རྗེའི་རྣམ་ཐར་ཆེན་མོ་ལས་བླ་མར་མཆོད་པའི་ཕན་ཡོན་བརྗོད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:37:34     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རྗེ་རིན་པོ་ཆེས་བསྟན་འགྲོ་ལ་གནོད་པའི་ནག་ཕྱོགས་ཀྱི་འབྱུང་བོ། རྒྱལ་གདོན། གཟའ། ཀླུ། ཤ་ཟ་རྣམས་ཀྱི་གཙོ་བོ་སྟོབས་ཆེན་རྣམས་བཅོམ་པ་དང་། དེ་དག་གི་རྗེས་འབྲང་གནོད་བྱེད་རྣམས་དམ་ལ་བཞག་པར་མཛད་པས། རྗེའི་རྗེས་སུ་འབྲང་བ་རྣམས་ལ་གཟའ་སྐར་སོགས་སྟེང་གདོན། རྒྱལ་པོ་ཤ་ཟ་སོགས་བར་གདོན། ཀླུ་ས་བདག་སོགས་འོག་གདོན་ཆོས་ལ་གེགས་བྱེད་པའི་བདུད་རིགས་རྣམས་གནོད་མི་ནུས་པར་ངེས་སོ། །ཡང་ལམ་རིམ་ཆེན་མོ་ལས། བསྟེན་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང་རྒྱལ་བ་རྣམས་དགྱེས་པ་དང་དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་དང་ངན་འགྲོར་མི་ལྟུང་བ་དང་ལས་ངན་པ་དང་ཉོན་མོངས་པས་ཐུབ་པར་དཀའ་བ་དང་བྱང་སེམས་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང་། དེ་ལ་བསྙེན་བཀུར་བས་བསམ་སྦྱོར་དགེ་བ་ཐོབ་ནས་རང་གཞན་གྱི་དོན་བྱེད་ཅིང་ཚོགས་རྫོགས་པར་འགྱུར་བའོ། །ཞེས་གསུངས་པ་དང་།

        ལམ་རིམ་བསྡུས་དོན་ལས་ཀྱང་། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་བ་དང་། གསང་འདུས་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་པ་དང་། རྒོད་ཚང་པས། གསོལ་བ་བཏབ་པའི་ཕན་ཡོན་ནི། རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེས། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཐུན་མོང་མ་ཡིན་རྟོགས་པ་འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྒྱུན་ཆད་མེད་པའི་ཉམས་མྱོང་ཡོད། །གསོལ་བ་བཏབ་པའི་ཕན་ཡོན་ནི། །དཀོན་མཆོག་ཐུགས་རྗེས་རྟག་ཏུ་སྐྱོབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཅི་བསམ་དགོས་འདོད་ལྷུན་གྱིས་གྲུབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །མཁའ་འགྲོ་ཆོས་སྐྱོང་བུ་བཞིན་གཟིགས། །གསོལ་བ་བཏབ་པའི་ཕན་ཡོན་ནི། །བར་ཆད་བདུད་ཀྱིས་ཚུགས་མི་འགྱུར། །ཞེས་དང་། གསོལ་བ་བཏབ་པའི་ཕན་ཡོན་ནི། །སྒྲིབ་པ་མ་ལུས་དག་གྱུར་ནས། །ཚོགས་གཉིས་རྒྱ་ཆེན་རྫོགས་པར་འགྱུར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །བར་དོ་རྣམ་གསུམ་བླ་མར་འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡིན། །ཞེས་དང་། ཨ་ཏི་བཀོད་པའི་རྒྱུད་ལས། སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་ལས། བླ་མའི་སྐུ་འབག་སུས་བྲིས་པ། །འདི་ནི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་།

        གསང་བ་སྒྲོན་མེའི་རྒྱུད་ལས། གང་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ། སྦྱིན་པ་བཏང་ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་བསྐྱེད་པ་བས་ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་བསྐྱངས་པ་བས། །བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་འདི་ཉིད་དུ་སངས་རྒྱ་བའི་ཕྱིར་རོ། །ཞེས་དང་། དཔུང་བཟང་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །ཞེས་དང་། དུས་འཁོར་ལས། བསྐལ་བ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་དུ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། །འདི་རྣམས་ནི་སྤྱིར་བླ་མ་ལ་བསྟེན་པའི་ཕན་ཡོན་ཡིན་པས། རྗེ་ཡབ་སྲས་ལ་དད་པས་བསྟན་པ་ལ་ཕན་ཡོན་དེ་རྣམས་འབྱུང་བར་གདོན་མི་ཟའོ། །དེའི་ཕྱིར་རང་དང་གཞན་ལ་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་འདོད་པའི་བསམ་པས། རྗེ་རིན་པོ་ཆེའི་ཐུན་མོང་གི་རྣམ་ཐར་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ། རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས། ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་བའི་ས་བོན་རྣམས་ལ་གཞིར་བྱས། མཁས་པ་མང་པོས་མཛད་པའི་གསུང་རབ་ཆོས་འབྱུང་གཏམ་རྒྱུད་སོགས་ལས་ཀྱང་ཅི་རིགས་པར་བླངས་ཏེ་གོ་སླ་བར་ཕྱོགས་གཅིག་ཏུ་བསྒྲིགས་པའོ། །

        རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་བསྡུས་ངུར་སྨྲིག་འཛིན་པའི་གར་བསྒྱུར་ཏེ། །ཐུབ་བསྟན་སྙིང་པོ་གསལ་མཛད་ཙོང་ཁ་པ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཡབ་སྲས་རྣམས་ཀྱི་རྣམ་ཐར་བརྗོད་པ་ལ། །མ་ཤེས་ལོག་བཤད་ཉེས་ཀུན་སྙིང་ནས་བཤགས། །བརྩེ་ལྡན་རྣམས་ཀྱིས་བཟོད་པར་མཛད་ནས་ཀྱང་། །ཀུན་ལ་ཕན་བདེ་འབྱུང་བར་མཛད་དུ་གསོལ། །འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང་། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །མཛད་པ་སྨོན་ལམ་མ་ལུས་འགྲུབ་པ་དང་། ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །དེ་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་བདག །ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། རིམ་གཉིས་ལམ་གྱིས་བགྲོད་པ་མཐར་ཕྱིན་ཤོག །སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །བསྟན་པ་སྤྱི་དང་འཇམ་དཔལ་སྙིང་པོ་ཡི། །བསྟན་པ་རིན་ཆེན་ཕྱོགས་དུས་ཀུན་ཏུ་དར། །བསྟན་འཛིན་དམ་པའི་སྐུ་ཚེ་འཕྲིན་ལས་འཕེལ། །བསྟན་པའི་སྦྱིན་བདག་ཚེ་བསོད་རྒྱས་པར་ཤོག །འདི་ལ་འབྲེལ་བཞག་འགྲོ་བ་མ་ལུས་དང་། །འཇམ་མགོན་བླ་མས་འབྲལ་མེད་རྗེས་འཛིན་ཅིང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མཐར་སོན་ཏེ། །མྱུར་དུ་རྒྱལ་བའི་གོ་འཕང་འཐོབ་གྱུར་ཅིག །འཇིག་རྟེན་ཁམས་སུ་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། །ཀུན་ཀྱང་ཆོས་མཐུན་བསམ་སྦྱོར་བཟང་པོ་ཡིས། །དགེ་ལེགས་དཔལ་ལ་རྟག་ཏུ་རོལ་བར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བ་སླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །འཇམ་མགོན་བླ་མའི་ཐུགས་རྗེ་བྱིན་རླབས་དང་། །མཐུ་ལྡན་སྲུང་མའི་ཐོགས་མེད་འཕྲིན་ལས་ཀྱིས། །དགེ་ལྡན་རིང་ལུགས་ཕྱོགས་ཀུན་ཁྱབ་གྱུར་ཏེ། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །

        ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་མཚུངས་པ། སྐྱེ་རྒུ་མ་ལུས་པའི་གཉེན་གཅིག་པུ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་འདི་ནི། དགེ་སློང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པའི་ཚེ། ཡི་གེ་བ་ནི་དགེ་སློང་བློ་བཟང་བསམ་གྲུབ་པའོ། །འདི་ལྟར་བགྱིས་པའི་མཐུ་ལ་བརྟེན་ནས་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བདག་ཅག་རྣམས་ཀྱང་ཚེ་རབས་ཐམས་ཅད་དུ། འཇམ་མགོན་བླ་མས་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ། དོན་གཉིས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག། 

                                                                                                                        རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།