རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་སྦྱངས་པ་ལེའུ་གསུམ་པའི་བསྡུས་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:46:48     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱིས་བསྡུས་དོན་བཞུགས་སོ།།ཨོཾ་བདེ་ལེགས་སུ་གྱུར་ཅིག རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱི་བསྡུས་དོན་ཅུང་ཟད་བརྗོད་པ། རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། འདིར་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་སྙན་བདུད་རྩིའི་ཐིག་པ་རྣ་བའི་བུ་གར་ལན་གཅིག་ཙམ་དུ་ཞུགས་པས་ཀྱང་སྲིད་པའི་རྒུད་པ་འཇོམས་ཤིང་རྣམ་གྲོལ་གྱི་ས་བོན་འཇོག་ནུས་པ་དེ་ཉིད་གྱི་རྨད་དུ་བྱུང་བའི་མཛད་པ་གཞན་ལ་མཆོག་ཏུ་ཕན་ཞིང་འབའ་ཞིག་རང་རྗེས་སུ་མཐུན་པའི་ཀུན་ཏུ་སྤྱོད་པ་ཉེ་བར་བསྟན་པ་དག་མདོར་བསྡུས་ཏེ་བརྗོད་པར་བྱ་བ་ནི། སྔོན་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོ་ལྟ་བུའི་དབུས་སུ་སྙིགས་མ་མ་དག་པའི་ཞིང་རྣམས་སུ་ཟབ་མོའི་ལྟ་བ་དང་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་བར་དམ་བཅའ་མཛད་ཅིང་། རྒྱལ་བ་དེ་ཉིད་ཀྱིས་ལེགས་སོ་གནང་སྟེ་དེ་བཞིན་གཤེགས་པ་སེང་གེའི་ང་རོར་འཚང་རྒྱ་བར་ལུང་བསྟན་པ། བདག་ཅག་གི་སྟོན་པའི་དྲུང་དུ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་ཕུལ་ཏེ་ཟབ་མོའི་ལྟ་བ་རྟོགས་པའི་རྟེན་འབྲེལ་མཛད་པ། དགེ་སློང་པདྨའི་ངང་ལྡན་དུ་གྱུར་པ་སྟེ། འདི་དག་ནི་རྣམ་ཐར་རྒྱས་པའི་ལེའུ་དང་པོའི་བསྡུས་དོན་སྐུ་ཚེ་སྔོན་མའི་སྐབས་སོ། །

        སྤྲེལ་ལོའི་མཇུག་ཏུ་ཡབ་ཀྱི་རྨི་ལམ་དུ་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་དགེ་སློང་མེ་ཏོག་གི་སྣམ་སྦྱར་དང་དར་སེར་པོའི་ཤམ་ཐབས་ཅན་གླེགས་བམ་ཁྱེར་བ་ཞིག་འོངས་ནས་གནས་གཡོར་ཟེར་ཏེ་ཁྱིམ་གྱི་ཡང་ཐོག་མཆོད་ཁང་ཞིག་ཡོད་པའི་ནང་དུ་ཞུགས་པ་རྨིས་པ། ཡུམ་གྱི་མནལ་ལམ་དུ་མེ་ཏོག་གི་ཐང་ཞིག་ཏུ་རང་སོགས་བུད་མེད་མང་པོ་གྲལ་དུ་བསྒྲིགས་པ་ལ་ཁྱེའུ་དཀར་པོ་དང་བུ་མོ་དམར་མོ་གཉིས་ཀྱིས་རང་ལ་ཁྲུས་བྱེད་པ་རྨིས་པ། བྱ་ལོ་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་ཞིག་བྱུང་ནས་ཡུམ་ལ་ཐིམ་པར་རྨིས་པ། ཡུམ་གྱི་རྨི་ལམ་དུ་ནམ་མཁའ་ནས་སྤྱན་རས་གཟིགས་ཀྱི་གསེར་སྐུ་ཉི་མ་ལྟར་འོད་འབར་བ་ཞིག་ཚུར་འབྱོན་གྱིན་འདུག་པ་ལ་སྐྱེ་བོ་མང་པོས་རོལ་མོ་དང་མཆོད་རྫས་མང་པོ་དང་བཅས་བསུ་བ་བྱེད་བཞིན་པར་གསེར་སྐུ་དེ་རིམ་གྱིས་ཇེ་ཆུང་དུ་སོང་ནས་རང་ལ་ཐིམ་པར་རྨིས་པ། སྐུ་འཁྲུངས་པའི་སྔོན་དེ་ཉིད་དུ་ཡུམ་གྱི་མནལ་ལམ་དུ་ཁྱེའུ་ཞིག་འོངས་ནས་ཤེལ་གྱི་ལྡེ་མིག་གིས་རང་གི་བྲང་ན་སྒོ་ཆུང་ཞིག་ཡོད་པ་ཕྱེས་ཏེ་སྔར་གྱི་གསེར་སྐུ་དེ་ལ་ཁྲུས་བྱེད་པར་རྨིས་པ། རབ་བྱུང་དྲུག་པའི་མེ་བྱ་ལོར་མདོ་སྨད་ཙོང་ཁར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་པ།

        དེའི་སང་ཉིན་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ལྷ་དང་སྔགས་མདུད་སོགས་སྤྲིངས་པ་ལ་བདུད་རྩི་ཞལ་དུ་གསོལ་ནས་ལྷ་ལ་མཆོད་པ་ཕུལ་བ། གཞི་དེར་ལྷ་དང་ཡིག་འབྲུ་རང་བྱོན་དུ་གྲུབ་པའི་ཙནྡན་གྱི་སྡོང་པོ་སྐྱེས་པ། ཆོས་རྗེ་བླ་མས་བུམ་ཆུས་སྐུ་ཁྲུས་དང་བློ་འཕེལ་བའི་ཐབས་ཡང་ཡང་མཛད་པ། དགུང་ལོ་གསུམ་པ་ལ་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པ། ཡབ་ཡུམ་གྱིས་ཆོས་རྗེ་བླ་མ་ལ་རྗེ་འདི་སློབ་མར་ཕུལ་བ། ཆོས་རྗེ་པའི་དྲུང་དུ་བྱོན་ནས་ཀློག་འདོན་སློབ་མཁན་ལ་གཟིགས་པས་གཟབ་གཤར་གྱི་ཡི་གེ་མཁྱེན་པ། ཆོས་རྗེ་བླ་མས་འཁོར་ལོ་སྡོམ་པ་སོགས་ཀྱི་དབང་བསྩལ་བ། རྗེ་རང་གིས་བདག་འཇུག་བླངས་པ། ཇོ་བོ་རྗེའི་ཞལ་གཟིགས་ནས་བྱིན་གྱིས་བརླབས་པ། ཕྱག་རྡོར་གཏུམ་པོ་གཟིགས་ནས་བྱིན་གྱིས་བརླབས་པ་སྟེ། འདི་དག་ནི་སྐུ་ན་ཕྲ་བའི་དུས་ཀྱི་རྣམ་ཐར་གྱི་བསྡུས་དོན་ནོ། །

        དགུང་ལོ་བདུན་པ་ལ་ཆོས་རྗེ་དོན་རིན་པས་མཁན་པོ། །གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་དུ་གྱུར་ཏེ་དགེ་ཚུལ་དུ་བསྒྲུབས་པ། ཆོས་རྗེ་བླ་མས་འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ། ཚེ་དཔག་མེད། མགོན་པོ། རྣམ་སྲས་རྣམས་ལ་གཉེར་གཏད་མཛད་པ་སྟེ། འདི་ཡན་ནི་ལེའུ་གཉིས་པའི་བསྡུས་དོན་ནོ། །ཆོས་རྗེ་བླ་མས་ཐུགས་གཉེར་ལ་གཏོང་བའི་སྟ་གོན་མཛད་ནས་བསླབ་ཚིག་གསུངས་པ་ཡི་གེར་བཀོད་པ། དགུང་ལོ་བཅུ་དྲུག་པ་ལ་གྲོགས་མང་པོ་དང་བཅས་དབུས་གཙང་དུ་བྱོན་པ། ཆབ་མདོར་གནས་བརྟན་དང་མགོན་པོའི་ཞལ་གཟིགས་ནས་དགོན་སྡེ་འབྱུང་བར་ལུང་བསྟན་པ། དགུང་ལོ་བཅུ་བདུན་པ་ལ་འབྲི་གུང་དུ་ཕེབས་ཏེ་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལ་སེམས་བསྐྱེད་ཆོ་ག་དང་ཕྱག་ཆེན་གསན་པ། བླ་མ་ཆོས་ཀྱི་རྒྱལ་པོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གནང་བ། ཐོག་མཐའ་བར་གྱི་སྨོན་ལམ་མཛད་པ། ཚལ་དུ་གྲོགས་ཀྱི་དབང་གིས་ལྷ་རྗེ་དཀོན་མཆོག་སྐྱབས་ལས་སྨན་བསླབ་པ།

        བདེ་བ་ཅན་དུ་སློབ་དཔོན་ཡོན་ཏན་རྒྱ་མཚོ་སོགས་ལ་བརྟེན་ནས་ཕར་ཕྱིན་ལ་སྦྱངས་པ། དབེན་གནས་ཆོས་རྫོང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལ་ཨ་ར་པ་ཙ་ནའི་རྗེས་གནང་དང་དྲིལ་བུ་ལུས་དཀྱིལ་གྱི་དབང་གསན་པ། བླ་མས་པཎ་ཞྭ་གནང་སྟེ་བསྟན་པའི་བདག་པོར་མངའ་གསོལ་བ། དགུང་ལོ་བཅུ་དགུ་པ་ལ་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པ། བདེ་བ་ཅན་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པ། དེ་ནས་གཙང་ལ་བྱོན་ཞ་ལུར་མཁན་ཆེན་རིན་ཆེན་རྣམ་རྒྱལ་ལ་བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་གསན་པ། ས་སྐྱར་བྱོན་ས་བཟང་མ་ཏི་པཎ་ཆེན་ལ་ཆོས་བཀའ་ཅི་རིགས་གསན་པ། ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པ། ལ་སྟོད་བྱང་དུ་བྱོན་འདར་བཟང་ལྡན་དུ་གྲྭ་སྐོར་མཛད་པ། ངམ་རིང་དུ་གྲྭ་སྐོར་མཛད་པ། འགའ་རོང་ཆོས་སྡེར་གྲྭ་སྐོར་མཛད་པ། ཇོ་མོ་ནང་དུ་རྗེ་ཕྱོགས་རྒྱལ་བ་ལ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་གསན་པ། སྤྱི་བོ་ལྷས་སུ་མཁན་ཆེན་པ་ལ་བཀའ་གདམས་ལམ་རིམ་གྱི་ལུང་གསན་པ། པོ་དོང་ཨེར་གྲྭ་སྐོར་མཛད་པ། སྣར་ཐང་དུ་ཆོས་རྗེ་དོན་བཟང་བ་ལ་མངོན་པ་མཛོད་གསན་པ། ཉང་སྟོད་གནས་རྙིང་དུ་ཕར་ཕྱིར་གྱི་གྲྭ་སྐོར་མཛད་པ། རྩེ་ཆེན་དུ་ཉ་དབོན་ཀུན་དཔལ་ལ་ཕར་ཕྱིན་གྱི་གཟབ་བཤད་གསན་པ། རྩེ་ཆེན་དུ་རྗེ་བཙུན་རེད་མདའ་པ་ལ་མངོན་པ་མཛོད་གསན་པ། ཉང་སྟོད་བསམ་གླིང་དུ་རྗེ་བཙུན་རེད་མདའ་པ་ལ་དབུ་མ་ལ་འཇུག་པ་གསན་པ། པོ་ཏ་ལར་ལོ་ཆེན་བྱང་ཆུབ་རྩེ་མོ་ལ་ཆོས་འབྲེལ་གསན་པ།

        དགུང་ལོ་ཉི་ཤུ་བར་སྐྱོར་མོ་ལུང་དུ་དཀའ་བཞི་པ་བློ་གསལ་བ་ལ་འདུལ་བ་མདོ་རྩ་བ་རྒྱ་ཆེར་འགྲེལ་ཆ་ལག་དང་བཅས་པ་གསན་པ། ཚོགས་འདོན་མཛད་པའི་ཚེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལ་དགེ་བསྐོས་ཀྱིས་འཐེན་པས་རྒྱབ་ཀྱི་ཀ་བ་འཁྱོགས་ནས་དགེ་བསྐོས་ཀྱིས་ཕྱག་བྱས་པ། སྐུ་ལ་སྙུན་ཞིག་བྱུང་བར་སྟོད་ལུང་ཕུར་ཨུ་རྒྱན་བསྙེན་སྒྲུབ་ལ་མཁས་པ་ཞིག་ལས་མན་ངག་བླངས་ཏེ་ཐུགས་ཉམས་སུ་བཞེས་པ། བདེ་བ་ཅན་དུ་སྨན་པ་རྣམས་བོས་ནས་སྨན་བཞེས་པ། གནས་རྙིང་དུ་དོན་གཉེར་ཅན་མང་པོ་ལ་མངོན་པ་ཀུན་ལས་བཏུས་ལ་རྩལ་བཤད་མཛད་པ། དགུང་ལོ་ཉེར་གཅིག་པར་ས་སྐྱར་རྗེ་བཙུན་རེད་མདའ་པ་ལ་ལམ་འབྲས་སོགས་དང་མངོན་པ་ཀུན་བཏུས་ཀྱི་གཟབ་བཤད་གསན་པ། བླ་མ་རྡོ་རྗེ་རིན་ཆེན་པ་ལ་བརྟག་གཉིས་ས་ལུགས་ཀྱི་བཤད་པ་གསན་པ། ས་སྐྱའི་བླ་བྲང་ཤར་བའི་དགེ་བཤེས་བགྲེས་པོ་ཞིག་ལས་མན་ངག་གསན་ཏེ་ཐུགས་ཉམས་སུ་བཞེས་པས་སྐུའི་སྙུན་ལྷག་མེད་དུ་དྭངས་པ། དགུང་ལོ་ཉེར་གཉིས་པ་ལ་བྱང་ངམ་རིང་དུ་བླ་མ་རྗེ་བཙུན་རེད་མདའ་པ་ལ་མངོན་པ་ཀུན་བཏུས་ཀྱི་ཊིཀྐ་ཁོང་ཉིད་ཀྱིས་མཛད་པ་དེ་གསན་པ། རྗེ་རེད་མདའ་པ་ལ་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་གསན་པ། འཁྲུངས་ཡུལ་ནས་ཡུམ་གྱིས་རང་ཡུལ་དུ་འོང་དགོས་ཀྱི་ཡི་གེ་ནན་ཆེ་བ་ཆ་རྐྱེན་དང་བཅས་པ་བསྐུར་བྱུང་བ་ལྟར་རེ་ཞིག་ཕེབས་འདུན་གྱིས་དབུས་སུ་བྱོན་ནས་ཕེབས་རྒྱུའི་རྩོལ་བ་མཛད་པ། ཨ་མདོར་མ་ཕེབས་པར་ཡུམ་ལ་ཡི་གེ་རྟེན་བཅས་བསྩལ་བ།

        མལ་གྲོ་ལྷ་ལུང་དུ་བླ་མ་བསོད་གྲགས་པ་ལ་ཆོས་མང་དུ་གསན་པ། གནས་དེར་སྐུ་འཚམས་བཅད་ནས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིག་མཛོད་ལ་གཟིགས་རྟོག་ཞིབ་ཏུ་མཛད་པས་ལུགས་འདི་ལ་མོས་གུས་དཔག་ཏུ་མེད་པ་འཁྲུངས་པ། དགུན་དེར་བདེ་བ་ཅན་དུ་བཞུགས་ནས་པོ་ཏི་འགའ་ཡར་ལ་གཟིགས་རྟོག་མཛད་པ། ཉེར་གསུམ་པ་ལ་སྣར་ཐང་དུ་དོན་བཟང་པ་ལ་རྣམ་འགྲེལ་གསན་པ། སྣར་ཐང་དུ་དབྱར་ཆོས་རྣམ་འགྲེལ་མངོན་པ་གོང་འོག་ཏུ་འདུལ་བ་མདོ་རྩ་དང་བཅས་པ་ལ་གྲྭ་སྐོར་མཛད་པ། པོ་དོང་ཨེར་ལོ་ཙྪ་བ་ནམ་མཁའ་བཟང་པོ་ལ་སྙན་དངགས་མེ་ལོང་གསན་པ། རྗེ་བཙུན་རེད་མདའ་པ་ལ་དབུ་ཚད་མངོན་པ་ཕར་ཕྱིན་འདུལ་པ་རྣམས་གསན་པ། ལྷ་མོ་དབྱངས་ཅན་མའི་བསྙེན་པ་མཛད་ནས་བསྟོད་པ་བརྩམས་པ། ས་སྐྱར་གོང་སྨོས་ཀྱི་དཀའ་པོད་རྣམས་ཀྱི་གྲྭ་སྐོར་མཛད་པ། གསང་ཕུར་དབྱངས་ཅན་མའི་སྔགས་བྱེ་བ་ལྔ་བཟླས་ཏེ་དབྱངས་ཅན་མའི་ཞལ་གཟིགས་པ། ཉེར་བཞི་པ་གསང་ཕུར་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་པ། རྩེས་ཐང་དུ་གྲྭ་སྐོར་མཛད་པ། ཆོས་རྗེ་དོན་རིན་པའི་བཀའ་བཞིན་དུ་ཡི་དམ་ཆོས་སྐྱོང་རྣམས་ལ་འདི་ནས་བཟུང་སྟེ་མཆོད་གཏོར་མ་ཆག་པར་མཛད་པ། འདི་ཡན་མདོ་ཕྱོགས་ལ་གཙོ་བོར་སྦྱངས་པ་ལེའུ་གསུམ་པའི་བསྡུས་དོན་ནོ། །

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།