རྗེ་ཙོང་ཁ་པའི་རྣམ་ཐར་གྱི་སྙིང་པོ་ཉམས་ལེན་ དུ་འཁྱེར་བའི་མན་ངག་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 12:12:56     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

 

4175448ctad53fb6957f6&690.gif

 

                                       རྗེ་ཙོང་ཁ་པའི་རྣམ་ཐར་གྱི་སྙིང་པོ་ཉམས་ལེན་
                                          དུ་འཁྱེར་བའི་མན་ངག་བཞུགས་སོ།།        ན་མོ་གུ་རུ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་མེ་རྟ་ལོར་སྐུ་འཁྲུངས། དགུང་ལོ་སོ་གཅིག་བཞེས་པའི་མེ་བྱི་ལ་རབ་ཏུ་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱད། སོ་བདུན་པ་ཆུ་ཕོ་རྟའི་དཔྱིད་ཟླ་ཐ་ཆུང་སྟེ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། ལོ་དེའི་ཧོར་ཟླ་དྲུག་པའི་ཚེས་དྲུག་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། ལོ་དེ་ནས་ལོ་ཉིས་སྟོང་དང་ཉིས་བརྒྱ་སོ་ལྔ་འདས་ཤིང་སོ་དྲུག་པ་ལ་བབས་པའི་མེ་མོ་བྱའི་ལོ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྐུ་བལྟམས། དགུང་ལོ་གསུམ་བཞེས་པའི་ཚེ་ཀརྨ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས། དགུང་ལོ་བཅུ་དྲུག་གི་བར་དུ་དབང་ལུང་མན་ངག་སོགས་གསན་པ་དང་བསྙེན་སྒྲུབ་སོགས་མཛད། དགུང་ལོ་བཅུ་དྲུག་པར་དབུས་སུ་ཐུགས་གཉེར་ལ་ཕེབས། བཅུ་བདུན་པ་ནས་བདེ་བ་ཅན་སོགས་ཀྱི་བཤད་གྲྭ་རྣམས་སུ་དགེ་བའི་བཤེས་གཉེན་མང་པོ་ལ་བརྟེན་ནས་ལུང་རིགས་མན་ངག་མཐའ་དག་ལ་གསན་སྦྱོང་མཐར་ཕྱིན་པ་མཛད་པས་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར། དགུང་ལོ་ཉེར་བཞི་པ་ལ་བླ་མ་ཚུལ་ཁྲིམས་རིན་ཆེན་པ་ལས་དགེ་སློང་གི་སྡོམ་པ་བཞེས།

        དགུང་ལོ་སོ་དྲུག་པའི་སྤྲེའུ་ལོ་ལ་འཁོར་དག་པ་རྣམ་བརྒྱད་དང་བཅས་བྱ་བྲལ་ལ་བྱོན། འོལ་ཁ་དང་རྒྱ་སོག་ཕུ་སོགས་ཐུགས་དམ་གང་འཕེལ་བའི་གནས་རྣམས་སུ་སྒྲུབ་པ་ཉམས་བཞེས་ཀྱི་རིམ་པ་གཙོ་བོར་མཛད་པས་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མངའ་བརྙེས། དགུང་ལོ་ང་གཉིས་བཞེས་པའི་བྱི་བའི་ལོ་ལ་ལྷ་སའི་ཇོ་བོ་རིན་པོ་ཆེའི་ལྷ་ཁང་གི་ཉམས་གསོ་དང་མཆོད་པའི་ཡོ་བྱད་སོགས་སྟ་གོན་བྱས་ནས། གླང་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དགེ་འདུན་ཁྲི་ཕྲག་འཚོགས་ནས་སྨོན་ལམ་ཆེན་མོ་མཛད་དེ་བསྟན་འགྲོའི་ཕན་བདེ་འཕེལ་ཞིང་རྒྱས་པར་མཛད། ལོ་དེ་ཉིད་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཞེངས་པའི་དབུ་བཙུགས་ནས། དགུང་ལོ་རེ་གསུམ་བཞེས་པའི་ཕག་ལོའི་བར་དུ་རྟེན་གསུམ་བཞེངས་པ། འདུས་སྡེ་འཛུགས་པ། བསྟན་བཅོས་རྩོམ་པ་སོགས་ཀྱིས་བསྟན་པ་དང་འགྲོ་བའི་ཕན་བདེ་སྤེལ་བ་དང་ནམ་ཡང་མི་ཉམས་ཤིང་ཡུན་རིང་དུ་གནས་པར་མཛད་ཅིང་། དེ་ལྟར་མཛད་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་སྲས་མཆོག་བརྒྱུད་འཛིན་དང་བཅས་པ་རྣམས་ཀྱིས་ད་ལྟའི་བར་དུ་ཡང་དར་ཞིང་རྒྱས་པར་མཛད་བཞིན་པ་ཡིན་ནོ། །

        དེ་ཡང་ཡབ་རྗེ་རྒྱལ་བ་གཉིས་པ་དེ་ཉིད་ནི་ངེས་པའི་དོན་དུ་ན་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་མགོན་པོ་དངོས་ཡིན་པས་གསན་སྦྱོང་སོགས་མཛད་དགོས་མེད་མོད་ཀྱང་། རང་ཅག་རྣམས་ཀྱི་དོན་དུ་དགུང་ལོ་བཅུ་བདུན་ནས་སོ་དྲུག་གི་བར་ལོ་ཉི་ཤུའི་བར་དུ་གསན་སྦྱོང་གི་ཚུལ་གཙོ་བོར་མཛད། དེ་ནས་དགུང་ལོ་ང་གཉིས་པའི་བར་ལོ་བཅུ་དྲུག་སྒོམ་སྒྲུབ་ཀྱི་ཚུལ་གཙོ་བོར་མཛད། དེ་ནས་ལོ་བཅུ་གཅིག་གི་བར་བསྟན་འགྲོའི་ཕན་བདེ་སྤེལ་བ་གཙོ་བོར་མཛད་པ་དེ་ནི་རང་ཅག་རྣམས་ཀྱིས་དམིགས་རྟེན་བྱེད་པའི་ཕྱག་སྲོལ་རྨད་དུ་བྱུང་བ་ཡིན་པས་རང་རང་གི་ནུས་པ་དང་བསྟུན་ཏེ་སློབ་གཉེར་དང་སྒོམ་སྒྲུབ་ལ་གཙོ་བོར་འབད་ཅིང་། བསྟན་འགྲོར་ཕན་པའི་ནུས་པ་ཡོད་ན་ཅི་ནུས་རེ་བྱེད་ན་ཤིན་ཏུ་ལེགས་པ་ཡིན་ནོ། །དེས་ན་བློ་ལྡན་དག་གིས་ཚིགས་འདི་དག་གིས་ལྡེ་མིག་ལྟ་བུར་བྱས་ལ་དམ་པ་རྣམས་ཀྱི་རྣམ་ཐར་སྤྱི་དང་ཁྱད་པར་རྗེའི་ཐུན་མོང་གི་རྣམ་ཐར་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ་སོགས་ལ་ཞིབ་ཏུ་བརྟགས་ནས་ཕུལ་བྱུང་མཛད་པ་རྣམས་ལ་དད་པ་བསྐྱེད་པ་དང་། རང་གི་ཉམས་ལེན་ཇི་ལྟར་བྱ་བའི་རིགས་ཚོལ་བར་བྱའོ། །རྗེ་ཙོང་ཁ་པའི་རྣམ་ཐར་གྱི་སྙིང་པོ་ཉམས་ལེན་དུ་འཁྱེར་བའི་མན་ངག་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཨཀྱཱ་རིན་པོ་ཆེའི་སློབ་མའི་ཐ་ཤལ་བ་ཞིག་གིས་བྲིས་པའོ། །འདིས་ཀྱང་རང་གཞན་ཐམས་ཅད་ཀྱིས་རྗེ་ཡབ་སྲས་ཀྱི་རྣམ་ཐར་ཇི་ལྟ་བ་བཞིན་དུ་སྐྱོང་ནུས་པར་གྱུར་ཅིག །

        རྗེ་བཙུན་ཙོང་ཁ་པ་ཆེན་པོས་རྗེས་སུ་འཛིན་པའི་སྨོན་ལམ་བཞུགས་སོ། །དྲིན་ཅན་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་གཙོ་མཛད་པའི་སྐྱབས་གནས་མཆོག་གསུམ་སྤྱི་དང་། ཁྱད་པར་དུ་འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་རྗེ་བྱིན་རླབས་དང་། བདག་གི་དགེ་བ་འདི་དང་གཞན་ཡང་ཇི་སྙེད་བསགས་པའི་དགེ་རྩ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། སྐྱེ་བ་ཐམས་ཅད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །རྗེས་སུ་བཟུང་བའི་ཚེ་ན་ཡང་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་བྱེད་པར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ་པར་གྱུར་ཅིག དགེ་བའི་བཤེས་གཉེན་གྱིས་གདམས་པ་དང་རྗེས་སུ་བསྟན་པ་ཐམས་ཅད་མ་ཚང་བ་མེད་པར་འདོམས་པར་གྱུར་ཅིག དེའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྒྲུབ་པས་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག

        མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ་བར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བ་རྣམ་པར་དག་པ་མཐའ་དག་པ་ཁོང་དུ་ཆུད་ནས་རྩོལ་བ་མེད་པའི་མྱོང་བ་རྒྱུན་མི་ཆད་དུ་འཇུག་པར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་ཐམས་ཅད་གཞན་དོན་དང་བྱང་ཆུབ་རྣམ་པར་དག་པ་ཁོ་ནའི་རྒྱུར་གྱུར་ཅིག

        རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །ཅེས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྨོན་ལམ་འདི་ནི་རང་གི་སློབ་མ་དམིགས་བརྩེ་མའི་ཉམས་ལེན་བྱེད་པ་དག་ལ་ཕན་པའི་བསམ་པས་བྲིས་པའོ།།

                       

རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།