རྗེའི་རྣམ་ཐར་ཆེན་མོ་ལས་དབེན་གནས་རྣམས་སུ་སྒོམ་སྒྲུབ་གཙོ་བོར་མཛད་པའི་སྐབས་ཏེ་ལེའུ་ལྔ་པའི་བསྡུས་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 11:57:54     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བླ་མ་དབུ་མ་པ་དང་རྗེ་འདི་པ་ལྷ་སའི་ཐོག་སྟེང་མའི་ལྷོ་ཕྱོགས་ཀྱི་གསེར་ཐོག་གི་བྱ་འདབ་འོག་དེར་མཆོད་པ་རྒྱ་ཆེན་པོར་བཤམས་ནས་གསོལ་བ་དྲག་ཏུ་བཏབ་པས་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་དངོས་སུ་བསྟན་ཏེ་ཉམས་ལེན་གྱི་གནད་མདོར་བསྡུས་གསུངས་པ། ལྷ་སའི་སྒོ་ཁང་སྟེང་དུ་རྗེ་འདིས་བླ་མ་དབུ་མ་ལ་གསང་འདུས་མི་བསྐྱོད་པའི་དབང་གནང་བ། རྗེ་བཙུན་གྱིས་ལུང་བསྟན་པའི་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་གཞུང་ཀོ་མཛད་ནས་བྱ་བྲལ་ལ་བྱོན་པ། འོལ་ཁ་ཆོས་ལུང་དུ་བསགས་སྦྱང་ལ་འབད་པས་སངས་རྒྱས་སོ་ལྔ་གཟིགས་པ། རྗེ་བཙུན་བྱམས་པ་ལོངས་སྤྲུལ་གཉིས། སྨན་བླ། ཚེ་དཔག་མེད་སོགས་གཟིགས་པ། འཇམ་དཔལ་རྒྱལ་མཚོ་ལ་འཇམ་དབྱངས་ཆོས་སྐོར་གནང་བ། སོ་བདུན་པ་ལ་རྫིང་ཕྱིའི་ལྷ་ཁང་དུ་མཇལ་ནས་མཆོད་པ་ཕུལ་བ། རྒྱ་སོག་ཕུར་འཇམ་པའི་དབྱངས་ལ་སངས་རྒྱས་བྱང་སེམས་མང་པོ་དང་པཎ་གྲུབ་མང་པོས་བསྐོར་བ་གཟིགས་པ། རྡོ་རྗེ་འཇིགས་བྱེད་གཟིགས་ཤིང་འོད་དུ་ཞུ་ནས་ཐིམ་པ། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་བདག་འཇུག་རྒྱུན་དུ་མཛད་པ། རྡོ་གཅལ་དུ་སྦྱིན་སྲེག་མཛད་པའི་ཚེ་མཐའ་བསྐོར་དུ་ཁ་བ་བབས་ཀྱང་ཐང་དེར་མ་བབས་པ། འཇམ་པའི་དབྱངས་འཁོར་མང་པོ་བཅས་གཟིགས་པའི་འཇམ་དབྱངས་ཀྱི་ཐུགས་ཀ་ནས་བྱུང་བའི་རལ་གྲིའི་རྩེ་རྗེའི་ཐུགས་ཀར་རེག་པའི་སྟེང་ནས་བདུད་རྩི་བབས་པ་རྗེའི་སྐུ་ལ་ཐིམ་པ་དང་། འཁོར་མང་པོས་མྱངས་པ་གཟིགས་པ།

        སོ་བརྒྱད་པ་ལ་རྒྱ་སོག་ཕུར་ཆོ་འཕྲུལ་མཆོད་པ་མཛད་པའི་ཚེ་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པར་བྱོན་ནས་བྱིན་གྱིས་བརླབས་པ། རྫིང་ཕྱིའི་ལྷ་ཁང་གི་ཞིག་གསོས་བྱེད་དུ་བཅུག་པ། རྣམ་སྲས་ལ་འཛིན་གཏོར་ཕུལ་བས་བཞེད་དོན་བདེ་བླག་ཏུ་གྲུབ་པ། རབ་གནས་ཀྱི་ཚེ་ལྷ་མང་པོ་བྱོན་ནས་ཐིམ་ཞིང་། སངས་རྒྱས་རབས་བདུན་སོགས་བྱོན་པ་ལྷོ་བྲག་གྲུབ་ཆེན་གྱིས་གཟིགས་པ། སློབ་མ་རྣམས་ལ་དབང་གནང་བ། འཇམ་པའི་དབྱངས་ཀྱི་བཀའ་བཞིན་བདེ་བ་ཅན་གྱི་སྨོན་ལམ་བརྩམས་པ། ལྷོ་བྲག་ཏུ་འབྱོན་པའི་ཚེ་གྲུབ་ཆེན་གྱིས་རྗེ་འཇམ་པའི་དབྱངས་དང་། རྗེས་གྲུབ་ཆེན་ཕྱག་རྡོར་དུ་གཟིགས་ཤིང་། འཇའ་ཚོན་ཤར་ནས་མེ་ཏོག་གི་ཆར་བབས་པ། རྗེ་རིན་པོ་ཆེས་གྲུབ་ཆེན་པ་ལ་བླ་མའི་རྣལ་འབྱོར་གསན་པའི་ཚེ་ཕྱག་རྡོར་བྱོན་ནས་རྗེ་ལ་ཐིམ་པ། རྗེ་རིན་པོ་ཆེས་གྲུབ་ཆེན་འཁོར་བཅས་ལ་བསླབ་བཏུས་གསུངས་པའི་ཚེ། རྗེའི་དབུའི་སྟེང་དུ་བྱམས་པ། ཕྲག་པར་འཇམ་དཔལ་དང་དབྱངས་ཅན་མ། མགོན་པོ་སོགས་ཆོས་སྐྱོང་རྣམས་བསྐོར་ནས་བཞུགས་པ་དང་། མི་མ་ཡིན་རྣམས་ཆོས་ཉན་པ་གྲུབ་ཆེན་གྱིས་གཟིགས་པ།

        རྗེ་རིན་པོ་ཆེས་གྲུབ་ཆེན་པ་ལ་ཕྱག་ན་རྡོ་རྗེའི་ཆོས་སྐོར་ལམ་རིམ་རྣམས་གསན་པའི་ཚེ་གྲུབ་ཆེན་གྱི་དབུའི་སྟེང་དུ་ཐུབ་པའི་དབང་བོ། ཕྲག་པར་ཕྱག་རྡོར་གདུགས་དཀར་བཞུགས་པར་གཟིགས་པ། རྗེ་ལ་བདུད་རྩི་ཀ་པཱ་ལ་གང་ཕུལ་བ་ལ་དེའི་ལྦུ་བའི་ནང་དུ་འཇམ་དབྱངས་ཛཾ་བྷ་ལ་རྣམ་སྲས་རྣམས་བཞུགས་པ་དང་། མཁའ་འགྲོ་མ་རྣམས་གྱིས་བྱ་བ་བྱེད་པར་གཟིགས་པ། རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ཏེ་དགེ་སྦྱོང་གི་རྟགས་ཚང་བའི་ཡོ་བྱད་དང་བྱམས་པའི་བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བ་མཛད་དེ་རྫིང་ཕྱིའི་ཇོ་བོ་ལ་འབུལ་དུ་བཏང་བ། གྲུབ་ཆེན་ལ་དབང་གསན་པའི་ཚེ་ཕྱག་རྡོར་འཁོར་ཆེན་བྱོན་ནས་ཐིམ་པ། གྲུབ་ཆེན་གྱིས་རྗེའི་འཕྲིན་ལས་རྒྱས་པའི་ཕྱིར་རྣམ་སྲས་ལ་གཏོར་མ་ཕུལ་བས་རྗེ་རིན་པོ་ཆེས་རྡོ་རྗེ་རྣམ་འཇོམས་ལ་རྣམ་སྲས་བཞིས་བསྐོར་བ་གཟིགས་པ།
        སོ་དགུ་པར་གཉལ་ལོ་དོར་བྱོན། གྲོ་ལུང་པའི་བསྟན་རིམ་སྤྱན་དྲངས་པ་ལ་བསུ་བ་དང་མཆོད་པ་ཕུལ་བ། དེ་ལ་གཟིགས་རྟོགས་མཛད་པས་ཐུགས་ངེས་འཁྲུངས་ཏེ་སློབ་མ་རྣམས་ལ་གསུངས་པ། མཁན་ཆེན་ཆོས་སྐྱབས་བཟང་པོ་ལ་ལམ་རིམ་གྱི་ཁྲིད་སོགས་གསན་པ། རྣམ་སྲས་ལ་གཏོར་མ་ཕུལ་བས་ཞལ་གཟིགས་པ། ཙ་རིར་བྱོན་ནས་བདེ་མཆོག་གི་བདག་འཇུག་མཛད་པས་དངོས་སུ་བྱིན་གྱིས་བརླབས་པ། ཚུར་འབྱོན་པའི་ཚེ་ལ་ཅིག་གི་ཁར་ཚོགས་འཁོར་ཕུལ་བ། ལ་རྩར་ཞག་བཞུགས་པའི་ནུབ་མོ་རྗེ་བཙུན་བྱམས་མགོན་གྱིས་བསྔགས་པར་མཛད་པ། བཞི་བཅུ་པ་ལ་དུས་ཀྱི་འཁོར་ལོའི་རྒྱུད་དོན་དཔྱིས་ཕྱིན་པར་ངེས་པའི་ཚེ་དུས་འཁོར་དཔའ་གཅིག་བྱོན་ནས་བསྔགས་པ། འཇམ་དཔལ་དང་དབྱངས་ཅན་མ་གཉིས་ཀྱིས་ལུང་བསྟན་མང་པོ་བསྩལ་བ། གསེར་ཕྱེ་འབུམ་པར་མཆོད་པ་ཕུལ་ནས་སློབ་མ་རྣམས་ལ་འདུལ་བའི་བསླབ་ཁྲིམས་བསྟན་པ། གྲྭའི་ལྟག་གི་རི་གཟར་པོ་ནས་རྡོའི་ཕ་བོང་ཆེན་པོ་དག་རྦབ་ཏུ་འདྲིལ་ནས་བྱུང་བ་ལ་ཕྱག་བསྡིགས་མཛུབ་མཛད་པ་ཙམ་གྱིས་གཞི་དེར་ཆགས་པ། ཆའི་ཕྱོགས་ནས་རླུང་ཆེན་པོ་གནམ་ས་ཁེབས་པ་ཙམ་ལངས་ཏེ་བྱུང་བ་ལ་སྡིགས་མཛུབ་གཏད་པ་ཙམ་གྱིས་ཕྱིར་ལོག་ཅིང་ཞི་བར་གྱུར་པ། གཉལ་སྨད་སྒང་ཆུང་དུ་དགེ་འདུན་རྣམས་ལ་ཆོས་སྣ་ཚོགས་གསུངས་ཤིང་ཁྱིམ་པ་རྣམས་སྐྱབས་འགྲོ་དང་བསྙུང་གནས་སཙྪ་འདེབས་པ་སོགས་དགེ་བ་ལ་བཀོད་པ།

        གཉལ་སྟོད་རབ་གྲོང་དུ་རྒྱལ་ཚབ་རྗེ་འབྱོན་པའི་ཚེ་བསུ་བ་མཛད་པ། རྒྱལ་ཚབ་རྗེས་ཕྱག་འཚལ་ནས་སློབ་མར་གྱུར་པ། གཉལ་ཕྱོགས་ཀྱི་དགེ་འདུན་རྣམས་བསྡུས་ཏེ་ཆོས་འཁོར་རྒྱ་ཆེན་པོ་བཙུགས་པ། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་བླ་མ་ཡིད་མ་དབྱེར་མེད་ལ་གསོལ་བ་འདེབས་པ་སོགས་རྒྱུ་ཚོགས་གསུམ་ལ་འབད་པས་མནལ་ལམ་དུ་འཕགས་པ་ཡབ་སྲས་ལྔ་གཟིགས་ཤིང་སློབ་དཔོན་སངས་རྒྱས་བསྐྱངས་བྱོན་ནས་རྒྱ་དཔེ་པོ་ཏི་ཞིག་དབུ་ཐོག་ཏུ་བཞག་པ་རྨིས་པ། གྲྭ་པ་གཅིག་གིས་བུདྷ་པཱ་ལི་ཏའི་དཔེ་ཕུལ་བ་གཟིགས་པས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་རྣམ་དག་ཐུགས་རྒྱུད་ལ་འཁྲུངས། དེ་ཁོ་ན་ཉིད་ལ་འཁྲུལ་བའི་དྲི་མ་དྲུང་ནས་ཕྱུང་བར་གྱུར་པ། ཞེ་གཉིས་པ་ལ་སྟོན་པ་ལ་ཤེས་ནས་བསྟོད་པ་ལེགས་བཤད་སྙིང་པོ་མཛད་པ། འོལ་ཁའི་མགར་ཕུག་ཏུ་བྱོན་ནས་ཆོས་མང་དུ་གསུངས་པ། ཞེ་གསུམ་པ་ལ་ཞབས་ཕྱི་སློབ་མ་རྣམས་ལ་འཇམ་དབྱངས་ཀྱི་རྗེས་གནང་སོགས་བསྩལ་བ། ཨེའི་ཏེའུ་རར་དབྱར་བཞུགས་མཛད་ཆོས་མང་དུ་གསུངས་ཤིང་སྐྱེ་བོའི་ཚོགས་མང་པོ་དགེ་བ་ལ་བཀོད་པ།

        ཞེ་བཞི་པ་ལ་རྫིང་ཕྱིའི་ཇོ་བོ་ལ་ཆོ་འཕྲུལ་གྱི་ཞག་བཅོ་ལྔའི་རིང་མཆོད་པ་དང་སྨོན་ལམ་རླབས་པོ་ཆེ་མཛད་པ། ཉང་པོའི་ཕྱོགས་སུ་འབྱོན་པའི་ལམ་དུ་དབུ་ཞྭ་ཆུར་ལྷུང་བས་དགོན་སྡེ་འབྱུང་བར་ལུང་བསྟན་པ། མདང་མདོར་དབྱར་གནས་མཛད་དེ་འདུས་ཚོགས་ལ་ཆོས་གསུངས་ཤིང་སྐྱེ་བོ་མང་པོ་ཕྱག་བསྐོར་སོགས་ལ་བཀོད་པ། སྟོན་སྐྱིད་ཤོད་དུ་བྱོན་པོ་ཏ་ལར་བཞུགས་ཏེ་གསང་བདེ་གུང་གསུམ་སོགས་གྲྭ་ས་ཆེན་པོ་རྣམས་ཀྱི་གདན་ས་པ་རྣམས་ཀྱིས་ཐོག་དྲངས་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ་དཀའ་པོད་ཀྱི་ཆོས་མང་དུ་གསུངས་པ། ཞེ་ལྔ་པ་ལ་དགའ་བ་གདོང་དུ་བཞུགས་བླ་མ་ལྔ་བཅུ་པ། ཚུལ་ཁྲིམས་ལེའུ། རྩ་ལྷུང་བཅུ་བཞི་པ་སོགས་གསུངས་པ། རྗེ་བཙུན་རེད་མདའ་པ་མངའ་རིས་ནས་བྱོན་པ་ལ་བསུ་བ་དང་བསྙེན་བཀུར་གྱ་ནོམ་པ་མཛད་པ། རྗེ་རྣམ་གཉིས་སྟག་ཚང་དུ་དབྱར་གནས་མཛད་པ། རྭ་སྒྲེང་དུ་ཆོས་མང་དུ་གསུངས་པ། རེད་མདའ་པས་རྗེ་འདིའི་རྩ་ཤེ་དང་གསང་འདུས་གྱི་རྒྱུད་འགྲེལ་གསན་པ། ཞེ་དྲུག་པ་ལ་འབྲི་ཁུང་དུ་ཆོས་གསུངས་པ། འབྲི་ཁུང་ཆོས་ཀྱི་རྒྱལ་བོ་ལ་ནཱ་རོ་ཆོས་དྲུག་སོགས་གསན་པ། ནམ་རྩེར་ལྡེང་དུ་དབྱར་གནས་མཛད་ཅིང་འདུལ་བའི་ལུགས་དག་པར་མཛད་པ། ར་སྒྲེང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆེ་བའི་དྲུང་དུ་ཞག་མང་པོར་གསོལ་བ་བཏབ་པས་སངས་རྒྱས་ནས་ལྷོ་བྲག་པའི་བར་གྱི་ལམ་རིམ་གྱི་བླ་མ་བརྒྱུད་པའི་ཞལ་གཟིགས་ཤིང་ལྷག་པར་ཇོ་བོ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པ། ཇོ་འབྲོམ་སོགས་ཟླ་བའི་བར་དུ་ཆོས་གསུངས་ནས་ཨ་ཏི་ཤས་ཕྱག་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་པ། ལམ་རིམ་ཆེན་མོ་བརྩམས་པ། འཇམ་པའི་དབྱངས་ཀྱི་བཀའ་ལུང་གིས་ལམ་རིམ་གྱི་མཇུག་རྫོགས་པར་མཛད་པ། ཐང་ལྷ་ཞོགས་ལྷ་སོགས་ཀྱིས་སློབ་མར་གྱུར་པ། ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་བརྩམས་པ། ཞེ་བདུན་པ་ལ་ར་སྒྲེང་དུ་དབྱར་གནས་མཛད་པ། སློབ་མ་རྣམས་ལ་མར་མེ་མང་པོ་འབུལ་དུ་གཞུག་ཅིང་། དེ་རྣམས་རྒྱལ་ཚབ་རྗེའི་ཀ་ཏོ་རར་བླུགས་ནས་རྒྱལ་ཚབ་རྗེ་ལ་ཕར་ཕྱིན་གྱི་འགྲེལ་པ་བརྩམ་པར་བཀའ་གནང་བ། ཞེ་བརྒྱད་པ་ལ་རྭ་སྒྲེང་དུ་ཆོ་འཕྲུལ་སྨོན་ལམ་མཛད་པ། ལྷ་ས་ཕུ་དགོན་གསར་དུ་སྡེ་སྣོད་འཛིན་པ་དུ་མ་ལ་ཚད་མའི་ལམ་སྒྲིག་གསུངས་པས་མཁས་པ་རྣམས་སྔོན་མེད་པའི་ལེགས་བཤད་ཀྱི་བདུད་རྩིས་ཚིམས་པ།

        འོན་སྡེ་ཆེན་སྟེང་དུ་སྤྱན་དྲངས་ཏེ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་དང་ལྷན་ཅིག་དབྱར་གནས་མཛད་ཅིང་བྱང་ཆུབ་ལམ་རིམ་དང་དབུ་ཚད་ཀྱི་དཀའ་གནས་རྒྱ་ཆེར་གསུངས་པ། འོ་དེ་གུང་རྒྱལ་གྱི་བྱམས་པ་གླིང་དུ་ཆོས་གསུངས་པ། རྣམ་གཞག་རིམ་པའི་རྣམ་བཤད་མཛད་པ། ཞེ་དགུ་པ་ལ་སྔགས་རིམ་ཆེན་མོ་སོགས་བརྩམས་པ། ལྔ་བཅུ་པ་ལ་སྐུ་མཚམས་ཀྱི་ཁོག་ནས་སྔགས་ཀྱི་ཆོས་མང་དུ་གསུངས་པ། བྱང་ཆུབ་ལུང་དུ་ཆོས་གསུངས་པ། ང་གཅིག་པ་ལ་སེ་ར་ཆོས་སྡིང་དུ་མཚམས་མཛད་ནས་རྫོགས་རིམ་གསུངས་པ། དེར་དབྱར་གནས་མཛད་ཅིང་མགོན་པོ་ཕྱག་དྲུག་པ་ཞལ་གཟིགས་ནས་རྒྱུན་དུ་བསྲུང་མར་མཛད་པ། མཁས་གྲུབ་རྗེས་མཇལ་ནས་འཇིགས་བྱེད་ཀྱི་དབང་གསན་པ། སྟོང་ཉིད་ཀྱི་འདྲེས་རྐང་ཉི་ཤུའི་གསེར་གྱི་ཡི་གེ་གཟིགས་པ། རྩ་ཤེའི་ཊིཀ་ཆེན་བརྩམས་པ། ང་གཉིས་པ་ལ་མཁས་པ་མང་པོ་ལ་ཆོས་གསུངས་པ། ར་ཁ་བྲག་ཏུ་མཚམས་ལ་བཞུགས་ནས་འཇམ་དབྱངས་ཀྱི་གསུང་བཞིན་ལེགས་བཤད་སྙིང་པོ་བརྩམས་པ། ཏ་མིང་རྒྱལ་པོས་བང་ཆེན་མངགས་ཏེ་སྐྱེས་ཕུལ་ཞིང་སྤྱན་འདྲེན་ཞུས་པར་ཡི་གེ་སྤྲིངས་པ། སེ་ར་ཆོས་སྡིང་དུ་དབྱར་གནས་མཛད་ཅིང་ཆོས་གསུངས་པ། འདི་ཡན་དབེན་གནས་རྣམས་སུ་སྒོམ་སྒྲུབ་གཙོ་བོར་མཛད་པའི་སྐབས་ཏེ་ལེའུ་ལྔ་པའི་བསྡུས་དོན་ནོ། །

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།