རྗེའི་རྣམ་ཐར་ཆེན་མོ་ལས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་བཞུགས་པར་མཛད་པའི་སྐབས་ཏེ་ལེའུ་བདུན་པའི་བསྡུས་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 12:08:33     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ལྷ་སའི་ཇོ་བོ་རིན་པོ་ཆེར་མཆོད་པ་ཕུལ་ནས་སྨོན་ལམ་གནང་བ། སྟོད་ལུང་ཆུ་ཚན་ལ་བྱོན་ནས་ཞབས་ལ་ཆུ་སྡུག་མཛད་པ། ཆུ་མིག་ལུང་གི་ཚོགས་སུ་ལྷ་རྣམས་ཐིམ་པ་གཟིགས་ཤིང་འགྲོ་བ་མང་པོ་ལ་བྱིན་རླབས་གནང་བ། འདོ་ལི་ལ་སྤྱན་དྲངས་པའི་ཚེ་འདོ་ལིའི་སྣ་ལ་འཇའ་ཟུག་པ། འབྲས་སྤུངས་སུ་ཆོས་གསུངས་པའི་ཚེ་ཆོས་གྲྭར་འཇའ་ཟུག་པ། འཇིགས་བྱེད་སོགས་ཀྱི་རབ་གནས་ཀྱི་ཚེ་ལྷ་རྣམས་ཐིམ་པ། སྦྱིན་སྲེག་སོགས་མཛད་པ། ལྷ་སར་ཕྱག་དང་སྨོན་ལམ་གནང་བ། སེ་ར་ཆོས་སྡིངས་སུ་བྱམས་ཆེན་ཆོས་རྗེ་ལ་དགོན་སྡེ་འཛུགས་པར་བཀའ་གནང་བ།

        སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་བཀའ་གནང་བ་ལ་ཤེར་སེང་གིས་བཀའ་མནོས་པ། དེ་ལ་ལྷ་སྐུ་གླེགས་བམ་སོགས་བསྩལ་བ། གསོ་སྦྱོང་མཛད་ནས་ཆོས་གསུངས་པ། བདེ་ཆེན་རྫོང་དུ་སྡེ་བ་ཡབ་ཡུམ་ལ་དགོན་སྡེའི་སྦྱིན་བདག་བྱེད་པའི་ཞལ་ཏ་གནང་བ། དེར་རབ་གནས་མཛད་པ། གྲུ་བཞིར་བཞུགས་པའི་ནུབ་གཎྜིའི་སྒྲ་གྲགས་པ། དགའ་ལྡན་ནང་དུ་བྱོན་ནས་རྟེན་ལ་མཆོད་གཏོར་ཕུལ་ནས་གསོལ་བ་བཏབ་པ། འདུ་ཁང་དུ་བྱོན་ནས་སྨོན་ལམ་ཤིང་བརྗོད་མཛད་པ། གཟིམས་ཁང་དུ་ཕེབས་ནས་རྒྱལ་ཚབ་རྗེ་ལ་དབུ་ཞྭ་གོས་བེར་གནང་སྟེ་སློབ་མ་རྣམས་ལ་ཞལ་གདམས་བསྩལ་བ།

        བདེ་མཆོག་གི་མཆོད་པ་ཕུལ་ནས་ནང་མཆོད་མྱངས་པ། རྡོ་རྗེའི་སྐྱིལ་དཀྲུང་གིས་བཞུགས་ནས་ཕྱག་གཉིས་མཉམ་བཞག་དང་ཐུགས་དམ་མཛད་པའི་ངང་ནས་སྤྲུལ་སྐུའི་བཀོད་པ་བསྡུ་བར་མཛད་པ། སྤྲུལ་པའི་སྐུ་ནི་མཁའ་འགྲོ་མ་མང་པོས་དགའ་ལྡན་དུ་གདན་དྲངས་ནས་འཇམ་དཔལ་སྙིང་པོ་ཞེས་པར་གྱུར་པ། སྤྲུལ་པ་གཅིག་ནི་རྨད་བྱུང་བཀོད་པའི་ཞིང་དུ་སེང་གེའི་ང་རོར་གྱུར་པ། རྗེའི་ཞལ་དཀྱིལ་གཟི་བྱིན་རྒྱས་པ་དང་འཇའ་དང་མེ་ཏོག་གི་ཆར་སོགས་ལྟས་མང་དུ་བྱུང་བ། སློབ་མ་རྣམས་ཀྱིས་གསོལ་བ་འདེབས་པ་དང་མཆོད་པ་སོགས་རྒྱ་ཆེར་མཛད་པ། རིན་པོ་ཆེའི་མཆོད་རྟེན་དུ་སྐུ་གདུང་བཞུགས་སུ་གསོལ་ནས་མཆོད་པ། རྒྱལ་ཚབ་རིན་པོ་ཆེ་རྗེའི་བཞུགས་གདན་གསེར་ཁྲིར་སྤྱན་དྲངས་ནས་བསྟན་པའི་བདག་པོར་མངའ་གསོལ་ཏེ། ཆོས་ལུགས་དྲི་མ་མེད་པ་འདི་ཉིད་ནམ་ཡང་མི་ཉམས་པར་དར་ཞིང་རྒྱས་པར་མཛད་པའོ། །

        འདི་ཡན་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་བཞུགས་པར་མཛད་པའི་སྐབས་ཏེ་ལེའུ་བདུན་པའི་བསྡུས་དོན་ནོ། །དེ་ལྟར་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱི་བསྡུས་དོན་འདི་ནི་རྣམ་ཐར་རྒྱས་པའི་ཞིང་བཀོད་འདྲི་བའི་ཚེ་ཁ་བྱང་དུ་བྱེད་པ་དང་། རྣམ་ཐར་རྒྱས་པའི་ཚིག་དོན་བློ་ལ་གཟུང་མི་ནུས་པ་དག་ལ་ཕན་པར་བསམས་ནས་ཚུལ་ཁྲིམས་ཀྱིས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བློ་བཟང་བསམ་གྲུབ་ཉི་མའོ། །འདིས་ཀྱང་རང་གཞན་མཐའ་དག་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

               རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།