རྗེའི་རྣམ་ཐར་ཆེན་མོ་ལས་བཀྲ་ཤིས་ལྷུན་པོའི་གྲྭ་ཚང་སོ་སོ་དང་ནང་རྟེན་གྱི་རིམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:04:17     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གླིང་འདིར་གྲྭ་ཚང་བཞི་ཆགས་ཏེ། ཤར་རྩེ། དཀྱིལ་ཁང་། ཐོས་བསམ་གླིང་གི་གྲྭ་ཚང་བཅས་གསུམ་ལ་མཚན་ཉིད་ཀྱི་སློབ་གཉེར་མཛད། སྔགས་པ་གྲྭ་ཚང་ནི་ཕྱིས་པཎ་ཆེན་ཆོས་རྒྱན་གྱིས་བཙུགས་པ་ཡིན་ལ། འདིར་ཡི་དམ་ཆོས་སྐྱོང་མང་པོའི་འཆད་ཉན་དང་བསྒོམ་བཟླས་སོགས་མཛད་པ་ཡིན་ནོ། །གླིང་འདིའི་རྟེན་གྱི་རིམ་པ་ནི། འདུ་ཁང་ཆེན་མོའི་སྦུག་གི་མཆོད་ཁང་དུ། རྟེན་གྱི་གཙོ་བོ་ཐུབ་པ་བདུད་འདུལ་གྱི་གསེར་སྐུ་རྒྱབ་མཐོ་ཉེར་ལྔ་པ་འདི་ནི། རྗེ་ཐམས་ཅད་མཁྱེན་པས་གདན་ས་འདི་ཆགས་འདེབས་པ་ལ་མངོན་དུ་ཕྱོགས་པའི་ཚེ། རྗེ་རང་ཉིད་ཀྱི་ཕྱག་རྫས་ཐམས་ཅད་བསྒྲིལ་བ་ལ་གསེར་ཞོ་བཅུ་བཞི་བྱུང་ཞིང་། སྦྱིན་བདག་དཔོན་དར་པས་གསེར་གྱི་གའུ་ཕྲ་མང་དང་། དེས་མཚོན་དད་ལྡན་མང་པོས་ཆ་རྐྱེན་ཕུལ་ནས། ལྷ་བཟོ་ཆོས་སྐྱོང་དར་གྱིས་བྱས་ནས་མེ་མོ་ཡོས་ལོ་ལ་བསམ་འགྲུབ་རྩེའི་བྲག་མར་བླ་བྲང་དུ་ལུགས་སུ་བླུགས་པ་ལན་གཉིས་སུ་ལུགས་ཉེས། དེ་ནས་ཐུབ་དབང་ལ་བསྟོད་པ་བདུད་དཔུང་ཕྱེར་འཐག་མ་བརྩམས། ལུགས་ཕུང་ལ་རྗེ་བཙུན་མ་སྒྲོལ་མ་བླུག་པས། དེ་ནས་ལུགས་རྒྱུག་པ་གང་བྱོན་གཙང་ཞིང་ངོ་མཚར་བ་འདི་བྱོན།

        འདིའི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོ་དང་། ཁྱད་པར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དབུ་ལོ། སྐུའི་མཐང་གོས། རྒྱལ་བ་འོད་དཔག་མེད་ཀྱི་དངུལ་སྐུ། རྗེ་བཙུན་ཤེས་རབ་སེང་གེའི་དབུ་ཐོད་རིན་པོ་ཆེ་སྣ་ཚོགས་པས་བཀང་བ་དང་། འདུལ་ཁྲིམས་ནམ་པར་དག་པའི་ཆེད་དུ་འདུལ་བའི་གླེགས་བམ་མང་པོ་དང་། གཞན་ཡང་གཟུངས་རྣམས་བཤད་ཚོད་དང་མཐུན་པར་བཞུགས་པ། དེ་རྗེས་གཙུག་ལག་ཁང་འདིའི་ཐོག་ཕུབ་ཚར་འཕྲལ་འདིར་གདན་དྲངས་པའི་ཚེ་ས་ཆེན་པོ་གཡོས་མེ་ཏོག་གི་ཆར་བབ་ཅིང་རྗེ་ཉིད་ཀྱིས་རབ་གནས་རྒྱས་པར་མཛད་པ་ཡིན། དེ་རྗེས་བསྟན་པའི་གཙོ་བོ་གནྡྷ་ལ་དང་བཅས་པ་ལྡེམ་གཉིས། གཡས་གཡོན་དུ་རྒྱལ་བ་ཚེ་དཔག་མེད་དང་སྨན་པའི་རྒྱལ་པོ། ཤར་ནུབ་ཏུ་ཉེ་བའི་སྲས་ཆེན་བརྒྱད་རྣམས་སྨན་སྐུ་མཚར་ཞིང་བརྗིད་ལ་བྱིན་རླབས་ཆེ་བ་འདི་རྣམས་བཞེངས་པ་ཡིན་ནོ། །

        དེའི་གཡས་ཀྱི་བྱམས་ཁང་གི་གཙོ་བོ་འདི་ནི། རྗེ་ཉིད་ལ་སྔར་མཁས་གྲུབ་ཆོས་རྗེ་མནལ་ལམ་དུ་ཕེབས་ཏེ། རྗེ་བཙུན་བྱམས་པའི་སྐུ་བཞེངས་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འོང་གསུང་བ་དང་། གཞན་ཡང་དགོས་པ་མང་དུ་གཟིགས་ནས་ཡོ་བྱད་རྣམས་སྟོད་སྨད་དུ་དགེ་བསྐུལ་མཛད་ཅིང་རྗེ་ཉིད་ཀྱི་ཕྱག་རྫས་རྣམས་ཡོད་སྦྲུགས་མཛད་ནས། སྤྲུལ་པའི་བཟོ་བོ་རྣམས་སྤྱན་རས་གཟིགས་དང་སྒྲོལ་མས་ལུང་བསྟན། དཔལ་ལྷ་མོས་ལམ་སྲུང་མཛད་ནས་སླེབས་ཏེ། ལྕགས་མོ་སྦྲུལ་ལོ་ཐོག་མར་དབུ་ལུགས་སུ་བླུགས་པས་སྙན་གཡས་ལ་རྗེ་ཙོང་ཁ་པ་རང་བྱོན་དུ་ཕེབས།

        དེ་ནས་བལ་པོའི་བཟོ་བོ་རྣམས་ཀྱིས་ལེགས་པར་བསྒྲུབས་པས་རིང་པོ་མ་ཐོགས་པར་ཁྲུ་ཉི་ཤུ་རྩ་ལྔའི་སྐུ་ཚད་དང་ལྡན་པའི་བྱམས་ཆེན་གྱི་སྐུ་འདི་ཆུ་མོ་ལུག་གི་ལོ་ལ་གྲུབ་སྟེ། ནང་བཞུགས་དམ་པ་མང་པོའི་རིང་བསྲེལ་དང་། འགངས་ཆེ་རིགས་རྣམས་རྗེ་རང་གིས་མི་མངོན་པར་ཕུལ་ཞིང་། གསང་འདུས་ཀྱི་སྒོ་ནས་རབ་གནས་མཛད་པའི་ཚེ་མེ་ཏོག་གི་ཆར་བབས། འཇའ་ཚོན་གྱི་གུར་ཕུབ། རྗེ་ཉིད་དེ་ནུབ་རྗེ་བཙུན་གྱི་ཞབས་དྲུང་དུ་བཞུགས་ཏེ་གསོལ་བ་བཏབ་པས། རྗེ་བཙུན་བྱམས་པ་དགེ་སློང་གི་ཆ་ལུགས་སྣམ་སྦྱར་རྡོ་ཚོས་མ་གྱོན་པ་སྐུ་འདི་ལ་ཡང་ཡང་ཐིམས་པའི་སྣང་བ་བྱུང་ཞིང་། དེའི་ཐོ་རངས་དེ་ལྟ་བུའི་དགེ་སློང་ཞིག་གིས། ཁྱོད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་དེ་གྲུབ་ཟིན་པས་དགའ་བ་སྒོམས་ཤིག་ཅེས་པའི་ལུང་བསྟན་ཐོབ་པ་ཡིན་ལ། གཡས་གཡོན་གྱི་ལྡེམ་གཉིས་རྗེས་སོར་བཞེངས་པ་ཡིན་ནོ། །གཙང་ཁང་གཡོན་གྱི་སྒྲོལ་མ་ལྷ་ཁང་གི་གཙོ་བོ་རྗེ་བཙུན་ཡིད་བཞིན་འཁོར་ལོའི་གསེར་སྐུ་རྒྱབ་མཐོ་བཅུ་དྲུག་ཡོད་པ་འདི་ནི། སྔར་ནས་རྗེ་རང་ལ་རྗེ་བཙུན་མས་ངའི་སྐུ་ཞིག་བཞེངས་ན། སྐུ་ཚེ་རིང་བའི་རྟེན་འབྲེལ་ཡོད་གསུང་བར་བརྟེན་མེ་ཕག་ལོ་སྔར་རྗེ་བཙུན་བྱམས་པའི་བཟོ་བོ་རྣམས་ཀྱིས་ལེགས་པར་བཞེངས་ཏེ་ནང་བཞུགས་རིང་བསྲེལ་མང་པོ་དང་ཁྱད་པར་རྗེ་བཙུན་མ་རང་གི་སྐུ་རང་བྱོན་མཐོ་གང་ཙམ་བཞུགས། གཡས་གཡོན་དུ་སྒྲོལ་མ་སྔོ་དཀར་གཉིས་ཀྱི་སྨན་སྐུ་དང་བཅས་པ་བསྒྲུབས་ནས་རབ་གནས་མཛད་པས་འཇའ་འོད་དང་མེ་ཏོག་གི་ཆར་དང་ནམ་མཁའ་ནས་གཎྜིའི་སྒྲ་ཆེན་པོ་གྲགས་པ་སོགས་བྱིན་རླབས་ཤིན་ཏུ་ནས་ཆེ་བ་ཡིན་ནོ། །

        མགོན་ཁང་གི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ་ལྷ་མོ་གནོད་སྦྱིན་བཞི། མགོན་དཀར་ཡིད་བཞིན་ནོར་བུ་རྣམས་རྣལ་འབྱོར་གྱི་དབང་ཕྱུག་བཟང་པོ་རྒྱལ་མཚན་པས་བདག་རྐྱེན་མཛད་ནས་བཞེངས་ཤིང་། ལྷ་མོ་འདི་དེ་རྗེས་བཞེངས་པ་འདི་རྣམས་ཤིན་ཏུ་བཀའ་གཉན་པ་ལགས་སོ། །འདུ་ཁང་གི་སྒོར་རྒྱལ་ཆེན་སྡེ་བཞི། ཕྱི་ཁྱམས་ན་རྗེ་ཐམས་ཅད་མཁྱེན་པས་མཁར་ལུང་ནས་གཏེར་བཞེས་པའི་རྡོ་གཡམ་ལ་བསྐལ་བཟང་སངས་རྒྱས་སྟོང་དང་། སངས་རྒྱས་སོ་ལྔ་མཚན་བྱང་དང་བཅས་པ་འབུར་དོད་མཚར་དུ་དངར་བ། ཐུབ་དབང་གི་གོས་སྐུ་ཆེན་མོ་དང་། གཞན་ཡང་བཀའ་གདམས་ལྷ་བཞི། ཆོས་སྐྱོང་གཙོ་བོ་གསུམ་དང་བཅས་པའི་གོས་སྐུ་བདུན། རྗེ་དེ་ཉིད་ཀྱིས་བཞེངས་པའི་བཀའ་འགྱུར་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། བློ་བཟང་ཡེ་ཤེས་དཔལ་བཟང་པོ་གཉིས་ཀྱིས་རིམ་པར་བཞེངས་པའི་བསྐལ་བཟང་ལྷ་ཁང་གི་གཡས་སྐོར་ཤར་ལྷོ་དང་། འདུ་ཁང་ཆེན་མོའི་སྟེང་གི་ལྷོ་ནུབ་དང་། དབུ་རྩེ་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བརྗོད་ཀྱིས་མི་ལང་བ་དང་། ཤར་རྩེར་མགོན་དཀར། དཀྱིལ་ཁང་དུ་ལྕམ་སྲིང་གི་ཞལ་འབག ཐོས་བསམ་གླིང་དུ་ལྡེབས་བྲིས་ལ་ལྷ་མོ་རྣམས་གསུང་བྱོན་མ། སྔགས་ཁང་དུ་སྔགས་སྐུ་ངོ་མཚར་ཅན་མང་དུ་བཞུགས་སོ། ། 

        དེ་ལྟར་རྟེན་བརྟེན་པ་བཞེངས་པའི་རྗེ་དགེ་འདུན་གྲུབ་པ་ནི་རྒྱལ་དབང་རིན་པོ་ཆེའི་སྐུ་ཚེ་དང་པོ་ཡིན་ལ། དེ་ནས་སྐུ་ཚེ་གཉིས་པ་དགེ་འདུན་རྒྱ་མཚོ། གསུམ་པ་བསོད་ནམས་རྒྱ་མཚོ། བཞི་པ་ཡོན་ཏན་རྒྱ་མཚོ། ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། དྲུག་པ་ཚངས་དབྱངས་རྒྱ་མཚོ། བདུན་པ་བསྐལ་བཟང་རྒྱ་མཚོ་སྟེ། ད་ལྟ་བརྒྱད་པ་རྒྱལ་དབང་བློ་བཟང་འཇམ་དཔལ་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་བསྟན་འགྲོའི་དོན་མཛད་བཞིན་པ་ཡིན་ནོ། །རྒྱལ་དབང་གཉིས་པ་མན་གྱི་སྤྲུལ་སྐུ་རྣམས་དབུས་ཀྱི་པོ་ཏ་ལར་བཞུགས་ནས་སེ་འབྲས་སོགས་གཙོ་བོར་སྐྱོང་བར་མཛད་ལ། བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་ཀྱི་རྗེས་སུ་བླ་མ་འགའ་ཞིག་ཁྲིད་བཞུགས་པའི་རྗེས། པཎ་ཆེན་བློ་བཟང་ཆོས་རྒྱན་ནས་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་རིམ་པར་བཀྲ་ཤིས་ལྷུན་པོར་བཞུགས་ནས་དགོན་སྡེ་སྐྱོང་བར་མཛད་པ་ཡིན་ནོ། །སྐྱབས་ཀུན་ངོ་བོ་རྗེ་བཙུན་བླ་མ་མཆོག །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །ཡང་དག་ལམ་བཟང་བསྟན་པ་ལ་བརྟེན་ནས། །རང་གཞན་དོན་གཉིས་ཡོངས་སུ་རྫོགས་གྱུར་ཅིག །

                                                                    རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།