གྱུར་ཏོ། །དེ་ནས་བཟུང་སྟེ་ཆ་ལུགས་ཕུན་སུམ་ཚོགས་པས་ས་ཐམས་ཅད་ཁྱབ་པར་གྱུར་ཏོ། །༼ཆོ༩༦༽དེ་ནས་དཔྱིད་གཉལ་གྱི་སྤང་ཆུང་དུ་བཞུགས། དགེ་འདུན་མང་པོར་ཆོས་སྣ་ཚོགས་དང༌། གྲོང་པའི་སྐྱེ་བོ་དཔག་མེད་སྐྱབས་འགྲོ་དང༌། རྗེ་རང་གིས་ཐོག་མ་མཛད་ནས་ཚ་ཚ་འབུམ་ཐེར་མང་པོ་བཏབ་ཅིང་ཕྱིས་ཀྱང་བསྒྲུབས་པའི་དགེ་བཀོད་མཛད་པ་ད་ལྟའང་ཡོད། ༼ཇོ༩༧༽དེ་ནས་གཉལ་སྟོད་ར་གྲོང་དུ་དབྱར་བཞུགས་མཛད། སྲས་ཀྱི་ཐུ་བོ་རིགས་པའི་དབང་ཕྱུག་རིགས་ལྡན་པད་དཀར་གྱི་རྣམ་འཕྲུལ་རྒྱལ་ཚབ་རིན་པོ་ཆེས་དེ་དུས་མཇལ། རྣམ་འགྲེལ་གྱི་ལམ་སྒྲིགས་འཁོར་ལ་གསུངས་པ་གསན་ནས་ཐུགས་དད་ཆེར་འཁྲུངས། ཞལ་བཞུགས་ཀྱི་བར་མི་འབྲལ་བར་ཞབས་སྤྱི་བོར་བླངས་ཆོག་པར་ཕྱག་བྱས་ཏེ་བཤུམ་ནས་ཞུས་པས་གནང་བ་ཕྱིན། དེ་ནས་གཉལ་སྡེ་བཞི་འདུས་པའི་ཆོས་འཁོར་གཉལ་ལུང་ར་ཆེན་པོར་གྲགས་པ་བཙུགས་ཤིང་ཕྱིས་ཀྱང་སྒྲུབ་པར་གནང་བས་དེང་སང་བར་དུ་དར་བར་ཡོད། ༼ཉོ༩༨༽དེ་ལྟར་གཉལ་ཕྱོགས་ཀྱི་བསྟན་དོན་མཛད་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དྭགས་པོ་ལྷ་སྡིངས་སུ་བཞུགས་ཆོས་མང་དུ་གསུངས། བླ་མ་དང་ཡི་དམ་དབྱེར་མེད་པ་ལ་གསོལ་བ་དྲག་པོ་བཏབ་པས། ནུབ་གཅིག་འཕགས་པ་ཡབ་སྲས་ལྔས་རང་བཞིན་ཡོད་མེད་ལ་བགྲོ་བ་མཛད་པའི་ནང་ནས་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྜི་ཏ་སྔོ་བསངས་སྐུ་བོང་ཆེ་བ་གཅིག་དབུ་སྔས་ལ་བྱོན་ནས་རྒྱ་དཔེ་གཅིག་ཕྱག་ན་བཟུང་ནས་བྱིན་གྱིས་བརླབས་པའི་མཚན་མ་བྱུང༌། ཕྱི་ཉིན་བུདྡྷ་པ་ལི་ཏ་གཟིགས་པས་ཐལ་རང་གི་དགག་བྱའི་ཁྱད་པར་སོགས་ལ་ངེས་པ་རྙེད། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག་ཅིང༌། སྟོན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་རྟེན་འབྲེལ་བསྟོད་པ་མཛད། ཕྱིན་ཆད་རྗེས་འཇུག་དག་གིས་ཀྱང་འགྲེལ་པ་དེར་གཟིགས་ན་རྟེན་འབྲེལ་ཡོད་གསུངས་སོ། །༼ཏོ༩༩༽དེ་ནས་སྟོན་འོལ་ཁའི་མགར་ཕུག་ཏུ་བྱོན། འོལ་ཁའི་དགེ་འདུན་རྣམས་ལ་ཆོས་གསུངས། ༼ཐོ༡༠༠༽དེ་ནས་ཨེའི་ཏེའུ་རར་བྱོན་དབྱར་བཞུགས། ཨེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས། ༼དོ༡༠༡༽དེ་ནས་འོལ་ཁའི་བྲག་གདོང་དུ་དགུན་བཞུགས། ༼ནོ༡༠༢༽དེ་ནས་རྫིང་ཇིའི་ཇོ་བོ་ལ་ཆོ་འཕྲུལ་གྱི་དུས་མཆོད་ཞག་བཅོ་ལྔའི་མཆོད་པ་རྒྱ་ཆེ་ཞིང་བཀོད་པ་མཛེས་པར་བཤམས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་དུ་འཕྲལ་ཡུན་གྱི་ཕན་བདེ་རྒྱས་པའི་སྨོན་ལམ་དང༌། མཆོད་ཡུལ་སྤྱན་འདྲེན་གྱི་ཐུགས་འདུན་དྲག་པོ་མཛད་པས་ནམ་མཁའི་ཁམས་ཐམས་ཅད་རྒྱལ་བ་རིགས་ལྔས་ཏིལ་གང་ལྟར་གང་བ་གཟིགས་ཤིང༌། ཞག་ཉི་ཤུའི་བར་དུ་རྗེས་ཐོབ་སྤྱོད་ལམ་རྣམ་བཞིའི་དུས་ཐམས་ཅད་དུ་གཟིགས་པས་ཕྱོགས་བཅུའི་སེམས་ཅན་མཐའ་ཡས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཆེན་ཕྱེ་བར་མངོན། དཔྱིད་རྒྱལ་ཚབ་རྗེ་སོགས་ལ་ཆོས་མང་དུ་གསུངས་སོ། །༼པོ༡༠༣༽དེ་ནས་ཉང་ཕྱོགས་ཀྱིས་གསོལ་བ་བཏབ་པས། ཉང་པོ་མདངས་མདོའི་དགོན་པར་ཕེབས། འབྲིང་ལ་བྱོན་པས་དབུ་ཞྭ་ཆུ་ལ་ལྷུངས་པས་ཆུ་རྒྱུད་འདིར་ངའི་བསྟན་པ་ཆུ་བོའི་རྒྱུན་བཞིན་འོངས། ཞྭ་གང་དུ་ཆགས་པ་དེར་དབུ་མའི་བཤད་སྲོལ་འབྱུང༌། ཞེས་ཉང་པོ་སང་སང་གི་དགོན་གནས་ལུང་བསྟན་ལྟར་ཉང་པོ་སང་སང་སྒང་ཐེག་ཆེན་ཆོས་འཁོར་གླིང་བྱུང་ངོ༌། །དབྱར་བཞུགས། དེའི་དགེ་འདུན་ལ་ཆོས་མང་དུ་གསུངས་ཤིང་སྐྱེ་བོའི་ཚོགས་ལ་སྐྱབས་འགྲོ་སོགས་ཀྱིས་ཕན་བཏགས། ༼ཕོ༡༠༤༽དེ་ནས་དཔོན་ནམ་བཟང་གིས་ཡང་ཡང་ཞུས་ཤིང་གསང་ཕུའི་གདན་ས་པ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་ངོ་ཆེན་དང༌། ཇོ་བོ་མཇལ་བར་བཞེད་ནས་སྟོན་སྐྱིད་ཤོད་དུ་ཕེབས། པོ་ཏ་ལར་བཞུགས། གསང་བདེ་གུང་གསུམ་གྱི་གདན་ས་པ་རྣམས་ཀྱིས་ཐོག་དྲངས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་མ་སྣང་བ། འདུལ་བ། ལམ་རིམ་སོགས་གསུངས། ༼བོ༡༠༥༽ དེའི་ཕྱི་རེས་སོས་ཀ་དགའ་བ་གདོང་དུ་བྱོན། སྔགས་བྱང་སེམས་ཀྱི་བསླབ་བྱ་དང་དེ་བསྲུང་དགོས་ཚུལ་ཡང་ཡང་གསུངས། ཆོས་མཇུག་རེད་མདའ་བ་དཔོན་གཡོག་ཉུང་འདུས་ཕེབས། རྗེ་དཔོན་སློབ་ཆེས་མང་བས་སེར་ཕྲེང་བྱས་བསུས། རྗེས་ཕྱག་གནང་བར་རེད་མདའ་པས་ཀྱང་ཕྱག་མཛད། རྗེས་མ་གནང་གསུངས་ནས་ཕྱག་བཟློག །བསྙེན་བཀུར་ཞབས་ཏོག་གྱ་ནོམ་དང༌། ཡབ་སྲས་གཉིས་ཀས་ཆོས་གསུངས། ༼མོ༡༠༦༽དེ་ནས་ཡབ་སྲས་གཉིས་དབེན་པར་དགྱེས་པས་ཇོ་བོ་ཡབ་སྲས་ཀྱིས་བསྔགས་པའི་བཀའ་གདམས་གྱི་རྭ་སྒྲེང་དུ་སྡེ་སྣོད་འཛིན་པ་མང་པོའི་ཚོགས་དང་ལྷན་ཅིག་ཕེབས། རྗེ་རིན་པོ་ཆེས་དབུས་མཐའ་མདོ་སྡེ་རྒྱན་ཉན་ས་སོགས་གུང་བསྒྲིགས་པའི་ཞི་གནས་གསུངས་ཤིང་སྒོམ་དུ་བཅུག་པས་མང་པོ་ལ་ཞི་གནས་ཁྱད་པར་ཅན་སྐྱེས། རེད་མདའ་པས་ཀྱང་རྗེ་ལ་རྩ་ཤེ་དང༌། སྒྲོན་གསལ་ཚར་རེ་མངོན་ཆུང་བར་གསན་ཞིང་ཕན་ཚུན་མདོ་སྔགས་ལ་བཀའ་མཆིད་མང་དུ་མཛད། ༼ཙོ༡༠༧༽དེ་ནས་འབྲི་ཁུང་ནས་ནར་མར་གདན་དྲངས་པས། དཔྱིད་འབྲི་ཁུང་དུ་སྤྱན་སྔ་ལ་ཆོས་དྲུག་དང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་གསན་ཞིང་དགེ་འདུན་ལ་ཆོས་མང་དུ་གསུངས། ༼ཚོ༡༠༨༽དེ་ནས་དབྱར་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩིབས་སྟེང་དུ་ལོ་ཆེན་སྐྱབས་མཆོག་ཡབ་སྲས་གཉིས་དང་ཆོས་རྗེ་རྣམ་གསུམ་གྱིས་ཐོག་དྲངས་དགེ་འདུན་དྲུག་བརྒྱ་ལྷག་ཙམ་གྱིས་དབྱར་གནས་མཛད་ནས་ཆོས་རྗེ་གསུམ་གས་འདུལ་བ་རེ་གསུངས་ཤིང༌། གཞི་བཅུ་བདུན་དང་རྣམ་འབྱེད་ལས་གསུངས་པའི་ལྟུང་བ་རྣམས་ལ་བཤགས་པ་དང་བྱིན་རླབས་དང་སྤོང་བ་སྔོན་བཏང་གི་བཤགས་པ་སོགས་དང༌། ཡོ་བྱད་བྱིན་རླབས། རུང་ཁང་གཅོད་པ། ནུབ་ལྷག་བསྲུང་བ་སོགས་ཕྱག་ལེན་ལ་བཏབ་པས། རྒྱལ་བསྟན་གྱི་རྩ་བ་ཆེར་རྒྱས་ཤིང་འཕེལ་བར་གནང་ངོ༌། །དབུ་ཚད་སོགས་ཀྱི་ཆོས་འཁོར་བསྐོར། ༼ཛོ༡༠༩༽དེ་ནས་རྗེ་བཙུན་གཙང་ལ་བཏེགས། ཆོས་རྗེ་གཉིས་འཁོར་དང་བཅས་རྭ་སྒྲེང་དུ་ཕེབས། བྲག་སེང་གེའི་ཞོལ་དུ་དབེན་གནས་བཏབ། དགོན་པ་གོང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མའི་མདུན་དུ་གསོལ་བ་བཏབ་པས། སྟོན་པ་ནས་མཁན་ཆེན་ཕྱག་རྡོར་བར་གྱི་ཐམས་ཅད་ཞལ་གཟིགས། ཇོ་བོས་རྗེའི་དབུ་ལ་ཕྱག་བཞག་ནས་བསྟན་པ་ལ་བྱ་བ་གྱིས་དང་བྱང་ཆུབ་བསྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བདག་གིས་བྱ་ཞེས་གསུངས་པ་དང༌། མཁས་གྲུབ་ཆེན་པོ་དུ་མས་གསོལ་བའི་ངོར་རྒྱལ་བའི་གསུང་རབ་ཐམས་ཅད་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་བྱང་ཆུབ་ལམ་རིམ་བརྩམས་ཏེ། དེ་དུས་ལྷག་མཐོང་མི་ཕན་ནམ་སྙམ་ནས། རྗེ་བཙུན་འཇམ་དབྱངས་ཞལ་གཟིགས་ནས་རྩོམ། གཞན་ཕན་འབྲིང་འོངས་གསུངས་ནས་ལྷ་དང་མི་ཐམས་ཅད་ཆོས་ཀྱིས་ངོམས་པར་བྱས། དེ་དུས་ཐང་ལྷ་དང་ཞོགས་ལྷ་རྒྱུགས་པོ་སོགས་དབུས་ཕྱོགས་ཀྱི་གཞི་བདག་དཀར་ཕྱོགས་ལ་དགའ་བ་དུ་མས་རྗེས་སུ་འཛིན་པར་ཞུས་པས། བསྔོ་བའི་སྐབས་ཀྱི་ལམ་རིམ་ལས། ལམ་བཟང་སྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །ཅེས་གསུངས་སོ། །༼ཝོ༡༡༠༽དེ་ནས་ལོ་ཆེན་གྱིས་ལམ་རིམ་བསྣམས་ནས་གཙང་ལ་ཕེབས། རྗེ་འདིས་དབྱར་དགུན་གཉིས་ཙམ་བཞུགས། སྡེ་སྣོད་འཛིན་པ་མང་པོར་ལམ་རིམ་གསུངས། ཆོ་འཕྲུལ་མཆོད་པར་སྨོན་ལམ་རླབས་ཆེན་དང༌། ཁྱད་པར་མངོན་རྟོགས་རྒྱན་མདོ་དང་སྦྱར་བའི་བཤད་པ་རྒྱས་པར་གསུངས་ནས་རྫོགས་དུས་མཆོད་པ་རྒྱས་པ་གཅིག་གྱིས་གསུངས་ནས་གཞན་རྣམས་ཀྱིས་ཀོང་བུ་དག་བླངས་ཚར་བས། རྒྱལ་ཚབ་ཀྱིས་ཀ་ཏོ་ར་ཆེན་པོ་ཞིག་ཏུ་སྡོང་བུ་བང་ཙམ་གྱི་མར་མེ་གཅིག་བྱས་པས་མར་མེ་ཐམས་ཅད་ལ་གཟིགས་ཏེ། ཐམས་ཅད་ཀ་ཏོ་རར་བླུགས་གསུངས་ནས་ད་དེ་དག་ལ་དཀའ་བཅུས་ཟིན་བྲིས་ཀྱིས་ལ་ཊཱིཀྐ་གཅིག་རྩོམ་ཞེས་གནང་བ་བྱིན་ཞིང༌། དོན་གྱིས་རྒྱལ་ཚབ་ཏུ་དབང་བསྐུར་ཞེས་གསུངས། ༼ཞོ༡༡༡༽དེ་ནས་ལྷས་དགོན་གསར་དུ་བློ་གསལ་དུ་མར་ཚད་མ་རྣམ་འགྲེལ་གྱི་གཞུང་དོན་ཐམས་ཅད་ལམ་དུ་བསྒྲིགས་པ་གསུངས་པས། ཐར་ལམ་ཚོལ་བྱེད་ཀྱི་སྒྲོན་མེ་འདི་ཁོ་ནར་ལྷ་མི་ཀུན་གྱིས་གོ་བར་གྱུར། ༼ཟོ༡༡༢༽དེ་ནས་མི་དབང་གྲགས་པ་རྒྱལ་མཚན་པས་སྤྱན་དྲངས། འོན་སྡེ་ཆེན་སྟེང་དུ་ཕེབས། སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་དང་བཅས་པས་དབྱར་བཞེས། ལམ་རིམ་གྱི་ཁྲིད་དང་དབུ་ཚད་སོགས་མང་དུ་གསུངས། ༼འོ༡༡༣༽དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་གླིང་དུ་ཕེབས། ལམ་རིམ་དང་བསྐྱེད་རྫོགས་ཀྱི་ཆོས་གསུངས། དཔོན་སློབ་རྣམས་སྐུ་མཚམས་དམ་ཞིང་ཐུགས་དམ་ལྷུར་མཛད་པས། འདི་ནས་རྗེ་འདི་བདེ་སྟོང་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་དུས། བྱ་བྱེད་འགྲོ་འོང་མི་གཟིགས་པའི་མཉམ་བཞག་བརྟན་པོ་བརྙེས་ཚུལ་མཛད། རྗེ་བཙུན་འཇམ་དབྱངས་ཀྱིས་སློབ་དཔོན་ཀླུ་བྱང་གི་རྣམ་བཞག་རིམ་པའི་རྣམ་བཤད་རྩོམས། ཕན་ཐོགས་ཆེན་པོ་འོངས་གསུངས་ཏེ་བསྐུལ་བས་འཕྲལ་དུ་མཛད། འདི་དུས་གསང་འདུས་རིམ་ལྔའི་གནད་དོན་རྟོགས་ནས་ལོ་བཅུ་སོང་བ་ཡིན་སྣང༌། སྔོན་རྒྱ་སོག་ཕུར་འདི་དག་གཞུང་ལ་བརྟེན་ནས་ཕན་པ་རྒྱ་ཆེན་པོ་འོངས་གསུངས་པའི་བྱིན་རླབས་ཀྱིས་བསྐུལ་བས། སྤྱན་སྔ་སོགས་དམ་པ་དུ་མས་གསོལ་བ་བཏབ། རྒྱུད་སྡེ་བཞིའི་ལམ་ཐམས་ཅད་ཉམས་སུ་ལེན་ཚུལ་གྱི་གསང་སྔགས་ལམ་རིམ་བརྩམས་པར་མཛད་ཅིང་དུ་མ་གསུངས། དེའི་ཚེ་རྩུབ་ལྟས་ཅི་རིགས་བྱུང་བས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དཔའ་ཅིག་གི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་རྩོམ་པར་མཛད། བཟློག་པ་སོགས་མཛད་པས་ཚེགས་མེད་པར་བར་ཆད་ལོག །ཐུགས་དམ་ཤིན་ཏུ་འཕེལ། ལོ་གཉིས་བཞུགས། ལུང་པ་དེ་ལ་གསང་སྔགས་ནང་དུ་གྲགས་སོ། །

   ༼ཡོ༡༡༤༽དེ་ནས་བྱང་ཆུབ་ལུང་དུ་དགུན་བཞུགས་པར་མཛད། སྔགས་མཚན་ཉིད་ཀྱི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་གསང་སྔགས་ལམ་རིམ་གསུངས། ༼རོ༡༡༥༽དེ་ནས་སོས་ཀ་སྐྱིད་ཤོད་དུ་ཕེབས། སེ་ར་ཆོས་སྡིངས་སུ་དབྱར་བཞེས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཞལ་གཟིགས་ཤིང༌། དེ་ནས་འབྲལ་མེད་དུ་སྲུང་མ་མཛད་པར་བཤད། སྲས་ཀྱི་མཆོག་རིགས་ལྡན་གྲགས་པའི་རྣམ་འཕྲུལ་མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་དེ་རུ་མཇལ། སྐུ་མཚམས་དམ་པོར་མཛད་དེ་གཅིག་པུ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་རྡུལ་ཚོན་དུ་དབང་བསྐུར་མཛད་དེ་གསང་འདུས་རིམ་ལྔ་དང༌། མ་རྒྱུད་ཀྱི་རྫོགས་རིམ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་འགའ་ཞིག་ལ་གསུངས། དབུ་མ་རྩ་ཤེའི་རྣམ་བཤད་བརྩམས། དཀའ་གནས་ཤིག་ཏུ་བླ་མ་དང་རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་བཏབ་པས་ཡུམ་གྱི་མདོའི་སྟོང་ཉིད་ཉི་ཤུའི་འགྲེལ་རྐང་གསེར་བཙོ་མའི་མདོག་ཅན་ནམ་མཁར་འཁྲིགས་པ་གཟིགས་པ་ཡང་བྱུང༌། དོགས་པ་ལྷག་མེད་དུ་རྟོགས་ནས་ལེགས་བཤད་སྙིང་པོ་དང་གཉིས་ཀ་བརྩམས། ༼ལོ༡༡༦༽དེའི་ཚེ་ཏཱ་མིང་རྒྱལ་པོས་གདན་འདྲེན་གྱི་ཏཱ་ཞིན་བཞི་འོངས་པས་འབུལ་བ་ཞབས་ཏོག་ཕུལ། རྒྱུ་མཚན་འབུལ་མི་བྱམས་ཆེན་ཆོས་རྗེ་གནང༌། དེ་ནས་གསང་བདེ་དགའ་སྐྱོར་ཟུལ་གསུམ་གྱི་གདན་ས་པ་ཐང་སག་པ་སོགས་བཤེས་གཉེན་དྲུག་བརྒྱ་ལྷག་པར་སེ་རར། རྩ་ཤེ་དང༌། དྲང་ངེས་རྣམ་འབྱེད། བཞི་བརྒྱ་པ། སྔགས་རིམ། རྩ་ལྟུང༌། བླ་མ་ལྔ་བཅུ་པ་སོགས་བཤད། ལམ་རིམ་ཁྲིད་དང་དབྱར་བཞེས་དང༌། ལོ་གཉིས་བཞུགས། ༼ཤོ༡༡༧༽དེ་ནས་མི་དབང་གྲགས་རྒྱན་གྱིས་སྤྱན་དྲངས། སྐྱིད་སྨད་གྲུམ་བུ་ལུང་དུ་ཕྱག་བཏེགས་བཤེས་གཉེན་ལྔ་བརྒྱ་རེ་ཕྱག་ཕྱིར་འབྲང་བ་དང༌། ཕྱོགས་ནས་འདུས་པ་དང་བཅས་སྟོང་ལྷག་པར་དགུན་བཞུགས། ལམ་རིམ་དང༌། ལཱུ་ཨི་བའི་སྒྲུབ་ཐབས་དང༌། དཔྱིད་ཀྱི་ཐིག་ལེ་གསུམ། ༼སོ༡༡༨༽དེ་ནས་བྱི་ལོའི་སྟོན་ཙམ་ནས་བཀའ་ཆེམས་བཀའ་ཁོལ་མ་ལས་དེ་ལ་བསྙེན་བཀུར་ཆེར་མཛད་ཅེས་གསུངས་པ་ལྟར། ལྷ་སའི་སྨོན་ལམ་གྱི་སྔོན་དུ་ཞིག་གསོས། ལྡེབ་རིས་གསོ་བ། བྲིས་འབུར་ཐམས་ཅད་ལ་གསེར་ཤོག་དང་ཚོན་བྱུགས། ན་བཟའ་འཚེམ་པ་དང༌། བ་དན་བཟོ་བ་སོགས་བྱས་པ། ༼ཧོ༡༡༩༽དེ་ནས་མདོ་སྡེ་གདམས་ངག་འབོགས་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ཟུར་དུ་བསྒྱུར་བ་ལས། བློ་བཟང་ཞེས་བྱའི་སྐྱེས་བུ་འབྱུང༌། །འཁོར་ནི་རྣམ་བཞི་རབ་བསྡུས་ནས། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུག་ཅིང༌། །ཞེས་སོགས་ཀྱི་ལུང་བསྟན་པ་ལྟར། བྱི་ལོ་ཟླ་བ་བཅུ་གཉིས་པའི་སྨད་ལ་ལྷ་སར་ཕེབས། གནམ་གང་གི་ཉིན་སྙན་གསན་འབེབས་པའི་མཆོད་པ་མཛད་ནས་མི་རེ་ལ་མར་ལྷ་སའི་སྲང་ཉག་བཞི་ཙམ་རེ་དང༌། ཇ་དཀར་ཞོ་དྲུག་ཅུ་རྩ་གྲངས་ཀྱི་མང་ཇ་མཛད། དགེ་འདུན་ཁྲི་རྭ་ཅན་འདུས། ཚེས་གཅིག་ནས་བཅོ་ལྔའི་བར་ཇོ་བོ་རིན་ཆེའི་དབུ་རྒྱན་རིགས་ལྔ་གསེར་གར་བླུགས་ལས་སྒྲུབ་པ་ལ་རིན་པོ་ཆེའི་ཁྱད་འཕགས་དུ་མས་ཕྲ་རྒྱན་རྨད་དུ་བྱུང་བ་དང༌། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ་དངུལ་གར་བླུགས་ཀྱི་དབུ་རྒྱན་ཁྱད་འཕགས་ཕུལ་ཏེ། བསྟན་པ་དང་སེམས་ཅན་གྱི་ཕན་བདེ་རྒྱས་ཤིང་ཡུན་རིང་བ་དང་ཐམས་ཅད་བླ་མེད་བྱང་ཆུབ་ལ་འགོད་པར་ལུང་བསྟན་དུ་མ་དང་མཐུན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །ཞེས་དང༌། གདམས་ངག་འབོགས་པ་ལས། ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་སྐུ་གཟུགས་རྣམ་གཉིས་ལ། །དབུ་རྒྱན་དབུལ་ཅིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོགས་ཤིང༌། །ང་ལ་གསོལ་བ་བཏབ་པ་ནས། །བསྟན་པ་ལོ་སྟོང་བར་དུ་གནས། །ཞེས་གསུངས་སོ། །དེ་ནས་ཇོ་བོའི་མདུན་དུ་དངུལ་གྱི་ལྷུང་བཟེད་ཆེ་ཚད་དེའི་ཁར་དངུལ་གྱི་མཎྜལ་དང༌། ཇོ་ཞལ་གསུམ་ལ་ཉིན་རེ་བཞིན་ཞལ་གསེར་དང༌། ཚེས་བརྒྱད་དང་བཅོ་ལྔ་ལ་སྐུ་ཡོངས་རྫོགས་ལ་གསེར་ཆབ་དང༌། ཇོ་བོ་རྣམ་གཉིས། ཐུབ་པ་གངས་ཆེན་མཚོ་སོགས་སྤྲུལ་སྐུའི་འབུར་དོད་ཐམས་ཅད་ལ་བླ་གོས་དང་སྣམ་སྦྱར། སེམས་དཔའ་དང་ཁྲོ་བོ་རྣམས་ལ་སྟོད་གཡོགས་དང་སྨད་གཡོགས། མདོ་མང་པོ་ལྟར་གཙུག་ལག་ཁང་ཆེ་ཆུང་རྣམས་ཀྱི་ཏོག་དང༌། བྱ་འདབ་དང༌། རྩེ་ཟུར་ཕན་ཚུན་ཐ་གུས་སྦྲེལ་བ་ལ་བ་དན་དང༌། རྔ་ཡབ་དང༌། དྲིལ་བུ་བར་མ་ཆད་པས་སྤྲས་པ། ཕྱི་སྐོར་ཆེན་པོའི་ཕྱི་རོལ་ནས་ཤིང་ཤིན་ཏུ་རིང་བ་བཅོ་ལྔར་བ་དན་བཅོ་ལྔ་ཕྱོགས་སྐྱོང་བཅོ་ལྔའི་སྐུས་ཏོག་བྱས་པ་དང༌། དེའི་འོག་ཏུ་སྔགས་བྲིས་པ་རང་རང་གི་ཁ་དོག་ཅན་རང་རང་གི་ཕྱོགས་སུ་བཙུགས་ནས་ནུབ་རེ་བཞིན་དེ་དག་གི་རྩ་བའི་གཏོར་སྟེགས་ཁར་ཕྱོགས་གཏོར་དང༌། དེ་དག་གི་བར་བར་དུ་གདུགས་དཀར་གྱི་རྒྱལ་མཚན་ལ་སོགས་པ་རང་རང་གི་ཆོ་ག་བཞིན་དུ་བཙུགས་ཤིང༌། ཤེར་མདོ་ལྟར་བ་དན་རྣམས་ཀྱི་བར་དུ་ཐ་གུས་སྦྲེལ་བར་འཕན་དང་རྔ་ཡབ་དང༌། དྲིལ་བུ་ལ་སོགས་པ་བར་མ་ཆད་པས་སྤྲས་པ། ཁྱམས་ནང་མ་ཡན་ཆད་ལ་དཀར་མེ་བཞི་བརྒྱ་ཙམ་དང༌། ཤེར་མདོ་ལྟར་ཕྱི་ནང་བར་གསུམ་གྱི་ཁོར་ར་ཁོར་ཡུག་ཏུ་མར་མེ་ནི་བར་སྐོར་ལ་བརྒྱ་ལྷག་དང༌། ཕྱི་སྐོར་ལ་རྡོ་རིང་གི་འགྲམ་གཡས་གཡོན་ཇོ་བོའི་ཞལ་དྲང་ཐད་དུ་ཀོང་བུ་ཆེན་པོ་ཕྱོགས་རེ་ལ་འདོམ་གསུམ་གསུམ་ཡོད་པའི་དཀར་མེ་ཆེན་པོ་དང༌། ཕྱི་སྐོར་ལ་ཁོག་མ་ཆེ་བ་སྡོང་བུ་ལག་པ་ཙམ་པ་མདའ་ཚད་ཀྱི་མར་མེས་ཕྱི་སྐོར་འཁོར་བ་དང༌། དེ་བཞིན་དུ་རྭ་མོ་ཆེ་སོགས་དང༌། ནང་གི་ཁྱམས་ཕྱི་མའི་ཀ་ཚར་གྲངས་དང༌། ཡོན་ཆབ་བརྒྱ་ཕྲག་བརྒལ་བ་ཁ་ཆེ་གུར་ཀུམ་བྲེ་དུ་མ་ཉིན་རེ་བཞིན་བཏབ་པ། སྤོས་ཀྱི་རེངས་བུ་མི་འདྲ་བ་དུ་མ་བསྲེགས་པའི་དུད་པས་སྐོར་ལམ་ཁྱབ་ཅིང་བར་སྣང་ལ་སྤྲིན་བཞིན་འཁོད། སྐོར་ལམ་ཚུན་སྤོས་ཆུས་ཆག་ཆག་བཏབ། ཞལ་ཟས་མདའ་ཚད་ལྷག་ལ་མར་གྱི་རྒྱལ་སྲིད་སྣ་བདུན་སོགས་ཀྱིས་སྤྲས་པ་བརྒྱ་རྩ་བརྒྱད་རེ་ཉིན་རེ་བཞིན་དུ། རྡོ་རིང་གཡས་གཡོན་དུ་ས་སྟེགས་ལ་རྩམ་ཁལ་བཞི་བརྒྱ་རེ་ལས་བྱས་པའི་ལྷ་བཤོས་ཆེན་པོ་རྒྱན་དཔག་མེད་ཀྱིས་སྤྲས་པ་ལ་བ་དན་གྱི་བརྒྱན་པ་རེ་བྱས། གཞན་ཡང་གྱེ་རེ་མན་ཕྲེང་ནས་གཏེར་དུ་བཞེས་པའི་དངུལ་ཐམ་རྟ་མགོ་མ་སོགས་ཕུལ་ཞིང་མཆོད་ཡུལ་མཆོད་རྫས་མཆོད་བྱེད་ཐམས་ཅད་བདེ་སྟོང་གིས་རྒྱས་བཏབ་སྟེ་ཕུལ་བའི་ཚེ། ནམ་མཁའི་དབྱིངས་ཐམས་ཅད་རིགས་ལྔའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཏིལ་གྱི་གང་བུ་ལྟར་གང་བ་དང༌། ལྟུང་བཤགས་འདོན་དུས་དེ་དག་གི་འོག་གཞི་ཙམ་གྱི་ནམ་མཁར་སངས་རྒྱས་སོ་ལྔ་དང་སྨན་བླ་བདེ་གཤེགས་བདུན། བྱམས་པ་ཚེ་དཔག་མེད་སྒྲོལ་མ་གདུགས་དཀར་དབྱངས་ཅན་མ་རྣམས་དང༌། གྲུབ་ཆེན་བརྒྱད་ཅུ་ཀུ་ཅོར་གསུང༌། རྗེ་རང་གི་དབུའི་སྟེང་ན་རིགས་གསུམ་མགོན་པོ་དཀར་ཕྱོགས་ཀྱི་ཆོས་སྐྱོང་ཕལ་ཆེར་ཡང་ཡོད་པར་མཁན་ཆེན་ཕྱག་རྡོར་པའི་གསུང་ལས་སོ། །དེ་དུས་ཀུ་ཅོར་པ་ལྷ་སའི་རགས་ཁར་མཚམས་བྱས་ཡོད་པ་གྲོལ་ནས་ཕྱིན་པས་གླང་ཆེན་གདོང་ནས་ཤ་བ་རི་དང་ཕྲད་ཅིང༌། གྲུབ་ཆེན་བརྒྱད་ཅུ་སྨོན་ལམ་ལ་ཕེབས་པ་དང༌། ནམ་གུང་གྲུབ་ཆེན་བརྒྱད་ཅུས་སྐོར་བ་དང༌། སྨོན་ལམ་བྱེད་པ། ལྷ་ཀླུས་བསྐོར་བ་མཐོང་ཚུལ་ཡང་བྲིས་ན་ལེགས། དེའི་སྐྱ་སེར་གྱིས་སྐོར་བ་རྒྱུན་མི་འཆད་དོ། །བུད་མེད་ཞིག་གིས་གཙུག་ལག་ཁང་ལ་འཁྱུད་ནས་མེ་སྲུང་བ་རྨིས་པ་དང༌། སྐྱེ་བོ་མཐའ་ཡས་པ་སྐོར་ལམ་ནས་ནམ་མཁའ་ལ་འགྲོ་བ་གར་འགྲོ་བྱས་པས། ངེད་ཅག་ཇོ་བོ་ལ་མཆོད་པས་ཚངས་པའི་འཇིག་རྟེན་དུ་འགྲོ་ཟེར་བ་རྨིས་ཤིང༌། ༼ཨོ༡༢༠༽ཇོ་བོའི་མདུན་དུ་རྗེས་མར་མེ་ཟན་སྒྲིལ་རྨི་ལམ་བརྟགས་པ་གསུམ་གྱིས་དགོན་གནས་བརྟགས་པས་དགའ་ལྡན་བཟང་བའི་རྟགས་བྱུང༌། དགའ་ལྡན་ལ་ཕེབས། ཞབས་ཀྱིས་བཅག །རྒྱལ་ཚབ་དང་འདུལ་འཛིན་སོགས་ཀྱིས་དང་པོར་ས་གཞི་བརྟགས་པ་དང༌། བརྟགས་ནས་དགེ་འདུན་ལ་གསོལ་བ་དང༌། དེ་ནས་དགེ་འདུན་གྱིས་གནང་བ་སྦྱིན་པ་དང༌། ལག་གི་བླ་བསྐོ་བ་དང༌། རྡོ་བཏེགས་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ་དང༌། ཚད་ལས་མ་ལྷག་པར་རྩིགས་པ་སོགས་ཀྱི་ཕྱག་ལེན་དག་ཐེར་ཅན་མཛད་དེ། འཇམ་དཔལ་རྩ་རྒྱུད་ལས། དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོང་གྱུར་ན། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་གསལ་བར་ལུང་བསྟན་པས། ཁྱོད་ནི་རྗེ་བཙུན། བྱིས་པ་ནི་སོ་སྐྱེའི་ཚུལ་བཟུང་བ། སངས་རྒྱས་མཛད་པ་བྱེད་པ་སངས་རྒྱས་འདྲ་བ་འོང་བ་སྟེ། ལབ་སྒྲོན་གྱི་རྣམ་བཤད་ཆེན་མོ་ལས། རྒྱལ་ཁྲིམས་འཆུགས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་དགེ་སློང་གཅིག་འབྱུང་བྱས་པ་དེ་ད་ལྟར་བཤད་པའི་དགེ་སློང་གྲགས་པའི་མཚན་ཐོགས་པ་འདི་ཡིན། དགེ་སློང་དེས་བསྟན་པ་འཆོལ་བ་མང་དུ་བྱུང་བ་རྣམས་ཚར་གཅོད་ཅིང༌། ཡང་དག་པའི་དོན་དང་བསྟན་པ་རྣམ་དག་གི་ཁྲིམས་སྲོལ་བཏོད་པ་ནི་འཛམ་བུའི་གླིང་དུ་ཐུབ་པས་ཆོས་འཁོར་བསྐོར་བ་དང༌། སྙིགས་དུས་བོད་དུ་དགེ་སློང་གྲགས་པའི་མཚན་ཅན་བྱུང་ནས་ཆོས་སྲོལ་བཏོད་པ་ནི་མཚུངས་ཏེ། ཞེས་དང༌། མདོ་སྡེ་གདམས་ངག་འབོག་པ་ལས། འབྲི་དང་ལྡན་གྱི་ས་མཚམས་སུ། །དགའ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་སྐྱེས་བུ་འབྱུང༌། ཞེས་དང༌། གསང་བདག་གིས། དབང་བསྐུར་རི་ཡི་འདབས་དག་ཏུ། །བཙུན་མོ་ལྡིང་གི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དཔལ་འཆད། །མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས། །ཕྱོགས་བཅུར་སྡེ་དགོན་རྒྱས་པར་འབྱུང༌། །ཞེས་པ་ལྟ་བུ་མང༌། ༼ཀྲ༡༢༡༽དེའི་ཚེ་འོལ་ཁ་བསམ་གཏན་གླིང་དུ་བཞུགས། ཆོས་མང་དུ་གསུངས། གཉལ་ར་གྲོང་མཁན་པོའི་དགོངས་རྫོགས་ཀྱི་འབུལ་བ་གསེར་ཞོ་སྟོང༌། དངུལ་སོགས་ཀྱི་འབུལ་བ་བཞེས། གནས་དེར་སྟོན་མཚམས་བཅད། བླ་མ་དང་ཡི་དམ་འཇམ་དབྱངས་དབྱེར་མེད་ལ་གསོལ་བ་དྲག་ཏུ་བཏབ། གསལ་སྒྲོན་གྱི་ཟིན་བྲིས་བཏབ་དུས་ཀྱི་ལྟས་ངོ་མཚར་འབྱུང་ཚུལ་རྣམ་ཐར་ཐད་ཀར་འབྲི་ན་ཚེས་གྲངས་ཀྱི་ལྟས་རིམ་པར་བྲིས། གནས་གཅིག་གིས་ཆོག།།༼ཁྲ༡༢༢༽གླང་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ། འཇམ་དབྱངས་ལྷ་བཅུ་དགུའི་དཀྱིལ་འཁོར་ཡོངས་རྫོགས་དངོས་སུ་སྣང་བའི་གཡས་གཡོན་བྱམས་པ་དང་འཇམ་དབྱངས་བགྲོ་བ་མཛད་པ་གཉིས་ཀྱང་སྣང༌། དཀྱིལ་འཁོར་གྱི་གཙོ་བོས་རྒྱན་བཟང་པོ་སྣ་ཚོགས་པས་སྤྲས་པའི་རིན་པོ་ཆེའི་བུམ་པ་ཆུས་གང་བ་དར་བཟང་པོ་སྣ་ཚོགས་ཀྱིས་མགུལ་དཀྲིས་ཅན་རྗེ་ལ་སྟེར་རྩིས་ཀྱི་ཕྱག་བརྐྱངས་ནས། བུམ་ཆུ་འདི་ཇོ་བོ་ཆེན་པོ་ཨཏི་ཤ་སྙེ་ཐང་གི་སྐྱི་ཆུ་འགྲམ་ན་བཞུགས་དུས་རྗེ་བཙུན་འཇམ་དབྱངས་དང༌། རྗེ་བཙུན་བྱམས་པ་གཉིས། སྐུ་གསུམ་དང་གཅིག་གང་ཡིན་ལ་ཆོས་ཀྱི་བགྲོ་བ་མཛད་པའི་ཆུ་འདྲེས་པའི་ཆུ་ཡིན། འདི་ཇོ་བོ་ནས་བཟུང་སྟེ། ད་ལྟའི་བར་ལ་ལོ་སུམ་བརྒྱ་དང་བཅུ་སོང༌། དེ་བར་སྟེར་ས་མ་རྙེད། ད་ཁྱོད་ལ་སྟེར་བ་ཡིན་ནོ་གསུངས་པ་རྨིས། ཇོ་བོའི་ཐུགས་ལ་མངའ་བའི་སྐུ་གསུམ་ངོ་བོ་གཅིག་དང་ཐ་དད་ཚུལ། གསང་འདུས་ཀྱི་སྐུ་གསུང་ཐུགས་གཅིག་དང་ཐ་དད་ཚུལ་བཞིན་མཁྱེན་དགོས་པ་ཁྱོད་བར་དུ་མ་རྟོགས་ཞེས་ལུང་བསྟན་པ་སྟེ། གསང་འདུས་ཀྱི་སྒྱུ་ལུས་དང་ཟུང་དུ་འཇུག་ཚུལ་མ་རྟོགས་བར་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཇི་ལྟ་བ་བཞིན་མི་རྟོགས་པས་གསང་འདུས་ཡོད་མེད་ཀྱིས་བསྟན་པ་ཡོད་མེད་དུ་གསུངས་པའང་དེ་ཡིན་ནོ། །དེ་དུས་བདེ་མཆོག་གི་ཞལ་ཐང་དང་ཚེས་བཅུའི་མཆོད་པའི་རྫས་བཀོད་ནས་ཤིད་ཟན་གཏོང་བ་ཡིན་ཟེར་བའི་ཡི་གེ་གཅིག་མཐོང་བ་རྨིས། ༼གྲ༡༢༣༽དེ་ནས་ཚེས་བཞིའི་ནུབ་མོ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཁྲི་ཞིག་གི་སྟེང་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཡིན་ཟེར་བའི་བླ་མ་གཅིག་བཞུགས་པ་དེས། དཔལ་གསང་འདུས་རྩ་རྒྱུད་ཀྱི་གླེགས་བམ་གཅིག་གནང་ནས་འདིའི་བདག་པོ་གྱིས་ཤིག་གསུངས་པ་མཇུག་ནས་ཅུང་མ་ཚང་ངམ་སྙམ་དུ་གཟིགས་པས་ཐམས་ཅད་ཚང་འདུག །དེ་ནས་ཕྱག་གཉིས་ཀྱིས་གླེགས་བམ་དེ་བླངས། ཧཱུཾ་བཛྲ་ཨུ་ཏིཥྛ་ཞེས་པའི་སྔགས་ཕྱག་རྒྱས་ལན་གསུམ་དབུའི་སྟེང་དུ་བཏེགས། ཁར་སང་ནུབ་སྔོན་མ་ལ་བུམ་པ་ཆུས་གང་བ་སྟེར་རྩིས་བྱེད་པའང་འདིའི་ལྟས་ཡིན་པར་འདུག་དགོངས་པ་བྱུང་ངོ༌། །༼དྲ༡༢༤༽ཚེས་ལྔ་པར་མར་པའི་ཐུགས་བཅུད་བསྲེ་འཕོའི་སྐོར་མང་དུ་ཡོད་པར་ཐུགས་ངེས་བྱུང༌། ༼ཅྲ༡༢༥༽ཚེས་དྲུག་ལ་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ་བ་སྐོར་དགུ་འཕགས་པ་ཡབ་སྲས་དང་རྒྱུད་ཀྱི་དགོངས་པར་ངེས་པ་སྔོན་མེད་རྨད་བྱུང་བརྙེས། ༼ཆྲ༡༢༦༽ཚེས་བདུན་པར་རྟོགས་བསྲེ་སྟེ་སྤྱོད་བསྡུས་གཟིགས་པས་གཉིད་དང་རྨི་ལམ་གྱི་བསྲེ་བའི་སྐོར་ཡང་གསལ་བོར་ཡོད་པ་གཟིགས་པས་ངེས་པ་ཤིན་ཏུ་མང་པོ་རྙེད། ནུབ་སྔོན་མར་བདེ་མཆོག་གི་བརྟེ༷ན་པའི་དཀྱིལ་འཁོར་གྱི་བྲིས་སྐུ་ཞིག་གི་འོག་ན་བདེ་མཆོག་གི་ཚེས་བཅུ་བྱེད་པའི་བཀོད་པ་བྲིས་པ་དང༌། དེའི་འོག་ན་ཤིད་ཟན་གཏོང་བ་ཡིན་ཟེར་བའང་བདེ་མཆོག་དུས་ཕྱིས་ཤི་བ་ལྟ་བུར་གྱུར་པ་རྗེས་གསལ་བར་བྱེད་པ། མི་ཤི་བའི་རྗེས་སུ་ཤིད་ཟན་གཏོང་བ་ལྟ་བུ་ཡིན་ཟེར་བ་དེ་དུས་ནུབ་བདུན་པར་གོ་ཞེས་པའོ། །༼ཇྲ༡༢༧༽དེ་ནས་རྟ་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་དགའ་ལྡན་དུ་ཕེབས། ལམ་རིམ་སྒྲོན་གསལ་རིམ་ལྔའི་ཁྲིད་དང་བཅས་པ། མངོན་པ་ཀུན་བཏུས། ས་སྡེ། ཚད་མའི་དཀའ་གནས་ཀྱང་མང་དུ་གསུངས། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་བཏུས་གཉིས་ཀྱི་ཊཱིཀྐ་མཛད། དེའི་ཕྱི་ལོ་རིམ་ལྔ་གསལ་པའི་སྒྲོན་མེ་དང་གདན་རྫོགས་ཀྱི་ཁྲིད་ཡིག་རྣམས་མཛད། ༼ཉྲ༡༢༨༽དེ་ནས་ང་ལྔ་པ་ཡོས་ལོའི་དགུན་སྟོད་ལ། རྗེ་རང་གིས་གཙོ་མཛད་སུམ་ཅུ་རྩ་གྲངས་ཀྱིས་སྐུ་ཚེ་འཕེལ་བ་དང་བར་ཆད་བཟློག་ཐབས། རྡོ་རྗེ་འཇིག་བྱེད་ཀྱི་རྒྱས་པའི་འཁྲུལ་འཁོར་མང་དུ་མཛད་ཅིང༌། སྔ་དྲོ་བྱམས་བཞུགས་ན་བཟའ་སེར་པོ་སོགས་རྒྱས་པའི་བཟླས་སྒོམ་དང༌། ཕྱི་དྲོ་དྲག་ཆས་བཞུགས་སྟངས་སོགས་ཀྱི་ཕྱིར་ཟློག་གི་བཟླས་སྒོམ་ཡུན་རིང་མཛད་པས། སངས་རྒྱས་ཐམས་ཅད་དང༌། འཇིགས་བྱེད། འཁོར་ཆེན། སྒྲོལ་མ། གདུགས་དཀར། འཇམ་དབྱངས། ཚེ་དཔག་མེད་སོག༷ས། གཙུག་ཏོར་རྣམ་རྒྱལ། འོད་ཟེར་ཅན་སོགས་གཟིགས། རྗེའི་ཞལ་ནས། ད་དུང་ལན་མང་བྱས་ན་དགའ་རབ་ཡོང་བ་ཨེ་ཡིན་གསུངས། ༼ཏྲ༡༢༩༽འབྲུག་ལོའི་སྟོན། ཡང་ཡང་བཤད་པ་ཨེ་ཡོང་མི་ཤེས། ད་ལན་རྒྱུད་སྡེ་བཞིའི་གཙོ་བོ་རྣམས་ཀྱི་བཤད་པ་རེ་སྨོན་ཡུལ་དུ་བྱེད་པ་ཡིན་གསུངས་པར། འཁོར་གྱི་ཐོག་མ་རྣམས་ཀྱིས་གསོལ་བ་བཏབ་སྟེ། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བདུན་ནས་རྗེ་དཔོན་སློབ་སུམ་ཅུ་རྩ་གྲངས་མཚམས་བྱས། སངས་རྒྱས་ནམ་མཁའ་ཁྱབ་ཙམ་འཇམ་དབྱངས་སོགས་གཟིགས། དེའི་ཚེ་ལན་གཅིག་ཐུགས་དམ་ལ་བཞུགས་པའི་སྟེང་གི་སྣ་རྩེའི་ཕྱོགས་ཀྱི་ཨ་བ་དྷུ་ཏི་ནས། ཨེ་ཝཾ་གྱི་གཟུགས་ཀྱི་ཐག་པ་ལྟ་བུ་སྐྱ་ན་ར་ར་འོངས་པ་གཅིག་མནལ་ལམ་དུ་བྱུང༌། དུས་དེ་ནས་ཐུན་མོང་མིན་པའི་ཞི་བདེ་ཁྱད་པར་ཅན་སྐྱེས། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལས། བརྟུལ་ཞུགས་མེད་ཀྱང་འགྲུབ་པར་འགྱུར། །ཞེས་དང༌། ཐམས་ཅད་འདུས་པའི་ཚུལ་ཅན་ནོ། །སྔགས་བཟླས་གཏོར་མའང་དེ་ཉིད་ཡིན། །ཞེས་བསྔགས་པའི་སངས་རྒྱས་ལག་གཏོད་ཀྱི་ཟབ་ལམ་ཟབ་པས་ཀྱང་ཟབ་པ་བརྙེས། ༼ཐྲ༡༣༠༽ང་དྲུག་པའི་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ལ་ཡང་སངས་རྒྱས་ཐམས་ཅད་དང༌། མཆོག་གི་དངོས་གྲུབ་སྟེར་བའི་ལྷ་གསུམ། བདུད་ཟློག་གི་ལྷ་གཉིས་སོགས་གཟིགས་ཤིང་མཚན་མ་བརྟན་པོ་གཅིག་བྱུང་བས། ད་འབུང་ན་དགའ་རབ་ཡོང་བ་འདྲ་གསུངས། དེའི་ཉེར་དགུ་ལ་རྩ་བའི་རྡོ་རྗེ་སློབ་མ་བདུན་ནང་དུ་བཏང་སྟེ། བཟླས་སྒོམ་ལ་འབད་པས་གནོད་བྱེད་བཞིའི་གཅིག་གིས་གདན་ས་འདིའི་བླ་རབས་བཅུ་གསུམ་དུ་ཕྱིན་ཆད་མི་གནོད་པའི་དམ་བཅའ་བྱས། དེ་ནས་ཡང་གཟིར་བས་རྗེ་སྐུ་ཁམས་ཅུང་མི་བདེ་བ་གཅིག་ལ་བཞེངས་ནས་ཞབས་བསྐོར་འགའ་མཛད་ནས་བཞུགས་སྟངས་ཀྱིས་བཞུགས་པར། སྟོན་པ་ཤཱཀྱའི་རྒྱལ་པོ་གསེར་བཙོ་མའི་མདོག་ལྡན་གཟི་བརྗིད་ཉི་མ་བྱེ་བར་འབར་བ་བདུད་འདུལ་གྱི་ཕྱག་རྒྱ་ཅན་གཅིག་གཟིགས། ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས་ཐིམ་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ལ་བག་ཚ་བ་མེད་པའི་ཏིང་ངེ་འཛིན་བརྙེས། དེ་མ་ཐག་ཡེ་ཤེས་མགོན་པོ་དང༌། ཕྱག་བཞི་པ། གུར་མགོན། ཆོས་རྒྱལ། རྣམ་སྲས་སོགས་གཟིགས་པའི་ནང་ནས་ཡེ་ཤེས་མགོན་པོས་སྣ་དྲངས། ཆོས་ཀྱི་རྒྱལ་པོས་གནོད་བྱེད་ཀྱི་གཙོ་བོའི་མགྲིན་པ་བཅིངས་ནས་ཁྲིད། གནོད་སྦྱིན་ཀྵེ་ཊ་པཱ་ལས་རྒྱབ་ནས་དེད་ཅིང༌བསྡིགས་བཞིན་དུ་ཁྱེར་འོང་བའི་མགོ་གྲི་གུག་གིས་བཅད་ནས་རྗེས་ཏིང་ངེ་འཛིན་གྱི་ཧོམ་ཁུང་དུ་བཅུག་པ་དང་མཉམ་དུ་ཕྱི་རོལ་གྱི་ནག་ཕྱོགས་ཀྱི་གཟའ་རྒྱལ་པོ་ཀླུ་ཤ་ཟ་བཞི་སྡེ་བཅས་དམག་ཕམ་མོ་ཞེས་པའི་སྒྲ་སྐད་ངུད་མོ་དང་བྲོས་པ་མདུན་གྱི་མང་པོས་ཀྱང་གསན་ནོ། །བྲོས་པའི་ཁྲོད་ནས་ཡང་གཅིག་དེ་ལྟར་བཅོམ་པ་གཟིགས། དེ་ནས་རིམ་གྱིས་སྙུན་དྭངས་ནས་ལྷ་དང་བཅས་པའི་མགོན་དམ་པར་གྱུར་ཏོ། །དེ་དུས་བར་ཆད་ཀྱི་མཚན་མ་རེ་བྱུང་རེས་ཀྱིས་རྗེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བཟོད་པར་དཀའ་བ་དང༌། འཁོར་ལོ་ཆེན་པོ་སྐུ་རགས་ལ་སྦོམ་པ་སྤྱན་འབྲས་ཉི་མ་བྱེ་བ་ལྟ་བུ་བསྐལ་པའི་མེ་འོད་ཅན་ཆེན་པོ་ཚངས་པའི་འཇིག་རྟེན་དུ་སླེབས་པ་ལྟ་བུ་གཟིགས་རེས་ཀྱིས་མྱུར་དུ་ཞི་འགྲོ་ཞིང༌། སངས་རྒྱས་བྱང་སེམས་ནམ་མཁའི་ཁམས་ཁྱབ་པ། གཙུག་ཏོར་རྣམ་རྒྱལ། སྒྲོལ་མ། གདུགས་དཀར། འོད་ཟེར་ཅན། སྨན་བླ། ཚེ་དཔག་མེད་ཀྱི་སྐུ་ཕལ་ཆེར་རྒྱུན་དུ་འབྱུང༌། ཡེ་ཤེས་མགོན་པོ། གུར་མགོན། ཕྱག་བཞི་པ། རྣམ་སྲས་ཀྱང་ནར་མར། ཁྱད་པར་དུ་ཆོས་རྒྱལ་དང༌། ཀྵེ་ཊ་པཱ་ལ་བྲན་བཞིན་དུ་སྐུ་དངོས་དང་གཟུགས་ཕྱག་གཡོག་པ་ཅི་རིགས་བྱས་པས་འཕྲིན་ལས་གཡེལ་མེད་དུ་སྒྲུབ་བོ། །འདི་དག་གོང་གི་འབྲི་ཚུལ་ཡིན་ཟུར་དུ་མ་བྲིས་ཀྱང་ཆོག།།༼དྲ༡༣༡༽དེའི་ཕྱི་ལོ་ང་བརྒྱད་པར་དབྱར་མི་དབང་གྲགས་རྒྱན་གྱིས། འོན་གྱི་བཀྲ་ཤིས་དོ་ཁར་སྤྱན་དྲངས། ལུང་བསྟན་གསལ་བའི་མེ་ལོང་ལས། པདྨའི་དང་ལྡན་གྱི་སློབ་མ་དགེ་སློང་བདེ་བའི་འབྱུང་གནས་འདི་ཡང་བོད་དུ་དགེ་བ་ལ་འདུན་པ་བཟང་པོའི་མཐའ་ཅན་གྱི་དགེ་སློང་དུ་གྱུར་ནས་བློ་བཟང་གྲགས་པའི་བསྟན་པ་སྤེལ་ཞེས་སོགས་དང༌། རྗེ་དགེ་འདུན་གྲུབ་པ་རང་གིས་ཀྱང༌། དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་སོགས་ལྟར། རྗེའི་སྲས་ཀྱི་ཐུ་བོ་འཕྲིན་ལས་ནམ་མཁའ་དང་མཉམ་པ་དགེ་འདུན་གྲུབ་པས་ཀྱང་དེ་དུས་མཇལ། སེམས་དཔའ་ཆེན་པོ་ཀུན་བཟང་བ་དང༌། ཤེར་སེང་གིས་ཐུགས་རབ་བསྔགས་པ་ཕུལ་པས། རྗེས་ཀྱང་མཇལ་མ་ཁད་ནས་ཐུགས་ཤིན་ཏུ་དགྱེས་ཤིང༌། གསུང་ཆོས་ཐམས་ཅད་ཀྱང་ཐོབ་པར་མཛད་དོ་ཞེས་གནས་རྙིང་རིན་པོ་ཆེ་གསུངས། དེའི་ཚེ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་ཚད་དང་ལམ་རིམ་སོགས་གསུངས་ཤིང༌། གདན་ས་ཐེལ་ནས་སྤྱན་སྔ་རིན་པོ་ཆེ་ལ་དཔོན་སློབ་རི་དགེ་དང་བཅས་པ་དང༌། རྩེ་ཐང་ནས་ཆོས་རྗེ་དང་གཞུང་ལས་པ་བཤེས་གཉེན་ཐམས་ཅད་དང༌། སྣེ་གདོང་ནས་གོང་མ་ཆེན་པོ་དཔོན་བློན་མཐའ་དག་ཆོས་ཀྱིས་ཚིམ་ནས་དད་པའི་སྤུ་ལོང་གཡོ་ཞིང་ཐུགས་ཐག་པ་ནས་བསྔགས་པ་བརྗོད་པ་ཚངས་དབྱངས་འབྲུག་སྒྲ་ལྟར་སྒྲོགས་ཤིང༌། བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བྱིན་རླབས་ཅན་དེ་ཡང་དེ་དུས་བྱུང་བ་ཡིན་ནོ། །༼ནྲ༡༣༢༽དེ་ནས་དགའ་ལྡན་དུ་ཕེབས་བདེ་མཆོག་གི་བསྐྱེད་རིམ་འདོད་འཇོ་དང༌། རྫོགས་རིམ་ཆེ་ཆུང་སྒྲུབ་ཐབས་རྣམས་དང༌། སྒྲོན་གསལ་དག་ཐེར་དང་མཆན་ཅན། བསྡུས་དོན། ལེའུ་སོ་སོའི་མཐའ་དཔྱོད་རྣམས་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་བཤད་པ་མཐའ་དག་དང་གདམས་པ་རྒྱུན་མ་ཆད་པར་གསུངས། མདོ་སྔགས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བའི་ཐུགས་རྗེ་ཆེན་པོ་མཛད་དོ། །དེ་དུས་སྙུན་དྭངས་སྐབས་འཇམ་དབྱངས་གཟི་བརྗིད་རྨད་དུ་བྱུང་བ་གཅིག་གི་ཞལ་ནས་ད་ཕྱིན་ཆད་བསྐྱེད་རྫོགས་ཀྱི་ཐུགས་ཉམས་སུ་བཞེས་པ་ལ་འགྲུས་པར་མཛད་ན་སྔགས་བླ་མེད་ཀྱི་རྟོགས་པ་ཁྱད་པར་ཅན་མྱུར་དུ་འཁྲུངས་ཤིང༌། སློབ་མ་སྐལ་ལྡན་བདུན་ལ་ཡང་ལམ་གྱི་རྟོགས་པ་ཁྱད་པར་ཅན་རེ་སྐྱེ་བར་འགྱུར་གསུངས། རྗེས་ངེད་ཁམས་མ་སྙོམས་པས་རྟོགས་ལྡན་པ་ལ་དྲིས་གསུངས་ནས་དྲིས་པས། རྟོགས་ལྡན་པས་རྗེའི་ཐུགས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་འཁྲུངས་ཚར། ཕྱིའི་རྐྱེན་ཞིང་སྐྱེས་ཀྱི་ཕོ་ཉ་རྣམས་ཀྱིས་ཀྱང་གྲོགས་མཛད། ལྷག་པའི་ལྷས་ཀྱང་བྱིན་གྱིས་རློབས་པའི་རྒྱུ་ཚོགས། ལམ་དེ་མྱུར་དུ་འཁྲུངས་ཞེས་རྗེ་བཙུན་གྱིས་གསུངས། དེའི་ཚུལ་ཡང་རྟོགས་ལྡན་པའི་མནལ་ལམ་དུ་རྗེའི་མཆོད་རྟེན་ཡིན་ཟེར་བའི་དཀར་ཡོལ་གྱི་མདོག་ལྟ་བུ་ཕྱག་ཚད་ཤིན་ཏུ་རྫོགས་པ་ནོར་བུ་རིན་པོ་ཆེའི་ཏོག་ཅན་རྩེ་སྤྲིན་གསེབ་མཐོན་པོར་སླེབས་པ་ལ་མཁའ་འགྲོ་མ་མང་པོ་རིན་པོ་ཆེའི་དབུ་རྒྱན་ཅན་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་དཀར་པོས་གང་བ་དཔག་མེད་ཀྱིས་ཁྲུས་གསོལ་བ་དང༌། དེའི་མཐར་འབུམ་པ་མང་པོ་འདུག་ཅིང༌། བྱང་ན་མཆོད་རྟེན་དེའི་སེང་ཁྲི་དང་མཉམ་པ་བདུན་ལ་ཁྲུས་གསོལ་བ་དང་མཆོད་རྟེན་གཅིག་གི་གོ་ས་འདུག་པར་བདུད་རྩི་གསོལ་ཟེར་བར་ད་ལྟར་མ་བྱུང་བ་ཟེར་འབུམ་པ་རྣམས་གསོལ་ཟེར་བར་ད་དུང་མི་གསོལ་འདི་དག་འཆོས་དགོས་པས་བཅོས་ནས་གསོལ་ཟེར་བ་རྨིས། རྗེ་བཙུན་ལ་རྨི་ལམ་འདི་ཞུས་པས་སྔར་ལྟར་གསུངས་སོ། །༼པྲ༡༣༣༽སྒྲུབ་མཆོད་སོགས་འདུ་ཁང་དུ་བྱས་ན་དབང་མ་ཐོབ་པས་དཀྱིལ་འཁོར་མཐོང་བའི་དགག་བྱ་ཆེ་བས་སྔགས་ཀྱི་སྒྲུབ་ཁང་འགོལ་བ་གཅིག་དགོས་གསུངས་ནས། ལུག་ལོར་ཡངས་པ་ཅན་གྱི་རྨངས་བཏིང༌། ཁྱམས་གཙང་ཁང་དང་བཅས་པར་ཀ་བ་དོན་གཉིས་ཀྱི་སའི་གཙང་ཁང་དུ་སྟོན་པའི་སྐུ་ཇོ་བོའི་སྐུ་ཚད་ལས་ཆེ་བ་ཐུབ་པ་ཚུལ་ཁྲིམས་མར་གྲགས་པའི་བྱིན་རླབས་ཅན་དང༌། གཞན་ཡང་བྱམས་ཚེ་འཇིགས་འཇམ་བཞིའི་གསེར་སྐུ་དང༌། རྒྱུ་དར་འདག་གིས་འཇིགས་བྱེད་མཐོ་བཅུ་བདུན་པ་བཞེངས་པའི་རྩ་ཞལ་རང་བྱོན་དང༌། ཐུགས་ཀར་དྲོད་ཅོག་སྒོང་སོགས་དང༌། སྟེང་གི་གཙང་ཁང་དུ་དཔལ་གསང་འདུས་ལྷ་སོ་གཉིས་ཀྱི་བློས་བསླངས། འཁོར་ལོ་བདེ་མཆོག་ལཱུ་ཨི་བ་ལྷ་དྲུག་ཅུ་རེ་གཉིས་ཀྱི་བློས་བསླངས། དཔལ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བློས་བསླངས་རྣམས་བཞེངས་དུས་ཕྱག་ཚད་སོགས་ཤཱ་རིའི་བུ་དང་ཚངས་པ་ཨེ་ཌའི་སོགས་མིན་པར་སྡོམ་འབྱུང་རྩ་འགྲེལ་དང་གཤིན་རྗེ་གཤེད་དམར་ནག་གི་རྒྱུད་གསུམ་བསྡུར་ནས་བཞེངས་ཤིང་ཐམས་ཅད་ཀྱི་རྒྱུའི་བྱིན་རླབས་སོགས་དང༌། ལུགས་ལས་གནང་བས་ལུགས་ཕུད་བདེ་མཆོག་གི་ཁཎྜཱ་ཀཱ་བ་ལ་ཡབ་ཡུམ་འཇའ་ཚོན་མ་བྱོན་ལ། གང་ཟག་སོ་སོ་ལ་མཐོང་སྣང་སྣ་ཚོགས་པ་ཅན་བྱོན་ནས་རྗེ་རང་གིས་ཀྱང་གསོལ་འདེབས་བྱོན་ལེགས་ནི། ཧེ་རུ་ཀ་ཡི་ཕོ་བྲང་ནས། །འཁོར་ལོ་བདེ་མཆོག་ཡབ་ཡུམ་ནི། །འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ཐོད་པའི་དུམ་བུ་ཡབ་ཡུམ་གྱི། །སྐུ་ལ་ངོ་མཚར་ལྟས་མང་གིས། །བརྒྱན་པས་འདིར་ནི་བྱོན་པ་ལེགས། །ཨེ་མ་ཧོ་བདག་ཅག་གདུལ་བྱ་རྣམས། །ཤིན་ཏུ་ཚོགས་བསགས་སྐལ་བར་ལྡན། །སོགས་གསུངས། བདེ་མཆོག་གསང་འདུས་རྡོར་དབྱིངས་ཀྱི་གཙོ་བོ་གསུམ་རང་བྱོན་བྱུང༌། བདེ་མཆོག་གི་ཐུགས་ཀར་དྲོད་རྟ་རྔ་ཙམ་ཡོད་པར་བཤད་ཅིང༌། རྒྱུ་དངུལ་བྲེ་ཆེན་གཉིས་སོགས་ལས་བཞེངས་སོ། །༼བྲ༡༣༤༽དེའི་ཚེ་བདེ་མཆོག་གི་ལྷ་ཚོགས་ཞལ་གཟིགས་ཤིང༌། ནམ་མཁའ་ནས་མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་པ་དང་བསྟོད་དབྱངས་བྱེད་པ་ཐུགས་ལ་བཟུང་ནས་དེའི་ཚུལ་ཚིགས་བཅད་ཏིང་འཛིན་པར་ལེགས་མ་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་བཀུག་པ་ཡིན་པས། གསང་བའི་རྣམ་ཐར་ལས། བདེ་མཆོག་འཁོར་ལོའི་སྒྲུབ་པ་མཛད་པའི་ཚེ། །དཀྱིལ་འཁོར་བ་རྣམས་མངོན་སུམ་གསལ་བར་གཟིགས། །ཕྱི་ནང་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་གླུ་ཡི་མཆོད་པས་དགྱེས་པར་མཛད། །ཅེས་དང༌། བཀའ་གདམས་ཆོས་འབྱུང་ལས། ཏིང་འཛིན་པིར་ལེགས་མ་ལ་སོགས་པའི་མཆོད་གླུ་འདི་ཡང་གདངས་དང་བཅས་པ་གཙུག་ལག་ཁང་གི་བློས་སླངས་བཞེངས་དུས་ལྷ་མོ་རྣམས་ཀྱིས་འཐེན་གྱིན་འདུག་པ་གཟིགས་པ་ཡིན་པར་སྣང༌། རྗེ་དེ་ད་ལྟ་སྤྲུལ་པ་དཔག་ཏུ་མེད་པས་འཇིག་རྟེན་དུ་རོལ་པ་ཡིན་ཞེས་སོ། །སོགས་སྒྲས་རྒྱུད་དབྱངས་འདི་ཡང་མཁའ་འགྲོ་མས་ཚིག་མི་ཐོས་པའི་དབྱངས་མང་པོ་བྱེད་པ་གཟིགས་ནས་བཀུག་པ་ཡིན་ཞེས་རྒྱུད་རྒན་རྣམས་ཀྱི་ངག་རྒྱུན་གྲགས་ཆེ་བ་ད་ལྟའི་བར་དུ་ཡོད་པ་བདེན་པར་མངོན། འདིའི་དོན་གྱིས་ཉམས་ལེན་ཆེར་མ་བྱུང་ཡང་ཕྱག་ལེན་མ་ཉམས་པར་བྱས་པས་བྱིན་རླབས་ཤིན་ཏུ་མྱུར་བ་དེ་ཡིན་ཏེ། སྔོན་སྨོན་ལམ་གནང་དུས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བཤད་པས་སོ། །༼བྲ༡༣༥༽གཙུག་ལག་ཁང་རྟེན་བཅས་བྱ་ལོར་བསྒྲུབས་ནས། བྱ་ལོའི་ནང་དུ་རྒྱུད་སྡེ་དང་མཐུན་པར་རབ་གནས་རྒྱས་པར་མཛད་པའི་ཉིན་ནམ་མཁའ་དྭངས་པའི་དཀྱིལ་ནས་སྒྲ་ཆེན་པོ་འབྲུག་སྒྲ་ཙམ་ཞིག་མཆོད་ཁང་དུ་ཐིམ་པ་ཀུན་གྱིས་ཐོས་ཤིང༌། །དེ་དུས་བདེ་གསང་གི་རིམ་ལྔའི་རྣལ་འབྱོར་པ་འགའ་ཞིག་གིས་རྡོ་རྗེ་འཇིགས་བྱེད་ནམ་མཁའ་གང་བ་ཙམ་ཕྱོགས་བཞི་ནས་བྱུང་ནས་ལྡེར་སྐུ་ལ་ཐིམ་པ་གཟིགས་གསུངས། དེའི་དོན་གྱིས་ཡུལ་ཀུན་ཏུ་བཀྲ་ཤིས་པར་གྱུར་ཏོ། །༼མྲ༡༣༦༽འདི་ལ་དགེ་ལྡན་འང་སྔ་མའི་ཟུར་དུ་བྲིས། ཁྱིའི་ལོ་ལ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ཕྱོགས་ཐ་དད་ནས་བྱོན་པ་དང་གཉུག་མའི་དགེ་འདུན་དང་བཅས་པར་དགའ་ལྡན་ཉིད་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་ཞིང་དཔལ་གསང་འདུས་འགྲེལ་པ་བཞི་སྦྲག་དང༌། བཤད་རྒྱུད་འགའ་ཞིག་དང༌། རིམ་ལྔའི་ཁྲིད་རྒྱས་པ། དུས་འཁོར་སྦྱོར་དྲུག་གི་ཁྲིད་རྒྱས་པ། དུས་འཁོར་འགྲེལ་ཆེན་བཤད་པ་ཞིབ་མོ་དང༌། གཞན་ཡང་དབུ་ཚད་བདེ་མཆོག་ལམ་རིམ་སོགས་གསུངས། དེའི་དབྱར་དང་སྟོན་ལ་ཡངས་པ་ཅན་གྱི་ཁྱམས་ཀྱི་ལོག་བྲིས་ཀྱང་གྲུབ། འཇུག་པའི་རྣམ་བཤད་བརྩམས་ཤིང་གསུངས། ༼ཙྲ༡༣༧༽ཁྱི་ལོའི་དགུན་ནམ། རེ་གཉིས་པའི་དགུན་སྨད་གཅིག་ཆོས་སྐྱོང་འདི་རྣམས་ལའང་གཏོར་མ་འབུལ་དུས་དབྱངས་ཀྱི་ང་རོ་དང་བཅས་ན་ཤིན་ཏུ་དགྱེས་པར་འདུག་པས་འདི་བཞིན་བྱེད་པ་ཡིན་གསུངས་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྤྱན་འདྲེན་དང༌། བསྟོད་ཅིང་བསྐུལ་བ་སོགས་ཀྱི་དབྱངས་བཞི་མཛད། དེ་དུས་ནུབ་གཅིག་ལ་འགའ་ཞིག་གི་མནལ་ལམ་དུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་བརྗིད་ཅིང་ཆེ་བ་ཞིག་ཕ་ཚད་བྱོན་ནས་བསྟོད་པའི་དབྱངས་འདི་ལྟར་གྱིས་ལ་ཐེན་ཅིག་གསུངས་ནས་ཁོ་རང་གིས་འཐེན་གིན་འདུག་པས་ས་དང་རི་བོ་ཐམས་ཅད་བེ་རེ་རེ་འོང་བ་གཅིག་རྨིས་འདུག །གཞན་ཡང་དེ་འདྲ་བའི་རྨི་ལྟས་འགའ་རེ་ལ་བྱུང༌། དེ་ནས་བསྟོད་པའི་དབྱངས་འདི་ལ་གཤིན་རྗེའི་ངར་དབྱངས་སམ་གཤིན་རྗེས་འཐེན་དབྱངས་ཟེར་བའང་དོན་འདི་འདྲ་ཡིན་སྙམ། དེ་ནས་དབྱངས་སློབ་པ་རྣམས་ལ་གཏོར་མ་མ་བཤམས་བར་དུ་དབྱངས་བྱ་མི་རུང་བར་འདུག་པས་མ་བྱེད་གསུངས། སྐབས་ཤིག་དེའི་རྒྱུ་མཚན་ཅི་ཞིག་མཆིས་ཞུས་པས། ལེགས་བཟང་བས་མཛད་པའི་གསང་བའི་རྣམ་ཐར་ལས། དེའི་རྒྱུ་མཚན་ནི། ཆོས་ཀྱི་རྒྱལ་པོ་འདི་རྗེ་བཙུན་གྱི་བསྙེན་སྒྲུབ་དང་པོར་མཛད་པའི་དུས་ནས་རྗེ་ཞལ་སྔ་ནས་ཐུགས་ལ་ཤིན་ཏུ་ཉེ་བ། འཁོར་འགྲོ་འོང་བྱེད་པ་རྣམས་ཀྱི་སྐྱེལ་བསུ། ཁྱད་པར་དུ་རྗེ་ལ་སྙིང་ཐག་པ་ནས་གུས་པ་རྣམས་ལ་ལྷག་པར་འགོ །རྗེ་ལ་ཞབས་དྲུང་ན་འཁོད་པ་གང་རུང་རེའི་གཟུགས་སུ་སྤྲུལ་ནས་སྙན་དྲུང་དུ་ཤིབ་ཤིབ་ཀྱི་ཞལ་ཏ་ཞུ་བའི་རྣམ་པ་མང་པོ་འོང༌། གཟིམ་ཁང་དུ་ཕར་འགྲོ་ཚུར་འགྲོ་དང་སྐུ་མདུན་སོགས་སུ་བྱ་བ་མང་པོ་བྱེད་དེ། གཟིམ་ཁང་ན་འཁོད་པ་གཞན་གྱིས་མཐོང་བ་འོང་སྟེ། གང་གི་གཟུགས་སུ་སྤྲུལ་པ་དེར་འཁྲུལ་ནས་གཞན་ཚོས་ངོ་མི་ཤེས། དབྱངས་དང་གཏོར་མ་བྱེད་པའི་དུས་སུ་ཡང་དེ་འདྲ་ཞིག་འོང་ནས་ལབ་ལབ་བྱེད། གཏོར་མ་དང་དབྱངས་ཀྱི་ང་རོ་བྱས་པའི་ཚེ་དགའ་བའི་རྣམ་འགྱུར་སོགས་སྟོན་ཅིང་འདུག་གསུང་ངོ༌། །ཞེས་སོ། །དོན་འདི་ཚིག་ཙམ་མ་ཡིན་པར་གོ་དགོས་པ་ཞིག་ཡིན་ནོ། །ལོ་དེའི་མཇུག་གསང་འདུས་རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་པར་དུ་བརྐོས་གྲུབ། ༼ཚྲ༡༣༨༽ཕག་ལོ་ལ་དབུས་གཙང་སྡེ་སྣོད་འཛིན་པ་ཆེ་དགུ་མཐའ་ཡས་འདུས། དཔྱིད་དང་དབྱར་དུ་འཁོར་ལོ་བདེ་མཆོག་གི་རྒྱུད་སོགས་ཀྱི་ཆོས་འཁོར་བསྐོར་ཞིང༌། བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་མཛད་ཀུན་ལ་གསུངས་ཤིང༌། འཛིན་ཆོས་འང་ཊཱིཀྐ་མདའ་ཚད་ཕྲེང་དགུ་པ་རེ་བཏང་བའི་སྐྱོར་དཔོན་འཇམ་དབྱངས་ཆོས་རྗེས་མཛད་ཅིང༌། བྱམས་ཆེན་ཆོས་རྗེའང་ངོ་མཚར་བར་གསུངས། ༼ཛྲ༡༣༩༽ཕག་ལོའི་སྟོན་སྟོད་ལུང་གི་ཆུ་ཚན་སྐུ་ལ་འཕྲོད་པར་འགའ་ཞིག་གིས་ཞུས་པས་རྐྱེན་དང༌། གཙོ་བོ་ཇོ་བོ་རིན་པོ་ཆེའི་དྲུང་དུ་སྐུ་དེའི་ཕྱག་ཐམ་དང༌། སྐུ་དེས་དངོས་སུ་འདུལ་བའི་སྐྱེ་བོ་མང་པོ་ཞིག་གི་དོན་མཛད་པར་དགོངས་པ་དང༌། སྔར་ནས་སྨིན་པར་མཛད་པའི་གདུལ་བྱ་མཐའ་ཡས་རྣམས་ལ་ལེགས་བཤད་ཀྱི་བདུད་རྩི་གསུང་དངོས་ཀྱི་ཐ་མ་སྩོལ་བར་བཞེད་པས་དགའ་ལྡན་ནས་ཕྱག་བཏེགས། ལྷ་སར་ཇོ་བོ་ལ་མཆོད་པ་དང་སྨོན་ལམ་མཐའ་ཡས་པ་མཛད་ཅིང༌། ༼ཝྲ༡༤༠༽སྟོད་ལུང་དུ་ཕེབས་ཤིང་དེའི་ཚེ་ནང་པ་སོ་སོས་གདན་དྲངས། ཕལ་ཆེར་ལ་ཕེབས་ཤིང་ཆབ་ཚན་ཁར་ཕེབས་པས་ཞབས་ལ་བདུག་པར་གྱུར། སྟོད་ལུང་ཕུ་མདའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དག་ལ་ཆོས་དང་བྱིན་རླབས་ཀྱི་སྐྱེས་གནང༌། ངག་རྒྱུན་ལྟར་ན་ཆུ་མིག་ལུང་གི་ཆོས་གྲྭ་ལ་གསང་འདུས་ལྷ་ཚོགས་ཐིམ་པ་གཟིགས་ནས་རྒྱུད་གྲྭ་འབྱུང་བར་ལུང་བསྟན་པར་གྲགས་པ་ཡང་བདེན་པར་མངོན་ལ། ཐམས་ཅད་ཀྱིས་བསྙེན་བཀུར་བ་དང་གསུང་ཐོས་པ་དང་ཞལ་མཐོང་བ་ཙམ་གྱིས་ཀྱང་དོན་དང་ལྡན་པར་མཛད་དོ། །༼ཞྲ༡༤༡༽ཚུར་ཕེབས་དུས་འདོ་ལི་ལ་བཞུགས་ནས་འབྲས་སྤུངས་སུ་ཕེབས་པའི་འདོ་ལིའི་སྣེ་ལ་འཇའ་ཁ་དོག་སྣ་ལྔ་ཐལ་བྱུང་ཟུགས། གནས་རྙིང་རྣམ་ཐར་དུ་འབྲས་སྤུངས་སྔགས་ཁང་གི་རྟེན་རྣམས་ལ་རབ་གནས་མཛད་པའི་ཡེ་ཤེས་པ་སྤྱན་འདྲེན་གྱི་དུས་སུ་ས་གཡོ་ཞིང་འུར་ཆོམ་གྱི་སྒྲ་ཆེན་པོ་ཐམས་ཅད་ཀྱིས་མངོན་སུམ་དུ་རིག་པའི་ཟིལ་ཆེན་པོ་དང་བཅས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་འཁོར་བཅས། དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་བཅས་ཀྱི་ཡེ་ཤེས་པ་རྣམས་དངོས་སུ་བཅུག་པར་མཛད་ཅིང༌། བརྟན་བཞུགས་རྒྱས་པ། ཡོན་བདག་བསྒོ་བ། གསེར་གྱི་རྟག་གཏོར་འཆའ་བ། ཞི་རྒྱས་ཀྱི་སྦྱིན་བསྲེག་ཚར་མང་པོ་དང་བཅས་པ་མཛད་ཅེས་གསུངས་པ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་རྒྱལ་བ་གོང་མས་མཛད་པ་ལྟར་ན་འཇིགས་བྱེད་འདག་པར་ལྗགས་ཆབ་དང་བཅས་བཞེངས་པར་ཡང་མཛད་གསུངས་པ་ལྟར་ཡིན་ལ། རྭ་ལོའི་གདུང་ཡང་ཡོད་པར་འཇིགས་བྱེད་ཆོས་འབྱུང་ལས་བཤད་དོ། །༼ཟྲ༡༤༢༽འབྲས་སྤུངས་སུ་བཤེས་གཉེན་སྡེ་སྣོད་འཛིན་པ་ཉིས་སྟོང་ཙམ་ལ་ལམ་རིམ་གྱི་ཁྲིད་དབུ་མ་འཇུག་པ། ནཱ་རོ་ཆོས་དྲུག །གསང་འདུས་རྒྱུད་སོགས་གསུངས་ཤིང༌། དེ་དུས་སུ་ཆོས་གྲྭའི་དབུས་སུ་འཇའ་ཁ་དོག་སྣ་ལྔ་ཐལ་བྱུང་ཡང་ཡང་ཟུག་པ་དང་ནམ་མཁའི་དབྱིངས་མཐོན་པོ་ནས་ལྷའི་ཕོ་ཉ་ལྟ་བུའི་སྤྲིན་དགའ་ལྡན་དུ་ཡང་ཡང་འབབ་བོ། །དེའི་ཚེ་ཉིན་གཅིག་དགའ་ལྡན་ཕྱོགས་ལ་གཟིགས་པ་གཅིག་མཛད། གསང་འདུས་ལེའུ་དགུ་པའི་སྐབས་ལ་ཆོས་མཚམས་མཛད། ཐམས་ཅད་ཀྱིས་རྒྱུད་དང་ལམ་རིམ་གྱི་ཐ་ན་ལུང་ཙམ་ཞུས་ཀྱང་མ་གསན་པར་ཁ་སང་ནས་འཕེན་པ་སོང་ཟིན། ད་ལམ་མྱུར་དུ་བཏེགས་ན་ཐམས་ཅད་ལ་དགའ་བས་འདེགས་གསུངས་ཏེ། ད་དུང་སྔགས་དང་མཚན་ཉིད་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་རིང་དུ་གནས་པའི་རྟེན་འབྲེལ་དུ་མཛད་དོ། །༼འྲ༡༤༣༽ ལྷ་སར་ཕེབས་ཇོ་བོ་རིན་པོ་ཆེའི་མདུན་དུ་ཕྱག་མཆོད་སྨོན་ལམ་རྒྱ་ཆེར་མཛད་དེ། བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་མཛད། ༼ཡྲ༡༤༤༽དེ་ནས་སེ་རར་བྱམས་ཆེན་ཆོས་རྗེས་སྤྱན་དྲངས་ཏེ། སེ་ར་ཆོས་སྡིངས་སུ་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་བོད་འདིར་ཆེར་མ་དར་ལ། རྗེ་རང་གིས་བཤད་པ་རྣམ་པར་དག་པ་མཛད་པའི་བདུད་རྩི་མང་བ་ཡོད་ཅིང་རྒྱུད་ཀྱི་འཆད་ཉན་རྐང་ཚུགས་གྲྭ་ཐིངས་པ་མེད་པར་དགོངས་ནས་རྒྱུད་ཀྱི་འཆད་ཉན་རྣམ་པར་དག་པ་གཅིག་ཚུགས་ན་ཅི་མ་རུང་སྙམ་པས་བྱམས་ཆེན་ཆོས་རྗེ་ལ་ཞལ་ཏ་གནང་ནས་ཆོས་རྗེས་དེའི་མཐུན་རྐྱེན་གྱི་ཆས་སོ་སོར་གནང་ཞིང༌། གཞི་འདུལ་བའི་བསླབ་ཁྲིམས་རྣམ་དག་ལ་བརྟེན་ནས་དཔལ་གསང་འདུས་དང་བདེ་མཆོག་རྩ་རྒྱུད་ཀྱི་འཆད་ཉན་ཚུགས་པའི་རྟེན་འབྲེལ་དུ་སེ་ར་ཆོས་སྡིངས་སུ་གསོ་སྦྱོང་མཛད་ཅིང༌རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས་ཤིང༌། དེའི་ཚེ་ཆོས་གྲྭའི་བུ་སློབ་གསེར་གྱི་ལྷུན་པོ་ལྟ་བུ་མང་པོ་འདུས་པའི་འདུས་ཚོགས་རྒྱ་མཚོ་ལྟ་བུའི་དབུས་ན་རྗེ་རིན་པོ་ཆེས་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་ཡོད་དམ་ཞེས་བཀའ་ལན་གཅིག་གཉིས་སུ་ཕེབས་པ་མཁས་པ་སུས་ཀྱང་ལྡང་མ་ནུས། རྗེ་ཤེར་སེང་གིས་ཕྱག་བྱས་ཏེ། དེ་ཁོ་བོས་བྱ་ཞེས་བཀའ་སྤྱི་བོས་བླངས་ཤིང༌། རྗེ་མཆོག་ཏུ་དགྱེས་ནས་གསང་འདུས་གསེར་སྐུ་ཁྱད་པར་ཅན་འགྲེལ་པ་བཞི་སྦྲག །རྒྱུད་ཀྱི་རྣམ་བཤད་གཉིས་སྐྱེད་རྫོགས་ཆོས་རྒྱལ་གྱི་ཞལ་འབགས་འཆམ་གོས་དབྱུག་ཞགས་རྣམས་གནང་སྟེ། དེར་བཙུགས་པའི་རྒྱུད་པའི་གྲྭ་ཚང་དེ་དུས་ནས་ཡིན་ལ་ཤེར་སེང་གིས་རྒྱུད་པ་དེ་ལས་རྒྱུད་གྲྭ་གསུམ་བཙུགས་གསུངས་སོ། །༼རྲ༡༤༥༽དེ་ནས་བ་ལམ་རྩེར་བྲག་དཀར་རྫོང་དཔོན་ཡབ་ཡུམ་ལ་སྔགས་ཀྱི་གྲྭ་ས་གཅིག་བཀའ་གནང་རྫོང་དཔོན་པས་ཀྱང་ཁས་བླངས་ཏེ། གནས་དེ་ཉིད་ལ་རབ་གནས་ཞུས་པས་ད་ལན་མིན་པ་མི་འོངས་གསུངས་ནས་རབ་གནས་རྒྱས་པར་བྱས། གཙུག་ལག་ཁང་གི་མིང་གསང་སྔགས་མཁར་དུ་བཏགས། དེ་ནས་བྲག་དཀར་དུ་བྱོན། གྲུ་བཞིར་གདན་དྲངས་པས་ཀྱང་ཕེབས། དེའི་ནུབ་ནམ་མཁའ་ནས་གཎྜིའི་སྒྲ་ཆེན་པོ་གསང་མཐོ་བ་མིས་བརྡུངས་པ་མིན་པར་ངེས་པ་བྱུང༌། འབྲས་སྤུངས་ནས་ཕེབས་དུས་ནས་གློ་བུར་དུ་ས་ཡང་ཡང་གཡོ་བ་འཇའ་ཁ་དོག་སྣ་ལྔ་འདོ་ལིར་ཟུག་པ་བྱུང༌། ༼ལྲ༡༤༦༽དེ་ནས་གྲུ་བཞི་ནས་དགའ་ལྡན་དུ་ཕེབས་པ་ན་ཐོག་མར་ཡངས་པ་ཅན་དུ་མཆོད་གཏོར་རྒྱ་ཆེར་བཤམས་ནས་སྟོན་པའི་སྐུ་དང་གཞལ་ཡས་ཁང་དང་ཡི་དམ་གྱི་དྲུང་དུ་སྨོན་ལམ་དང་འཕྲིན་ལས་བཅོལ་བ་རྒྱ་ཆེར་མཛད། ༼ཤྲ༡༤༧༽དེ་ནས་འདུ་ཁང་དུ་མང་ཇ་ལ་གདན་དྲངས་པ་མེད་པར་ཕེབས་ནས་ཚོགས་དབུར་ཕེབས་ཏེ་བསྔོ་བ་རྒྱས་པར་མཛད་པའི་མཇུག་དུ་བདེ་སྨོན་གྱི་བསྡོ་བ་རྒྱས་པར་མཛད་ཅིང༌། དགེ་འདུན་ཚོགས་པ་རྒྱ་མཚོའི་དབུས་སུ་ཤིས་བརྗོད་རྒྱས་པར་གནང་བ་ཕྱིས་ཀྱི་རྟེན་འབྲེལ་ཆེ་བར་དགོངས། ༼སྲ༡༤༨༽དེ་ནས་གཟིམ་ཁང་ལ་ཕེབས། བསྙུང་ཚུལ་བསྟན། སང་ཉིན་འདུལ་འཛིན་རྒྱལ་ཚབ་སོགས་ཡོད་དུས་རྒྱལ་ཚབ་ཀྱིས་ཞལ་ཏ་འདྲ་བདག་ཚོར་གནང་བར་ཞུས་པས། པཎ་ཞྭ་ལེབ་འཇོག་དབུར་བཞག་པ་རྒྱལ་ཚབ་སྐུ་པང་དུ་འཕངས་ཤིང་གོས་བེར་གཅིག་གཏད་ནས་དོན་འདི་གོ་བར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས་ཤིང་གདན་སར་ཡང་དོན་གྱིས་བསྐོས་པར་མཛད་དོ། །དེ་ནས་བདེ་མཆོག་གི་ཚོགས་འཁོར་བྱས་ནང་མཆོད་ལན་སོ་གཉིས་མྱང་སྟེ་རྡོར་བཟླས་མཛད་ཅིང༌། སང་ཉེར་ལྔའི་སྔ་དྲོ་དང་པོར་ཞབས་སྐྱིལ་ཀྲུང་ཕྱག་མཉམ་གཞག་མཛད་ཅིང་འོད་གསལ་ཆོས་སྐུ་མཛད་ནས། བར་དོ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱ་ཚུལ་བསྟན་ཏེ། སྐུ་གཞོན་ནུའི་ལུས་ཅན་འཇའ་འོད་འཕྲོ་ཅ༷ན། ནམ་མཁའ་ནས་མེ་ཏོག་གི་ཆར་དང་འཇའ་སོགས་མཛད་དོ། །༼ཧྲ༡༤༩༽དཔའ་བོ་མཁའ་འགྲོ་གྲངས་མེད་པས་སྤྱན་དྲངས་ཏེ་བར་དོར་ལོངས་སྐུ་ལས་རྨད་བྱུང་བཀོད་པ་སོགས་སུ་སྤྲུལ་སྐུའི་མཛད་པ་ཡིན་ཏེ། དཔལ་གསང་འདུས་ལྷ་སོ་གཉིས་ཀྱི་རྟེན་བརྟེན་པ་སོགས་སུ་བཞེངས་པར་མཛད་དེ་རྨད་བྱུང་བཀོད་པ་སོགས་སུ་མཆོག་གི་སྤྲུལ་སྐུར་མཛད་ལ། གདམས་ངག་ལས། དེ་ནས་འཕོས་ནས་ཤར་ཕྱོགས་སུ། །རྨད་བྱུང་བཀོད་མཛེས་ཞིང་ཁམས་སུ། །སེང་གེའི་ང་རོ་ཞེས་བྱ་བའི། །རྒྱལ་བ་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་ཤིང༌། དེ་བཞིན་དུ་བདེ་བ་ཅན་དུ་རྒྱལ་སྲས་ཀྱི་ཚུལ་དང༌། དགའ་ལྡན་དུ་རྗེ་བཙུན་བྱམས་མགོན་གྱི་མདུན་དུ་པདྨ་ལས་རྒྱལ་སྲས་འཇམ་དཔལ་སྙིང་པོར་འཁྲུངས་ཤིང༌ཆོས་ཉན་པ་སོགས་སྤྲུལ་པ་བྱེ་བ་ཕྲག་བརྒྱས་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པར་ལ་ལར་བླ་མ་དང༌། ལ་ལར་ཡུལ་གྱི་རྒྱལ་པོ་དང༌། གཙོ་བོ་དང༌། བྲམ་ཟེ་ལ་སོགས་པའི་ཚུལ་དང༌། ཞིང་ཁམས་ལ་ལར་སངས་རྒྱ་བའི་ཚུལ་སོགས་མཐའ་ཡས་པས་འགྲོ་བ་གང་ལ་གང་འདུལ་གྱིས་སྤྲུལ་པའི་བཀོད་པ་མཐའ་ཡས་པས་འགྲོ་བ་དྲངས་པར་མཛད། རྒྱལ་བའི་བསྟན་པ་ཕྱོགས་དང་དུས་ཀུན་ཏུ་རྒྱས་པར་གྱུར་ཏོ། །

               སྨྲས་པ།

                   སྔོན་བྱོན་རྒྱལ་བ་དཔག་མེད་སྔོན་དུའང༌། །

                   ཚོགས་གཉིས་རྒྱ་མཚོའི་གཏིང་ཟབ་ལེགས་སྨིན་གྱི། །

                   ནོར་བུས་གཏམས་པའི་སྙིང་སྟོབས་རྦ་རླབས་ལ། །

                   ཕྱོགས་བཅུའི་རྒྱལ་རྣམས་དགྱེས་འཛུམ་བྱིན་བརླབས་པས། །

    ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་བཞིན། །བསྟན་པའི་གཟུགས་བརྙན་བསྟན་པ་ཡོངས་རྫོགས་སུ། །ཐོས་པས་སྙིང་ཚིམ་ཐོས་བསམ་སྒོམ་གསུམ་ཀུན། །གཅིག་མིན་ཕྱོགས་བཅུར་གཅིག་ཆར་འཕེལ་རྒྱས་མཛད། །མགོན་པོ་ཁྱོད་ཀྱི་ཡོན་ཏན་ཕ་མཐའ་བཞིན། །མ་ལུས་བརྗོད་མིན་དང་བས་འདིར་འབད་དགེ །སྔོན་ཐུགས་བསྐྱེད་བཞིན་མདོ་སྔགས་ཟབ་རྒྱས་ཀྱིས། །འགྲོ་ཀུན་སྐུ་གསུམ་ཐོབ་པའི་རྒྱུར་གྱུར་ཅིག །ཁྱོད་ལ་དད་དང་རྣམ་པར་ཐར་པ་འདི། །མཐོང་ཐོས་དྲན་རེག་སྐྱེ་དགུ་མ་ལུས་པ། །མངོན་མཐོའི་བ་གམ་མཐོན་པོ་རིམ་བརྒྱུད་དེ། །རྒྱལ་དབང་སེང་གེའི་ང་རོ་ལྟར་གྱུར་ཅིག།།ཅེས་མཉམ་མེད་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་རིས་ཀྱི་ཚུལ་བརྒྱ་དང་ང་གསུམ་ཙིནྟ་མ་ཎིའི་ཕྲེང་པ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་པོ་ཞེས་བྱ་བ་འདི་ཡང༌། རྗེ་བླ་མ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཤཱཀྱའི་དགེ་སློང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་རྣམ་ཐར་རས་རིས་ཆེན་མོ་འབྲི་ཚེ་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་གསང་བའི་རྣམ་ཐར། ཆེས་ཆེར་གསང་བའི་རྣམ་ཐར་གསུམ་དང༌། གྲུབ་པའི་དབང་ཕྱུག་ལེགས་བཟང་པའི་རྣམ་ཐར་རབ་གསང་རྨད་བྱུང་དང༌། འཇམ་དབྱངས་དང་དངོས་སུ་མཇལ་བའི་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཟུར་འདེབས་དང༌། མཁས་དབང་གུང་རུ་རྒྱལ་མཚན་བཟང་པོའི་རྟོགས་བརྗོད་འགྲེལ་བ་ལེགས་བཤད་སྒྲོན་མེ་དང༌། གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་ཕྱི་དང་གསང་བའི་རྣམ་ཐར་གཉིས་ཀ་ཚང་བའི་དད་པའི་འཇུག་ངོགས་དང༌། འཇམ་དབྱངས་ཁ་ཆེའི་ཙོང་ཁ་བརྒྱད་ཅུ་སོགས་རྣམ་ཐར་དང༌། རང་ཕྱོགས་ཀྱི་ཁྲི་རིན་པོ་ཆེ་རིན་ཆེན་འོད་ཟེར་དང་ལས་ཆེན་ཀུན་རྒྱལ། མཁས་དབང་པཎ་ཆེན་བསོད་གྲགས། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་དང༌། མཁར་ནག་པ་སོགས་ཀྱི་ཆོས་འབྱུང་དུ་མ་དང༌། དེབ་སྔོན་སོགས་རང་གཞན་གྱི་ཆོས་འབྱུང་དུ་མར་བརྟེན་ནས་གོ་རིམ་སོགས་ལེགས་པར་བསྒྲིགས་པ་འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བསྟན་པ་སྒོ་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།

                                                                                                            རྩོམ་སྒྲིག་པ། མང་ར་བ།

       གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།