རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་ཤེས་རབ་སེང་གེ་གསང་སྔགས་རྒྱུད་ཀྱི་བདག་པོར་མངའ་གསོལ་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-10 10:11:00     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དབང་དང་། །དབྱེར་མེད་བླ་མ་མཆོག་ལ་གསོལ་བ་འདེབས། རྒྱུད་པ་གྲྭ་ཚང་འཛུགས་པ་པོ་མཁས་གྲུབ་ཤེས་རབ་སེང་གེ་ནི། གཙང་སྟོད་དུ་སྐུ་འཁྲུངས་ནས། གདན་ས་ཆེན་པོ་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་ནས་ཆོས་མང་དུ་གསན་ཞིང་། ཤངས་པ་ཀུན་མཁྱེན་ཕྱི་མ་ལས་ཀྱང་ཟབ་ཆོས་མང་དུ་གསན། དབུས་སུ་ཕེབས་ནས་དང་པོར་རོང་སྟོན་ལ་ཕར་ཚད་གསན་ཞིང་། ཁོང་གི་གྲུབ་མཐའ་འཛིན་པ་ལ། རྗེས་སུ་རྗེ་རིན་པོ་ཆེ། འདུལ་འཛིན། རྒྱལ་ཚབ་གསུམ་ལ་དབུ་ཕར་ཚད་མ་སོགས་གསན་པས་གྲུབ་མཐའ་སྔ་མ་དོར་ནས་ཕྱི་མ་བཟུང་། དེ་ལ་རོང་སྟོན་རིན་པོ་ཆེ་གཙང་ལ་ཕེབས་དུས་ཤེས་རབ་སེང་གེ་ཁྱོད་ང་ལ་ཐུག་སྔ་བ་ཡིན་པ་ལ་གསུང་། རྗེས་སོར་མཁས་གྲུབ་རིན་པོ་ཆེ་ལ་དུས་འཁོར་དང་འཇིགས་བྱེད་ཀྱི་ཆོས་སྐོར་དང་དབང་གསན།

        ཁྱད་པར་རྗེ་རིན་པོ་ཆེ་ལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་བཤད་རྒྱུད་དྲུག་དང་སྦྱར་བ་འགྲེལ་པ་སྒྲོན་གསལ་ལ་རྗེ་རང་གིས་མཛད་པའི་དཀྱུས་མཆན་དང་ཟུར་མཆན། བསྡུས་དོན། མཐའ་གཅོད་དང་། གཞན་ཡང་གསང་འདུས་ཀྱི་མན་ངག་འཕགས་པ་ཡབ་སྲས་ཀྱིས་མཛད་པའི་རིམ་ལྔ་སྤྱོད་བསྡུས་སོགས་དང་། རྗེ་རང་གིས་མཛད་པའི་རིམ་ལྔ་གསལ་སྒྲོན་སོགས་དང་། བདེ་མཆོག་གི་རྒྱུད་འགྲེལ་སོགས་དང་། གཞན་ཡང་། དུས་འཁོར། ཀྱཻ་རྡོར། གཤིན་རྗེ་གཤེད་སྐོར་སོགས་ཚོགས་ཆོས་དང་ལྐོག་ཆོས་ཅི་རིགས་པ་གསན་ནས་རྒྱུད་སྡེའི་དོན་མཐའ་དག་དང་ཁྱད་པར་དུ་གསང་འདུས་ཀྱི་བཀའ་བབས། ཞལ་སློབ་གཞན་ལ་མ་གནང་བའི་རྫོགས་རིམ་ཀྱི་ལག་རྗེས་རྣམས་ཀྱང་གནང་བས་རྒྱུད་དོན་ལ་ནང་བྱན་ཚུད་པའི་མཁས་གྲུབ་ཆེན་པོར་གྱུར།

        ས་ཕག་ལོ་རྗེ་རིན་པོ་ཆེས་སེ་ར་རྩེར་ཆོས་འཁོར་བསྐོར་བའི་སྐབས་སུ། བྱམས་ཆེན་ཆོས་རྗེས་རྒྱུད་ཀྱི་བཤད་གྲྭ་འཛུགས་པའི་གཞི་རྟེན་ཕུལ་བ་ན་ཆོས་གྲྭའི་ཚོགས་ཀྱི་དབུས་སུ་རྗེ་རིན་པོ་ཆེས་སྲས་རྣམས་ལ་འདུས་པའི་རྒྱུད་སོགས་ངེད་རང་གི་བཤད་སྲོལ་འདི་འཛིན་ཞིང་དར་རྒྱས་བྱེད་ནུས་པ་སུ་ཡོད་ཅེས། བཀའ་ལན་ཅིག་གཉིས་ཕེབས་པ་ལ་མཁས་པ་སུས་ཀྱང་བཀའ་ལན་འབུལ་མ་སྤོབས་པའི་ཚེ། བླ་མ་འདིས་ཚོགས་ཀྱི་དབུས་ནས་བཞེངས་ཏེ་ཕྱག་བཙལ་ནས་དེ་ལྟ་བུ་ནི་རྗེ་ཉིད་གྱི་དགོངས་པ་དང་མཐུན་པ་བདག་གིས་བགྱིའོ་ཞེས་སེང་གེའི་སྒྲ་བསྒྲགས་པའི་ཚེ་གཞན་རྣམས་ཐེ་ཚོམ་དུ་གྱུར་ཀྱང་རྗེ་ཉིད་མཆོག་ཏུ་དགྱེས་ཤིང་བྱིན་རླབས་མཛད། ནང་མཆོད་ཀ་པཱ་ལ་གང་བ་དང་། གསང་བ་འདུས་པའི་གསེར་སྐུ་བྱིན་རླབས་ཅན། འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ། འཆམས་གོས། དབྱུག་ཏོ་ཞགས་པ་བཅས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ། ཁྱེད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་བཤད་ཉན་མཛོད། གནོད་སྦྱིན་མོ་གཅིག་གིས་སྦྱིན་བདག་གི་གཙོ་བོ་བྱེད། སློབ་མའི་གཙོ་བོ་སྐྱེ་བ་མང་པོར་གཤིན་རྗེ་གཤེད་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་ཆེན་པོ་གཅིག་གིས་ཐོག་དྲངས་སྐལ་ལྡན་མང་པོ་འབྱུང་། ཞེས་ལུང་བསྟན།

        རྒྱུད་གྲྭ་འཛུགས་རྒྱུ་རྣམས་འདུལ་ཁྲིམས་གཙང་ཞིང་ཕ་མའི་རྒྱུད་ཀྱི་བཤད་ཉན་རྒྱས་པའི་ཆེད་དུ་གནས་དེར་གསོ་སྦྱོང་མཛད། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་རེ་གསུངས། དེ་ལ་རྗེ་རིན་པོ་ཆེས་གཙང་ཕྱོགས་སུ་རྣལ་འབྱོར་པ་དང་གནོད་སྦྱིན་མོ་གཉིས་ཀྱིས་སློབ་མ་དང་ཡོན་བདག་ཏུ་འགྱུར་བ་སོགས་ལུང་བསྟན་མང་པོ་གནང་བ་རྣམས་རྗེའི་རྣམ་ཐར་གྱི་ནང་དུ་བཤད་པ་ལྟར་ཡིན་ལ། དེ་ནས་རྗེ་ཤེར་སེང་གིས་གསང་ཕུའི་མཐོང་སྨོན་གྲྭ་ཚང་དུ་འཆད་ཉན་མཛད། གྲྭ་ཚང་བ་འདི་ལ་ཕྱིས་སུ་དྭགས་པོ་གྲྭ་ཚང་ཞེས་མིང་དུ་ཆགས། དེ་རྗེས་མེ་རྟ་ལོར་རྗེ་དགེ་འདུན་གྲུབ་དང་ཤེར་སེང་གཉིས་གཙང་དུ་བྱོན། སྣར་ཐང་སོགས་སུ་ཆོས་མང་དུ་གསུངས་པས་གྲྭ་བ་མང་པོ་འདུས་པ་ནི་ཕྱིས་བཀྲ་ཤིས་ལྷུན་པོའི་འདུས་ཚོགས་ཀྱི་གཞིར་གྱུར།

        དེ་ནས་འདུས་ཚོགས་དེ་རྗེ་དགེ་འདུན་གྲུབ་ལ་གཏད་ནས་གནས་གཞན་འགའ་ཞིག་ཏུ་བྱོན། དེ་ནས་ལྷུན་པོ་རྩེར་བྱོན། འདུས་ཚོགས་ལ་ཆོས་གསུངས། སི་ཏུ་བསོད་ནམས་དཔལ། བདག་མོ་ཤཱཀྱ་དཔལ་གཉིས་ཀྱིས་སྦྱིན་བདག་མཛད་དེ། དེར་རྒྱུད་གྲྭ་བཙུགས་ནས་འཕགས་འོད་ཡོན་ཏན་རྒྱ་མཚོ་དེའི་བླ་མར་བཞག རྗེས་གནང་བའི་ཆོས་རྒྱལ་གྱི་ཞལ་འབག་དབྱུག་ཞགས་རྣམས་རྟེན་དུ་གནང་། རྗེས་ལུང་བསྟན་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འཕགས་འོད་ལ་མི་མང་འདོད་ལ། ཞལ་འབག་ལ་དཔག་ན་ཡིན་འདྲ་ཞིང་། རྒྱུད་འགྲེལ་བ་ཊིཀྐ་ལམ་རིམ་སོགས་ཀྱི་པར་བརྐོས་ཤིང་ཆེས་ཆེར་སྤེལ་བར་མཛད་ཅིང་། སྲད་རྒྱུད་ཀྱི་རྐང་བཟུང་སྣང་བ་སོགས་ལས་ཀྱང་ཤེས་ནུས་སོ། །ཡང་གནས་དེར་རྗེ་དགེ་འདུན་གྲུབ་ཀྱིས་འགྲེལ་པ་ཐོག་མར་གསན་པས་རྗེ་འདི་ཡིན་པར་རྣམ་ཐར་ལས་བཤད་ལ། རྗེ་རང་ཉིད་ཀྱིས་ཀྱང་ཀ་བསྟོད་ལས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བར་གསུངས་སོ། །སྔགས་མ་གསུངས། མཚན་ཉིད་ལ་རྗེ་འདི་ཁོ་ན་དྲིན་ཆེ་ལ། འཕྲིན་ལས་ཤིན་ཏུ་ཆེ་བ་སྐུ་ན་རིམ་བཞིན་ནོ། །དེ་ནས་སེང་གེ་རྩེར་ཕེབས། སེང་གེ་རྩེའི་དཔོན་མོས་ཀྱང་སྦྱིན་བདག་མཛད་ནས་ཆོས་སྡེར་ཡང་སྔར་བཞིན་སྒྲུབ་དཀྱིལ་ཕྱག་ལེན་དང་། རྒྱུད་ཀྱི་བཤད་ཉན་བཙུགས། རྗེས་ལུང་བསྟན་པའི་གནོད་སྦྱིན་མོ་དཔོན་མོ་འདི་ཡིན་སྣང་། དེ་ཕན་ཆད་ནི་ཁྱོད་རང་གི་ཤེས་པར་འགྱུར་ཞེས་རྗེ་རིན་པོ་ཆེས་ལུང་བསྟན་པ་ལྟར། སྐབས་འདི་ནས་བཟུང་རྗེ་ཤེར་སེང་ཉིད་ལ་རྟགས་མངོན་སུམ་དུ་བྱུང་བར་འདུག་གོ །

                                                                 རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།