རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་ཤེས་རབ་གེས་སྲད་རྒྱུད་དང་སྨད་རྒྱུད་ཀྱི་གྲྭ་ཚང་བཙུགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:20:13     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ཡང་སྲད་རྒྱུད་ཀྱི་གྲྭ་ཚང་བཙུགས་པ་ནི། སེང་གེ་རྩེར་བཞུགས་པའི་ཉིན་ཅིག་ཇ་གྲལ་དུ་གྲལ་གཡས་ཀྱི་མགོར་དགེ་འདུན་གྲུབ་དང་། གཡོན་གྱི་མགོར་འདུལ་ནག་པ་དཔལ་ལྡན་བཟང་པོ་བཞུགས་པར། རྗེ་ཤེར་སེང་གིས། འདུལ་ནག་པ་ལ་ཁྱོད་ཀྱི་དགུང་སྙིང་གང་ཡིན་གསུངས་པས་རྟ་ཡིན་ཞུས་པར། དེ་བཟང་འདུག འཇིག་རྟེན་གྱི་གཏམ་དཔེར། གཡག་ཤི་སར་རྟ་འཁྲབ་ཟེར་བས། ཁྱོད་སོང་ལ་གཡག་ཤི་ལུང་པར་རྒྱུད་ཀྱི་བཤད་ཉན་གྱིས་ཤིག གསུངས་ནས་རྗེའི་པཎ་ཞྭ་དང་གོས་བེར་གནང་བས། འདི་དགེ་འདུན་གྲུབ་པར་འོས། ང་ལ་རྗེའི་འགྲེལ་པ་བཞི་སྦྲགས་དང་ཤོག་ལྷུང་དགོས་ཞུས་དེ་དག་བླངས་ནས། ལུང་པ་རྒྱུས་མེད་ཀྱང་མི་རྣམས་ལ་དྲི་གིན་བྱོན་པར། ལུང་པའི་མདོར་སླེབ་དུས་མི་གཅིག་ལ། གཡག་ཤི་ལུང་པ་གར་ཡོད་དྲིས་པས། ལུང་པ་འདྲ་མི་ཤེས། ཡ་གིའི་གྲོག་མོ་འདི་ལ་གཡག་ཤི་ནང་ཟེར་གི་ཡོད་ཟེར། ཕེབས་ནས་བྲག་གཅིག་ལ་ལོགས་བྱས་ནས་པོ་ཏིའི་ཁང་པ་མཛད་དེ། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ལ་སྦྱངས་པས། དེ་དུས་རྗེས་ལུང་བསྟན་པའི་བདུད་རྩི་མང་པོའི་ཁར་འགྲོ་བའི་དུས་ཡིན་པས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་ཐུན་མཚམས་ལའང་ང་རྒྱལ་དང་གསལ་སྣང་ཡོད་པའི་གཤིས་ཀྱིས་ཐུན་མཚམས་ལ་བྲག་སྟེང་དུ་ཕེབས་དུས་ལ་ལས་འབྲོང་གཡག་ཆེན་པོ་གཅིག་ཏུ་མཐོང་བ་མང་དུ་བྱུང་། སྐུ་རྒྱབ་ཀྱི་བྲག་ལའང་འཇིགས་བྱེད་རང་བྱོན་ཡོད་པས། ལུང་པ་འདི་ན་དགེ་སློང་སྣ་ཚོགས་སྤྲུལ་མཁན་འདུག་ཟེར་ནས་ཀུན་དད་པར་གྱུར།

        ཡང་གནས་དེར་རྒྱལ་གདོན་གྱི་གནོད་པས་མི་མང་པོ་ཤི་ནས། མི་ཕྱུག་པོ་གཅིག་གི་བུ་གཙེས་པ་ན་བ་གསོ་བར་མཛད། བླ་མའི་རྣལ་འབྱོར་དང་དམིགས་བརྩེ་མ་ཡི་དམ་དུ་བྱེད་པ་དག་ལ་རྒྱལ་གདོན་གྱིས་མི་གནོད་པར་བྱིན་གྱིས་བརླབས། དེ་ནས་རིམ་གྱིས་བསྙེན་བཀུར་ཆེ་བ་དང་གྲྭ་བ་མང་པོ་འདུས་པ་ལ་སྔགས་ཀྱི་ཆོས་ལུང་ཁྲིད་སོགས་མང་དུ་བསྩལ་ཏེ། ལྷ་ཁང་རྟེན་དང་བརྟེན་པ་སོགས་བཞེངས། འདུས་སྡེའི་རྟེན་དུ་རྗེ་རིན་པོ་ཆེའི་འགྲེལ་པ་བཞི་སྦྲགས་ཀྱི་ཕྱག་དཔེ་གནང་། འདི་ལ་སྲད་རྒྱུད་དང་གཙང་རྒྱུད་ཅེས་གྲགས་ཤིང་། དེང་སང་གི་བར་དར་བཞིན་པ་ཡིན་ནོ། །གྲྭ་ཚང་འདིར་སྤྱིར་སྔགས་ཀྱི་ཆོས་མང་པོ་དང་། ཁྱད་པར་དུ་ཁྲིད་ཆེན་བརྒྱད་ལ་གཙོ་བོར་མཛད། དེ་བརྒྱད་ནི། གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་ཁྲིད། བདེ་མཆོག་ལི་དྲིལ་གྱི་ཁྲིད་གཉིས། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བཞི་རིམ་གྱི་ཁྲིད། དུས་འཁོར་སྦྱོར་དྲུག་གི་ཁྲིད། ཕྱག་རྡོར་འཁོར་ཆེན་གྱི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ཀྱི་ཁྲིད་དང་བརྒྱད་མཛད།

        ཡན་ལག་གི་ཁྲིད། དྲུག་ཅུ་པ་གསུམ་གྱི་ཁྲིད། མགོན་པོའི་གཏོར་སྒྲུབ། གཏོར་ཆེན་གྱི་ཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཆོའི་ཁྲིད། གདུགས་དཀར་སོགས་བཟློག་ཆེན་བཞིའི་ཁྲིད་རྣམས་རྩལ་དུ་འདོན་པར་མཛད་ཅིང་། ཚོགས་འདོན་ལའང་རྒྱུད་ལེའུ་བཅུ་བདུན་པ་ཚང་མ་ཚོགས་འདོན་དུ་མཛད་དོ། །འདི་ནི་རྗེ་ཤེར་སེང་གིས་འདུལ་ནག་ལ་གཏད་ནས་ཚུགས་པའི་གྲྭ་ཚང་ཡིན་ནོ།།

        དབུས་ཀྱི་རྒྱུད་སྨད་པའི་གྲྭ་ཚང་བཙུགས་པ་ནི། རྗེ་ཤེར་སེང་གིས་འདུལ་ནག་པ་ལ་རྒྱུད་གྲྭ་འཛུགས་པར་གཏད་པའི་རྗེས་སུ། སླར་དབུས་སུ་འབྱོན་པར། རྗེ་དགེ་འདུན་གྲུབ་ཀྱིས་ཚ་ཤོར་གྱི་བར་སྐྱེལ་མ་མཛད། ཡབ་སྲས་གཉིས་ཀ་འབྲལ་མི་ཕོད་པ་ཙམ་ནས་དགེ་འདུན་གྲུབ་ཕྱིར་ཕེབས། ཤེར་སེང་རིམ་གྱིས་དགའ་ལྡན་དུ་ཕེབས་ཏེ་སྔགས་ཀྱི་ཆོས་མང་དུ་གསུངས་པས་འདུས་སྡེ་ཆགས་པ་ནི་སྨད་རྒྱུད་གྲྭ་ཚང་ཡིན་ནོ། །འདི་ཐོག་མར་ཆགས་པའི་ལོ་ནི་ཆུ་མོ་གླང་ལོ་ཡིན། དེ་ནས་ཤིང་གླང་གི་བར་ལོ་བཅུ་གསུམ་དུ་འཆད་ཉན་མཛད་པས་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཆེས་ཆེར་རྒྱས་པར་གྱུར་ཏོ། །དུས་དེར་རྒྱུད་གྲྭ་འདི་དགའ་ལྡན་ནས་རིམ་གྱིས་ཞོགས་དང་། ལ་མོ་ཆོད་གསེབ་སོགས་སུ་ཆོས་ཐོག་བཏེགས་ནས་འཆད་ཉན་མཛད། གྲྭ་ཚང་གི་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་གསང་བ་འདུས་པའི་གསེར་སྐུ་དང་། ནང་མཆོད་ཀ་པཱ་ལ། མགོན་ཆོས་ཀྱི་ཞལ་ཐང་རྣམས་གནང་། དེ་ལྟར་རྗེ་རིན་པོ་ཆེའི་དྲུང་དུ་དམ་བཅས་པ་མཐར་ཕྱིན་པར་མཛད་དེ་སྐུ་མྱ་ངན་ལས་འདའ་ཁར་དཔེ་ཆ་འདི་རྣམས་དགེ་འདུན་གྲུབ་ཀྱི་སར་སྐྱོལ། རྒྱུད་ཀྱི་འཆད་ཉན་འདི་སྦྱིན་པ་དཔལ་གྱིས་གྱིས། དེའི་གྲོགས་དགོས་པ་གྲགས་པ་བཟང་པོ་ལ་ཆོལ་གསུངས་ནས་ཤིང་མོ་གླང་གི་ལྔ་པའི་ཉེར་བརྒྱད་ལ་དགའ་ལྡན་རྒྱུད་ཁང་དུ་འོད་གསལ་ཆོས་སྐུ་མངོན་དུ་མཛད།

        སྐུ་གདུང་ཞུགས་ལ་གཞུས་པས་རིང་བསྲེལ་ཤ་རི་རམ་ཁམ་ཅིག་ཙམ་ཞིག་བྱོན་པ་བཀྲ་ཤིས་ལྷུན་པོའི་ཐུབ་ཆེན་གྱི་ནང་དུ་བཞུགས་སོ། །རྒྱུད་གྲྭ་འདི་གཞི་གཅིག་ཏུ་མ་བཞུགས་པར། སེ་འབྲས་དགེ་གསུམ་ལྷ་ས་སོགས་སུ་བཏེགས་ནས་བཤད་སྒྲུབ་མཛད་བཞིན་པའོ། །གྲྭ་ཚང་འདིར་དབྱར་སོགས་འགྲེལ་པ་བཞི་སྦྲགས། བདེ་མཆོག་རྒྱུད་འགྲེལ་རྣམས་འཆད་ཅིང་། སྟོན་དགུན་དམར་ཁྲིད་སོགས་མཛད་ལ། འདིའི་ཁྲིད་ཆེན་གྱི་སྐོར་ནི། གསང་འདུས་རིམ་ལྔ། དུས་འཁོར་སྦྱོར་དྲུག དྲིལ་བུ་རིམ་ལྔ། ལཱུ་ཨི་པའི་རྣལ་འབྱོར་ཆེན་པོ། འཇིགས་བྱེད་ཀྱི་རྣལ་འབྱོར་བཞི་རིམ། འཁོར་ཆེན་བྱིན་རླབས་བཞི་ལྡན། འཇམ་རྡོར་གྱི་དགའ་བ་བཞི་ཁྲིད། འཕོ་ཁྲིད་ཆེན་མོ་བཅས་བརྒྱད་དང་། ཡང་ནཱ་རོ་ཆོས་དྲུག ནི་གུ་ཆོས་དྲུག ཕྱག་རྡོར་གཏུམ་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད། སྙིང་པོ་དོན་གསུམ། ཚེ་ཁྲིད། མདོ་ཕྱོགས་ཀྱི་ལམ་ཁྲིད། ལྟ་ཁྲིད་སོགས་ཀྱང་ཅི་རིགས་པར་འཆད་ཉན་མཛད་དོ། །

        འདིར་རྫོགས་རིམ་གྱི་སྐོར་བཤད་པ་ནི་ཁྲིད་ཀྱི་གཙོ་བོ་རྣམས་ཡིན་གྱི། ཡི་དམ་དེ་རྣམས་ཀྱི་བསྐྱེད་རིམ་དང་། དཀྱིལ་འཁོར་གྱི་ཐིག་དང་། དབྱངས། ཕྱག་རྒྱ། སྒྲུབ་མཆོད། སྦྱིན་སྲེག ཆོས་སྐྱོང་གཙོ་བོ་འགའ་ཞིག་གི་བསྐང་གསོ་གཏོར་ཆེན་སོགས་ཐམས་ཅད་ཚང་བ་ཤིན་ཏུ་ཕུན་སུམ་ཚོགས་པ་ཡོད་དེ། འདི་རྣམས་ལ་སློབ་གཉེར་ཚུལ་བཞིན་དུ་བྱས་ཏེ་བསྒོམ་བསྒྲུབ་མཛད་ན་རྡོ་རྗེ་འཆང་གི་གོ་འཕང་ཚེ་གཅིག་ལ་འཐོབ་པར་འགྱུར་རོ། ། 

                                                                                                                                    རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།