རྗེའི་རྣམ་ཐར་ཆེན་མོ་ལས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་རྒྱུད་སྟོད་པའི་གྲྭ་ཚང་བཙུགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:27:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        རྒྱུད་སྟོད་པའི་གྲྭ་ཚང་ཚུགས་པ་པོ་ནི། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཡིན་ལ། དེ་ནི་ས་ཕག་ལོར་གཙང་དུ་འཁྲུངས། སྣར་ཐང་དུ་རབ་ཏུ་བྱུང་ནས་སློབ་གཉེར་མཛད། རྗེ་དགེ་འདུན་གྲུབ་ལ་རྣམ་འགྲེལ་གསན། རྗེ་ཤེས་རབ་སེང་གེ་ལ་དགེ་འཕེལ་དུ་རྩ་རྒྱུད་ལེའུ་བདུན་པ་ཡན་གྱི་བཤད་ལུང་དང་། རིམ་ལྔའི་དམར་ཁྲིད་གསན། འབྲས་སྤུངས་སུ་མཁན་ཆེན་དཔལ་བློ་ལ་དབུ་ཕར་འདུལ་མངོན་སོགས་གསན། གཙོ་ཆེར་རྒྱུད་པ་སྦྱིན་པ་དཔལ་བ་ལ་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ཡོངས་སུ་ཚང་བར་ཞུས། གཞན་ཡང་མཁས་པ་མང་དུ་བསྟེན་ནས་མཁས་པ་ཆེན་པོར་གྱུར་ཏེ་རྒྱུད་དུ་བཞུགས་པ་ལ། གྲགས་བཟང་དང་སྦྱིན་པ་གཉིས་ལོ་སྔ་ཕྱི་ལ་གཤེགས་ནས་འཆད་ཉན་ལ་གྲྭ་བ་མངས་མ་རྗེ་བཙུན་ཀུན་དགའ་དོན་གྲུབ་ལ་མོས་ཀྱང་། དབུ་མཛད་དོན་ཡོད་སོགས་ཀྱིས་བཀྲ་ཤིས་རྒྱལ་མཚན་སློབ་དཔོན་དུ་བསྐོས་ནས་ཟེར་བཟློས་ཅུང་ཟད་བྱུང་བ་ལ་བརྟེན་ནས། རྐྱེན་ངན་ལམ་དུ་ལོངས་པར་གཟིགས་ནས་རྒྱུད་པའི་ནང་རྟེན་ཕྱག་དྲུག་པའི་ཞལ་ཐང་དང་ནང་མཆོད་ཀ་པཱ་ལ་བསྣམས་ནས་དབུས་སྟོད་ཕྱོགས་སུ་ཕེབས་པས། གཏམ་རྒྱུད་ལ་ཐོག་མར་དཔོན་སློབ་དྲུག་དང་། དེ་ནས་དཔོན་སློབ་སུམ་ཅུ་སོ་གཉིས་བྱུང་བས་འདུས་པའི་ལྷ་གྲངས་དང་མཉམ་པའི་རྟེན་འབྲེལ་འགྲིག་པ་ཡིན་ཟེར། ཉེ་གནས་བྱང་རྩེ་ཀུན་དགའ་བཀྲ་ཤིས་དང་རྣམ་པ་གཉིས་དབུས་སྟོད་བྱམས་པ་གླིང་དུ་ཕེབས་ནས་གནད་ས་མཛད།

        ཀླུང་ཤོད་དུ་བསོད་སྙོམས་མཛད་པའི་ཆས་རྐྱེན་གྱིས་རན་ཚ་རབ་ཀྱི་བྱམས་པའི་དྲུང་སྤྱིར་བསྟན་པ་རྒྱས་པ་དང་། ཁྱད་པར་རྒྱུད་ཀྱི་རྒྱལ་པོ་ལ་བརྟེན་ནས་གཞན་ཕན་རྒྱ་ཆེན་པོ་འོང་བའི་ཐུགས་འདུན་དྲག་པོས་ལོ་ཁ་ཤས་སྨོན་ལམ་མཛད་པས་བྱིན་གྱིས་རླབས་པའི་མཚན་མ་གསལ་བར་བྱུང་། སེམས་དཔའ་ཆེན་པོས་ཀྱང་གཞན་ཕན་རྒྱ་ཆེན་འོང་བའི་ལུང་བསྟན་མཛད། དེ་ལྟར་ལོ་བཅུ་ཙམ་སོང་ནས། སློབ་དཔོན་བཀྲིས་རྒྱལ་བ་བྱང་རྩེར་ཕེབས་སྐབས། སློབ་དཔོན་ཤེས་བཟང་པས་ཀླུང་ཤོད་དུ་ཕོ་ཉ་མངགས་ཏེ་རྒྱུད་པའི་སློབ་ཆེན་དུ་ཅི་ནས་ཀྱང་འབྱོན་དགོས། ཁོ་བོས་སློབ་དཔོན་སྦྱིན་པ་དང་ཁྱད་མེད་དུ་ལུང་གསུང་བས་འབྱོན་པ་ལ་ཐུགས་སྤྲོ་བར་གྱུར་ཀྱང་། ཞག་དེ་གའི་མནལ་ལམ་དུ་བུད་མེད་ཅིག་གིས་ལ་མོ་དང་ཕག་མོ་གཉིས་ཀྱི་བར་དུ་ཡོལ་བ་ཞིག་འཐེན་བྱུང་བ་རྨིས་པས། ཐུགས་འགྱུར་ནས་མི་ཕེབས་པར་ཐག་བཅད།

        དེ་ལྟར་དངོས་དང་རྨི་ལམ་གྱི་མཚན་མ་དང་སེམས་དཔའ་ཆེན་པོའི་ལུང་བསྟན་མཛད་པ་མཐའ་དག་དབུ་རུ་སྟོད་རང་དུ་རྒྱུད་ཀྱི་བཤད་ཉན་འོང་བའི་ཐོག་ཏུ་བབས་ནས། བླ་མ་ཉིད་དགུང་ལོ་ང་དྲུག་པ་ཤིང་རྟ་ལ་རྒྱུད་ཀྱི་བཤད་པ་བཙུགས་པས་ལོ་རེ་བཞིན་གྲྭ་ཚོགས་ཇེ་ཆེར་སོང་སྟེ། མཁས་གྲུབ་ཤེས་རབ་སེང་གེ་དང་རྒྱུད་ཆེན་སྦྱིན་པ་དཔལ་གཉིས་ཀྱི་རྣམ་ཐར་མ་ཉམས་པ་བཟུང་ནས་འདུལ་ཁྲིམས་གཙང་ཞིང་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གསུམ་གྱི་བར་དུ་བསྐྱངས་པས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཞེས་གྲགས་པ་འདི་བྱུང་བ་ཡིན་ནོ། །བླ་མ་འདིས་དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས་དགུང་ལོ་རེ་བརྒྱད་པ་མེ་ཕོ་རྟའི་ལོ་ཧོར་ཟླ་གཉིས་པའི་ཚེས་དྲུག་ལ་བྱམས་པ་གླིང་དུ་སྐུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་དབུ་ཐོད་རིང་བསྲེལ་གྱིས་བརྒྱན་པ་བྱོན་པའི་ཐུགས་ལྗགས་གཉིས་དཔལ་གསང་བ་འདུས་པའི་གསེར་སྐུ་ཁྲུ་གང་བ་གཅིག་བཞེངས་པའི་ནང་དུ་བཞུགས། དབུ་ཐོད་ནི་ལྷ་རྩེ་དགོན་གསར་ན་བཞུགས་སོ། །གྲྭ་ཚང་འདིའི་འཆད་ཉན་གྱི་སྨད་རྒྱུད་དང་འདྲ་ལ། གཙོ་ཆེར་ཁྲིད་ཆེན་དྲུག་མཛད་པར་གསུངས་སོ། །

        དེ་ལྟར་གོང་དུ་བཤད་པ་ལྟར། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་དངོས་སུ་བཞེངས་པའི་གཙུག་ལག་ཁང་ནི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པ་འདི་ཡིན་ལ། འདི་ནི་ལྷ་ས་ནས་ཤར་ཕྱོགས་སུ་ཉིན་གཅིག་འགྲོ་བའི་ས་ན་ཡོད། འབྲས་སྤུངས་ནི་ལྷ་སའི་ནུབ་བྱང་གི་མཚམས་ས་ལེ་དབར་བརྒྱད་ཙམ་ན་ཡོད། སེ་ར་ནི་ལྷ་སའི་བྱང་ས་ལེ་དབར་ལྔ་ཙམ་ན་ཡོད། པོ་ཏ་ལའི་ཕོ་བྲང་ནི་འབྲས་སྤུངས་དང་ལྷ་ས་གཉིས་ཀྱི་བར་ན་ཡོད། འདི་དག་ནི་དབུས་ཀྱི་ས་ཆ་ཡིན་ནོ། །

        བཀྲ་ཤིས་ལྷུན་པོ་ནི་གཙང་གི་ས་སྟེ། ལྷ་ས་ནས་ལྷོ་ནུབ་མཚམས་ཉིན་ལམ་བཅུ་ཙམ་གྱི་ས་ན་ཡོད། དགའ་ལྡན་སོགས་འདི་བཞི་ལ་དགེ་ལུགས་ཀྱི་དགོན་ཆེན་བཞི་ཞེས་གྲགས་པ་ལ། འདི་བཞིའི་འདུས་སྡེར། ཕར་ཕྱིན། དབུ་མ། འདུལ་བ། མཛོད། རྣམ་འགྲེལ་ཏེ་པོ་ཏི་ལྔ་ལ་གཙོ་བོར་ཐོས་བསམ་མཛད་པ་ཡིན། པོ་ཏི་འདི་རྣམས་ལ་གོ་བ་ཆགས་ན་འཁོར་བ་ལས་གྲོལ་བ་དང་། ཐེག་པ་གསུམ་གྱི་ལམ་དུ་ཞུགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་སོགས་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་གོ་བར་འགྱུར་བས། བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་སྡོམ་དང་། གནད་ཀྱི་ལྡེ་མིག་ལྟ་བུ་ཡིན་ནོ། །འདུས་ཚོགས་འདི་རྣམས་སུ་རྒྱུན་པར་དམིགས་བརྩེ་མ་དང་སྒྲོལ་མ་སོགས་ལ་ཚོགས་འདོན་མཛད་ཅིང་། དུས་ཆེན་རྣམས་ལ་ཆོས་སྤྱོད་དུ་གྲགས་པའི་བསྟོད་པ་སྨོན་ལམ་རྣམས་འདོན་པར་མཛད་དོ། །དབུས་ཀྱི་རྒྱུད་སྟོད་སྨད་དང་། གཙང་གི་སྲད་རྒྱུད་རྣམས་སུ་གསང་བདེ་འཇིགས་གསུམ་སོགས་ཀྱི་བཤད་སྒྲུབ་མཛད་དོ། །དགོན་སྡེ་དེ་དག་དང་ཉེ་བའི་རི་རྣམས་སུ་བསྒོམ་སྒྲུབ་བྱེད་པའི་རི་ཁྲོད་ཀྱི་ཕུག་མང་དུ་ཡོད་ཅིང་། འདུས་ཚོགས་སུ་སློབ་གཉེར་མཛད་ནས་རི་ཁྲོད་དུ་སྒོམ་སྒྲུབ་མཛད་པས་ཕུལ་བྱུང་རྟོགས་པའི་ཡོན་ཏན་ཐོབ་པ་དག་ཀྱང་མང་དུ་ཡོད་དོ། །

        དེ་དག་གི་རྗེས་སུ་འབྲངས་ནས་དབུས་གཙང་མདོ་ཁམས་རྒྱ་ཧོར་སོགས་ཀྱི་ཡུལ་རྣམས་སུ་དགོན་སྡེ་བཏབ་ནས་སློབ་གཉེར་བྱེད་པ་དང་། ཐོས་བསམ་མི་བྱེད་ཀྱང་རྟེན་བཞེངས་མཆོད་པ་དང་། ཀློག་འདོན་གྱིས་ཚོགས་བསག་པའི་འདུས་སྡེ་ནི་ཤིན་ཏུ་མང་ངོ་། །དེ་ལྟར་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱི་ཕྱག་སྲོལ་བཟང་པོའི་རྗེས་སུ་འབྲངས་ནས། བླ་ཆེན། མི་ཆེན། དད་ལྡན། འབྱོར་ལྡན་མང་པོས་རྒྱལ་ཁམས་ཀུན་ཏུ་ལྷ་ཁང་གསར་དུ་འདེབས་པ་རྙིངས་པ་གསོ་བ་སོགས་ལོ་རེ་བཞིན་འཕེལ་བཞིན་པ་ཡིན་པས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ཏེ་བརྟན་པར་བཞུགས་བཞིན་པ་འདི་ཡིན་ནོ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །

        ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེའི་བདག་ཉིད་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱིས་རྣམ་ཐར་འདི་རྣམས་ལ། མཐོང་བ་དང་ཐོས་པ་དང་དོན་ལ་བསམ་ནས་གསོལ་བ་གདབ་པ་དང་། ཚེ་འདི་ཕྱིའི་དོན་དུ་སྐྱབས་སུ་འགྲོ་བ་དང་། རང་གི་ནུས་པ་དང་བསྟུན་ཏེ་རྗེའི་གསུང་རབ་ལ་ཐོས་བསམ་བསྒོམ་པ་བྱེད་པ་ནི་ཕན་ཡོན་ཤིན་ཏུ་ཆེ་སྟེ། ཕྱག་ན་རྡོ་རྗེས། རྗེ་རིན་པོ་ཆེ་འདི་མཐོང་ཐོས་རེག་གསུམ་གྱི་ཕན་ཡོན་ཐོབ་པའི་གང་ཟག་ཡིན་པར་གསུངས་པ་དང་། བདེ་བ་ཅན་གྱི་སྨོན་ལམ་ལས། བདག་གི་མིང་ཙམ་བརྗོད་དང་དྲན་པས་ཀྱང་། །སྡིག་པའི་ལས་ཀྱི་འབྲས་བུས་མནར་བ་ཀུན། །ཕུན་ཚོགས་བདེ་བའི་དཔལ་རབ་འབྱོར་གྱུར་ནས། །ཐེག་མཆོག་བགྲོད་པའི་ཐེམ་སྐས་འཛེག་གྱུར་ཅིག །ཅེས་གསུངས་ཤིང་། རྗེ་ནི་བདེན་ཚིག་གྲུབ་པ་ཡིན་པས་ཅི་གསུང་ཐམས་ཅད་འགྲུབ་ངེས་པ་ཡིན་ལ། དེའི་ཕྱིར་རྗེ་རིན་པོ་ཆེའི་མཚན་ནས་བརྗོད་དེ་གསོལ་བ་འདེབས་པ་དང་། མཛད་པ་རྣམ་ཐར་དྲན་པར་བྱེད་པ་ཐམས་ཅད་ཀྱང་སྡིག་སྒྲིབ་སྡུག་བསྔལ་མཐའ་དག་བྱང་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། རིམ་གྱིས་དམ་པའི་ཆོས་ཚུལ་བཞིན་དུ་བསྒྲུབས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ངེས་པ་ཡིན་ནོ། །

                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།