རྗེའི་རྣམ་ཐར་ཆེན་མོ་ལས་སྔགས་ཕྱོགས་ལ་གཙོ་བོར་སྦྱངས་པ་ལེའུ་བཞི་པའི་བསྡུས་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:58:23     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡར་ལུང་རྣམ་རྒྱལ་དུ་ཇོ་གདན་ཚོགས་པའི་མཁན་པོ་དཀའ་བཞི་པ་ཚུལ་རིན་པས་མཁན་པོ་མཛད་བྱེ་རྫིང་ཚོགས་པའི་མཁན་པོ་བཤེས་གཉེན་ཤེར་མགོན་པས་ལས་སློབ་དང་བསོད་རྡོར་པས་གསང་སྟོན་མཛད། ཚོགས་པ་གཉིས་ཀྱི་དགེ་འདུན་གྱིས་ཁ་སྐོང་མཛད་དེ་དགུང་ལོ་ཉེར་བཞི་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ། གདན་ས་ཐིལ་དུ་སྤྱན་སྔ་གྲགས་བྱང་པ་དང་མཇལ་ཏེ་ཁོང་ལ་ནཱ་རོ་ཆོས་དྲུག་ཕག་གྲུའི་བཀའ་འབུམ་སོགས་ཆོས་མང་དུ་གསན་པ། འོན་གྱི་ལྷ་ཁང་ཀེ་རུར་ཚ་ཁོ་དབོན་པོ་སོགས་བཤེས་གཉེན་མང་པོ་ལ་ཕར་ཚད་དབུ་མ་སོགས་ཆོས་མང་དུ་གསུངས་པ།དགུང་ལོ་ཉེར་ལྔ་ནས་ཚལ་གུང་ཐང་དུ་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ལ་གཟིགས་རྟོག་ཞིབ་ཏུ་མཛད་པ། མངོན་རྟོགས་རྒྱན་གྱི་རྣམ་བཤད་གསེར་གྱི་ཕྲེང་བའི་རྩོམ་པའི་དབུ་ཚུགས་པ། སྙན་དངགས་བློ་སྦྱོང་བརྩམས་པ།

        རྗེ་འདི་དང་གླིང་མཚུངས་མེད་འཇམ་དཔལ་བཀྲ་ཤིས་ཤཱཀྱ་གྲུབ་རྣམས་དཔེ་འཛིན་པ་ལ་འགྲན་པས་རྗེ་འདིས་ནམ་ལངས་ནས་ཉི་མ་ཤར་གྱི་བར་དེར་མདའ་ཚད་ཕྲེང་དགུ་མ་ཤོག་ལྡེབ་བཞི་བྱང་པར་ཟིན་པ། ཚ་ཁོ་དཔོན་པོ་ཕྱག་ཕྱིར་ཁྲིད་ནས་ལྷ་སར་ཕེབས་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བསྙུང་གནས་མང་དུ་མཛད་པ། དེའི་ཚེ་རྨི་ལམ་དུ་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་མེ་ཏོག་ཨུདྤལ་གསར་པ་ཞིག་རྙེད་པ་རྨིས་པ། རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས་ལུང་བསྟན་པས་པཎ་ཞྭ་གསེར་མདོག་གསོལ་བ། དགུང་ལོ་ཉེར་དགུ་པ་ལ་བདེ་བ་ཅན་དུ་ཕར་ཚད་འདུལ་མངོན་སོགས་སྡེ་སྣོད་མང་དུ་གསུངས་པ། སུམ་བཅུ་པ་ལ་བྱ་ཡུལ་དུ་བྱོན་དེར་ཡང་སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ཙམ་ལ་ཕར་ཚད་དབུ་མ་མངོན་པ་ཀུན་བཏུས་རྣམས་གསུངས་པ། སྐྱོར་མོ་ལུང་དུ་ཚལ་བའི་བཤེས་གཉེན་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་པ་ལ་དུས་འཁོར་འགྲེལ་ཆེན་ཞིབ་བཤད་དང་། རྒྱུ་མཚན་རྩིས་ལག་ལེན་རྩིས་དང་བཅས་པ་ལ་གསན་སྦྱོང་མཛད་པ། སྡེ་སྣོད་འཛིན་པ་མང་པོ་ལ་དཀའ་པོད་ཀྱི་བཤད་པ་རྒྱ་ཆེར་མཛད་པ།     

        སོ་གཅིག་པ་ལ་དཔྱིད་བདེ་བ་ཅན་དུ་བཤེས་གཉེན་མང་པོ་ལ་གཞུང་བཤད་མང་དུ་མཛད་པ། གསེར་ཕྲེང་གི་མཇུག་རྫོགས་པར་མཛད་པ། མཚོ་སྨད་དུ་ཚོས་གསུངས་པ། ངང་དཀར་དུ་ཆོས་གསུངས་པ། སྲིན་པོ་རིར་ཕེབས་པ། སོ་གཉིས་པ་ལ་རིགས་ལྔ་ལྷང་ཁང་དུ་ཆོས་གསུངས་པ། སྨོན་མཁར་དུ་ཆོས་གསུངས་པ། སློབ་མ་རྣམས་ལ་དབང་རྗེས་གནང་བསྩལ་བ། བཀྲ་ཤིས་གདོང་དུ་ཤ་སྟོན་དགེ་བཤེས་སོགས་ཀྱིས་ཆོས་གསུང་བར་ཞུས་པ། ཟླ་བ་གསུམ་གྱི་རིང་དགེ་བཤེས་མང་པོ་ལ་པོ་ཏི་བཅུ་བདུན་ཐུགས་བཤད་མཛད་པ། སོ་གསུམ་པ་ལ་ཡར་ལུང་ཨོ་དཀར་བྲག་ཏུ་སྐུ་མཚམས་དམ་པར་བཅད་ནས་བདེ་མཆོག་སོགས་ལྷའི་རྣལ་འབྱོར་དང་ནི་གུ་ཆོས་དྲུག་གི་དམིགས་རིམ་ཐུགས་ཉམས་སུ་བཞེས་པ། པོ་ཏ་ལར་རྗེ་བཙུན་རེད་མདའ་པ་དང་རྗེ་འདི་པ་གཉིས་དགུན་བཞུགས་མཛད་ནས་དབུ་ཚད་གྱི་དཀའ་གནས་རྣམས་ལ་འགྲོ་བ་མང་དུ་མཛད་ཅིང་གཞུང་བཤད་རྒྱ་ཆེར་མཛད་པ། སྐྱོར་མོ་ལུང་དུ་ཆོས་གསུངས་པ། སོ་བཞི་པ་ལ་ཆོས་ལུང་དུ་ཚོགས་པའི་མཁན་པོ་གྲགས་པ་བཤེས་གཉེན་པ་ལ་བཀའ་ལུང་ཅི་རིགས་པ་གསན་པ། འཇག་ཆེན་བྱམས་པ་དཔལ་ལ་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གསན་པ། བླ་མ་དབུ་མ་པ་དང་མཇལ་ཏེ་ཁོང་ལ་རྗེ་འདིས་ལྷ་མོ་དབྱངས་ཅན་མའི་རྗེས་གནང་སོགས་གནང་བ།

        སྟག་ཚང་རྫོང་ཁང་ལོ་ཆེན་སྐྱབས་མཆོག་པས་ཡོ་བྱད་ཐམས་ཅད་ཀྱིས་མཐིལ་ལེན་མཛད་ནས། ལོཙྪ་ལ་གྲགས་རྒྱན་རྗེ་རེད་མདའ་པ་རྗེ་འདི་བ་བཅས་རྣམ་པ་གསུམ་ཞབས་འབྲིང་བ་སྡེ་སྣོད་འཛིན་པ་ལྔ་བརྒྱ་ཙམ་དང་གཉུག་མར་གནས་པའི་དགེ་འདུན་བཅས་ཚོགས་པ་སྟོང་ལྷག་གིས་ཉན་བཤད་ཀྱི་ཆོས་འཁོར་རྒྱ་ཆེན་པོ་མཛད་པ། རེད་མདའ་ལ་རྣམ་འགྲེལ་རྒྱལ་གྱི་རྣམ་བཤད་གསན་པ། འབའ་འབའ་གཉེར་དུ་རྗེ་འདིས་རྗེ་རེད་མདའ་པ་ལ་འདུས་པ་རྩ་རྒྱུད་ཀྱི་བཤད་པ་གསན་པ། རོང་གི་ཆོས་ལུང་དུ་བླ་མ་དབུ་མ་པས་ལོ་ཙཱ་མཛད་ནས་འཇམ་པའི་དབྱངས་ལ་དྲི་བ་ཞུས་པ། བདེ་ཆེན་ཆོས་ཀྱི་དཔལ་བ་ལ་དར་སེར་ཕུལ་ནས་རྫོགས་རིམ་གྱི་རྟེན་འབྲེལ་བསྒྲིགས་པ། གོས་ལྗང་ཕུལ་ནས་སྐྱེད་རིམ་གྱི་རྟེན་འབྲེལ་བསྒྲིགས་ཏེ་དུས་འཁོར་གསན་པ། སོ་ལྔ་པ་ལ་འཁྲིས་རྩ་ཁང་དུ་ཡོ་ག་པ་མགོན་བཟང་ལས་ཡོ་གའི་ཕྱག་ལེན་གར་དབྱངས་ཐིག་སོགས་སྦྱངས་པ། མནལ་ལམ་དུ་བླ་མ་ཁྱུང་པོ་ལྷས་པ་ཡིན་ཟེར་བའི་བགྲེས་པོ་ཞིག་དང་མཇལ་ནས་བླ་མ་དེས་རྗེ་འདི་བའི་དབུ་ཐོག་ཏུ་རྡོ་རྗེ་དྲིལ་བུ་བཟུང་སྟེ་ཀརྨཱ་བཛྲ་ཞེས་བྱའོ་ཞེས་གསུངས་པ་རྨིས་པ། རྗེ་ཆོས་དཔལ་བ་ལ་ཕྲེང་བ་སྐོར་གསུམ་ཆ་ལག་དང་བཅས་པ་གསན་པ། ཁྲི་ཞིག་གི་སྟེང་དུ་རྗེ་ཁྱུང་ལྷས་པ་ཡིན་ཟེར་བའི་བླ་མ་བགྲེས་པོ་ཞིག་གིས་ཕྱག་གཉིས་ཀྱིས་ན་བཟའ་བསལ་ནས་ཐུགས་ཀར་སྔགས་ཕྲེང་འཁོར་མ་བཀྲ་ལམ་མེ་ཡོད་པ་རྗེ་འདི་ཉིད་ལ་སྟོན་པར་རྨིས་པ། རྗེ་ཁྱུང་ལྷས་པ་ལ་ཡོ་ག་སོགས་མདོ་སྔགས་ཀྱི་ཆོས་བཀའ་བོད་དུ་བཞུགས་སོ་འཚལ་བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པ་རྣམས་གསན་པ། བླ་མ་ཁྱུང་པོ་ལ་ཚོགས་འཁོར་རྒྱ་ཆེན་པོ་ཕུལ་བ།

        སོ་དྲུག་པ་ལ་ཕག་པ་རིར་ཆོས་ཀྱི་དཔལ་བ་ལ་ཆོས་མང་དུ་གསན་པ། རྗེ་གྲགས་རྒྱན་པ་ལ་ཡོ་གའི་གར་དབྱངས་སོགས་ཀྱི་ཕྱག་ལེན་ལ་དག་ཐེར་མཛད་ཅིང་དཀྱིལ་ཆོག་རྡོ་རྗེ་འབྱུང་བའི་རྣམ་བཤད་བུ་སྟོན་རིན་པོ་ཆེས་མཛད་པ་དང་ཡོ་གའི་རྩ་བཤད་ཆ་མཐུན་གྱི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པའི་ལུང་གསན་པ། དགའ་བ་གདོང་དུ་རྗེ་འདི་དང་བླ་མ་དབུ་མ་པ་གཉིས་འཚམས་དམ་པར་བཅད་ནས་རྗེ་འདིས་ཡི་དམ་གྱི་བསྙེན་སྒྲུབ་ལ་འགྲུས་པར་མཛད་པ། དབུ་མ་པ་བརྒྱུད་དེ་འཇམ་པའི་དབྱངས་ལ་སྟོང་ཉིད་ཀྱི་སྐོར་དང་འདི་ཕྱིའི་དོན་སོགས་མང་པོ་ཞུས་པ། འོད་ཀྱི་དཀྱིལ་འཁོར་ཟླུམ་པོའི་དབུས་སུ་འཇམ་དབྱངས་ཨ་ར་པ་ཙ་ན་བཞུགས་པ་མངོན་སུམ་དུ་གཟིགས་པ། འཇམ་དབྱངས་ཆོས་སྐོར་དུ་གྲགས་པའི་དབང་རྗེས་གནང་མང་པོ་ཐོབ་པ། རྡོ་རྗེ་འཇིགས་བྱེད་ཀྱིས་ཆོས་རྒྱལ་རྣམ་གསུམ་བཀའ་སྡོད་དུ་མཛད་པ་སྟེ། འདི་ཡན་སྔགས་ཕྱོགས་ལ་གཙོ་བོར་སྦྱངས་པ་ལེའུ་བཞི་པའི་བསྡུས་དོན་ནོ། །

                                                                      རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།