རྗེའི་རྣམ་ཐར་ཆེན་མོ་ལས་དགོན་སྡེ་བཙུགས་པ་སོགས་ཀྱི་སྐབས་ཏེ་ལེའུ་དྲུག་པའི་བསྡུས་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 12:04:28     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

ལྷ་སར་སློབ་མ་བཏང་ནས་སྤྲང་པོ་རྣམས་ལ་ཟས་བྱིན་ཏེ་གཞན་དུ་བཏང་བ། སྣེའུའི་དཔོན་ལ་བཀའ་གནང་སྟེ་ལྷ་ཁང་གསར་དུ་གསོས་པ། གྲུམ་བུ་ལུང་དུ་ཆོས་གསུངས་པ། ལྷ་སར་རྒྱན་དང་མཆོད་པ་སོགས་སྟ་གོན་མཛད་པ། ལྷ་སར་འདུས་སྡེ་མང་པོ་བཅས་སྙན་གསན་མཛད་པ། ང་གསུམ་པ་ལ་ཚེས་གཅིག་ནས་སྔ་དྲོ་སྟོན་པའི་རྣམ་ཐར་གསུངས་པ། གུང་ཡོལ་ནས་སྨོན་ལམ་མཛད་པ་སྟེ། ཇོ་བོ་རིན་པོ་ཆེར་དབུ་རྒྱན་དང་མནྜལ་གསེར་གསོལ་སོགས་མཛད་པ། ཕྱི་དྲོ་ཕྱོགས་སྐྱོང་ལ་གཏོར་མ་བཏང་བ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པ་དང་། སངས་རྒྱས་སོ་ལྔ་སོགས་གཟིགས་པ་དང་། བརྒྱ་བྱིན་སྤོས་བསྐོར་བྱས་པ་དང་། རྣམ་སྲས་མང་ཇ་ཕུལ་བ་དང་། མི་དང་མི་མ་ཡིན་རྣམས་ཕྱག་བསྐོར་བྱས་པ། ཆུ་ཀླུང་གི་འགྲམ་རྡོའི་རགས་བརྩིགས་པ། ཚོགས་ལ་དངུལ་ཊཾ་གྱི་འགྱེད་བཏང་བ། བྱམས་པ་གླིང་བསྐོར་མཛད་པ། ཇོ་བོའི་མདུན་དུ་དགོན་སྡེའི་དོན་ལ་བརྟག་པ་མཛད་པ། འབྲོག་རི་བོ་ཆེར་བྱོན་ནས་སལ་གསི་ལས་པ། བྲག་ལ་ཕྱག་མཛུབ་གཏད་པས་ཆུ་བྱུང་བ། དུང་དཀར་དང་ཆོས་རྒྱལ་གྱི་ཞལ་འབག་བྲག་ནས་བཞེས་པ། ས་ཆོག་མཛད་པ། ཆོས་སྡིངས་སུ་ཆོས་གསུངས་པ། ཐངས་རིར་ཆོས་གསུངས་པ། རྒྱལ་ཚབ་འདུལ་འཛིན་སོགས་ཀྱིས་དགའ་ལྡན་གྱི་དགོན་སྡེ་བཏབ་པ་སྟེ། བྲག་གི་སྒོམ་ཆེན་ཞིག་ནམ་མཁར་འཕུར་ཏེ་གཤེགས་པ། འོལ་ཁ་བསམ་གཏན་གླིང་དུ་ཆོས་གསུངས་པ། རིམ་ལྔ་གསལ་སྒྲོན་བརྩམ་པའི་ཆེད་དུ་ཟིན་བྲིས་མཛད་པ། གསང་འདུས་འཇམ་པའི་རྡོ་རྗེས་བདུད་རྩི་གནང་བ་དང་། བདེ་མཆོག་གི་དཀྱིལ་འཁོར་མཆོད་པ་སོགས་རྨིས་པ། བུ་སྟོན་རིན་པོ་ཆེས་འདུས་པའི་རྒྱུད་གཏད་པ་རྨིས་པ།

ང་བཞི་པ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་འདུས་སྡེར་ཆོས་གསུངས་ཤིང་ལུགས་སྲོལ་གཙང་མ་ཚུགས་པ། ང་ལྔ་པ་ལ་རིམ་ལྔ་གསལ་སྒྲོན་བརྩམས་པ། འཇམ་པའི་དབྱངས་ཀྱིས་སྙན་བརྒྱུད་མན་ངག་དང་སྤྲུལ་པའི་གླེགས་བམ་གནང་བ། བསྟན་འགྲོ་ལ་གནོད་པའི་བདུད་འཇོམས་པའི་ཕྱིར་སྔ་དྲོ་རྒྱས་པའི་བསྒོམ་བཟླས་མཛད་པ། ཕྱི་དྲོ་དྲག་པོའི་བསྒོམ་བཟླས་མཛད་པ། ང་དྲུག་པ་ལ་བསྒོམ་བཟླས་དང་སྐུ་རིམ་ལ་འབད་པས་ལྷ་མང་པོ་གཟིགས་པ། ང་བདུན་པ་ལ་རྗེ་རིན་པོ་ཆེ་སློབ་མ་བདུན་བཅས་བསྒོམ་སྒྲུབ་ལ་འབད་པས་རྡོ་རྗེ་འཇིགས་བྱེད་འཁོར་ཆེན་སོགས་ལྷ་ཤིན་ཏུ་མང་པོ་གཟིགས་པ། གནོད་བྱེད་ཀྱི་ནང་ནས་གཅིག་གིས་མི་གནོད་པར་དམ་བཅས་པ། ཐུབ་པ་ཆེན་པོ་བདུད་འདུལ་བྱོན་ནས་ཐིམ་པ། ཡི་དམ་ཆོས་སྐྱོང་མང་པོའི་ཁྲོད་ནས་ཆོས་རྒྱལ་གྱིས་བདུད་ཀྱི་གཙོ་བོ་ཞགས་པས་ཁྲིད། མགོན་པོས་སྣ་དྲངས། ཀྵེ་ཏྲ་པཱ་ལས་རྒྱབ་ནས་དེད་དེ་ཁྱེར་འོངས་ནས་རྗེའི་མདུན་གྱི་འབྲུབ་ཁུང་དུ་མགོ་བཅད་ནས་བསྲེགས་པ་དང་མཉམ་དུ་བདུད་སྡེའི་ཚོགས་ཀྱིས་དམག་ཕམ་མོ་ཞེས་སྒྲ་བསྒྲགས་ཤིང་ངུས་ནས་བྱེད་པ། ཆོས་སྐྱོང་རྣམས་ཀྱིས་ཡང་གཅིག་བཟུང་ནས་བསྒྲལ་བ། གཟའ་ཀླུ་རྒྱལ་གདོན་རྣམས་ཀྱིས་གཡར་དམ་ཕུལ་བ། ང་བརྒྱད་པ་ལ་འཇམ་པའི་དབྱངས་ཀྱིས་སྔགས་ཀྱི་རྟོགས་པ་རྫོགས་པར་ལུང་བསྟན་པ། རྟོགས་ལྡན་པས་རྗེའི་མཆོད་རྟེན་ལ་མཁའ་འགྲོ་མ་རྣམས་ཀྱིས་ཁྲུས་གསོལ་བ་རྨིས་པ།

ཏཱ་མིང་རྒྱལ་པོས་གསོལ་བ་བཏབ་པར་བྱམས་ཆེན་ཆོས་རྗེ་བཏང་བ། བཀྲ་ཤིས་དེ་ཁར་དབྱར་གནས་མཛད་ཅིང་ཆོས་གསུངས་པ། ང་དགུ་པ་ལ་བདེ་མཆོག་རྒྱུད་འགྲེལ། འགྲེལ་པ་བཞི་སྦྲགས་སོགས་བརྩམས་པ། དྲུག་བཅུ་པ་ལ་ཡངས་པ་ཅན་གྱི་ལྷ་ཁང་བཞེངས་པ། འཇམ་དབྱངས་ཆོས་རྗེ་ལ་གཏེར་དུང་གནང་སྟེ་འབྲས་སྤུངས་གདབ་པར་བཀའ་གནང་བ། འབྲས་སྤུངས་ཀྱི་ས་ཆོག་མཛད་པ། བྱམས་ཆེན་ཆོས་རྗེས་པེ་ཅིང་ནས་སླར་བྱོན་ཏེ་བསྙེན་བཀུར་མཛད་པ། རེ་གཅིག་པ་ལ་ཐུབ་པ་ཚུལ་ཁྲིམས་མ་དང་བློས་བསླང་གསུམ་སོགས་བཞེངས་པ།

རང་བྱོན་འཇའ་ཚོན་མ་ལ་མཆོད་པ་ཕུལ་བ། འཇིམ་པ་ལ་སྔགས་བཟླས་ཏེ་འཇིགས་བྱེད་སོགས་བཞེངས་པ། དེ་དག་གི་རབ་གནས་ཀྱི་ཚེ་ལྷ་རྣམས་ཐིམ་པ། རྗེ་དགེ་འདུན་གྲུབ་ལ་མཐང་ཤམ་གནང་སྟེ་བཀྲ་ཤིས་ལྷུན་པོ་གདབ་པར་བཀའ་བསྩལ་བ། དགའ་ལྡན་དུ་སྔགས་གྲྭ་ཚུགས་ནས་མཁའ་འགྲོའི་གླུ་སོགས་གཟིགས་པ། རེ་གཉིས་པ་ལ་ཆོས་མང་དུ་གསུངས་པ། རྣམ་བཤད་དགོངས་པ་རབ་གསལ་བརྩམས་པ། ཆོས་རྒྱལ་གྱི་སྤྱན་འདྲེན་སོགས་ཀྱི་དབྱངས་མཛད་པའི་ཚེ་ཆོས་རྒྱལ་རང་ཉིད་དབྱངས་འཐེན་པ་གཟིགས་པ། གསང་འདུས་འགྲེལ་བ་སོགས་པར་དུ་བསྒྲུབས་པ། རེ་གསུམ་པ་ལ་འདུས་སྡེར་ཆོས་གསུངས་པ། བདེ་མཆོག་གི་རྒྱུད་འགྲེལ་བརྩམས་པ། འདི་ཡན་དགོན་སྡེ་བཙུགས་པ་སོགས་ཀྱི་སྐབས་ཏེ་ལེའུ་དྲུག་པའི་བསྡུས་དོན་ནོ། །

རྩོམ་སྒྲིག་པ། མང་ར་བ།


གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།