རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་དགེ་འདུན་གྲུབ་པས་ཤར་གངས་རི་མ་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 20:43:26     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

 

4175448ctad53fb6957f6&690.gif

        འདི་དག་གི་སྐབས་དགོན་པའི་མིང་ངེས་པ་ཅན་མ་མཛད་པ་ལ། རྗེ་ཉིད་གཙུག་ལག་ཁང་འདིའི་ཁྱམས་སུ་རས་གུར་ལ་བཞུགས་པའི་ཐོ་རངས་སྔར་ནས་ལུང་སྟོན་པའི་བུད་མེད་དེའི་སྐད་ལྷང་བ་གཅིག་ལ་དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས། སྔར་གྱི་མཁའ་འགྲོའི་བརྡ་སྐད་དེས་ཁྲོལ་ལོ་ཨང་ཟེར་བས། དེ་ནས་བཟུང་བཀྲ་ཤིས་ལྷུན་པོ་ཞེས་འཇགས་པ་ཡིན། དེ་ནས་ས་མོ་སྦྲུལ་ལོའི་དགུན་ཆོས་ནས་བརྩམས་ཏེ་གྲྭ་དབོན་སློབ་ཐམས་ཅད་བཀྲ་ཤིས་ལྷུན་པོར་བཞུགས་པའི་མཐིལ་མཛད་ཅིང་། དར་རྒྱས་ནང་བ་དཔོན་བསོད་ནམས་དཔལ་བས་དགོན་པའི་གཞི་རྟེན་ལ་གཞིས་མཁར་བའི་བོགས་སྔོ་ཆགས་ཀྱི་ཡོང་སྒོ་རྣམས་ཕུལ་ཏེ། ལོ་རེ་བཞིན་དབྱར་ཆོས་ལ་གསོལ་ཕོག་འབུལ་བར་མཛད་དོ། །

        དེ་ལྟར་སྦྲུལ་ལོ་དེ་ནས་བཟུང་ཤིང་ཕོ་རྟ་ལོའི་བར་ལོ་ཉི་ཤུ་རྩ་དྲུག་ཙམ་གྱི་བར་དུ་གཙོ་ཆེར་གདན་ས་འདིར་འཆད་ཉན་མཛད་ཅིང་། གཙང་ཆུ་ལྷོ་བྱང་སྟོད་སྨད་མང་པོར་ཆོས་བར་བཏེག་ནས་བསྟན་པ་ཁོ་ན་ཐུགས་ལ་དགོངས་ཏེ་གཞུང་ཆེན་པོ་རྣམས་ལ་འཆད་ཉན་མཛད་པ་དང་། ཚད་མ་རིག་རྒྱན་དང་། འདུལ་ཊཱིཀ་རིན་ཆེན་འཕྲེང་བ་སོགས་དགོངས་འགྲེལ་བརྩམས་པ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། དགེ་འདུན་གྱི་བསྙེན་བཀུར། དཀོན་མཆོག་གི་མཆོད་པ་སོགས་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་པས། མནལ་ལམ་དུ་རྗེ་བཙུན་ཙོང་ཁ་པ་བྱོན་ནས། དགེ་འདུན་གྲུབ། ཁྱོད་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་མམ་གསུང་བ་ལ། བསྒོམ་གྱིན་ཡོད་གསུང་བ་དང་། རྗེ་བཙུན་ཤེས་རབ་སེང་གེ་རྗེ་བཙུན་ཙོང་ཁ་པའི་རྣམ་པ་ཞིག་གིས། ཆོས་ཀྱི་མཐར་ཐུག་སེམས་བསྐྱེད་ཡིན། །ལྟ་བའི་མཐར་ཐུག་སྟོང་ཉིད་ཡིན། །རྒྱུད་ཀྱི་མཐར་ཐུག་གསང་འདུས་ཡིན། །གསུངས་ནས་རལ་གྲི་གཉིས་གཏད་སོང་བ་རྨིས་གསུང་པ་དང་། སྔར་རི་བོ་དགའ་ལྡན་དུ་བཞུགས་དུས་མནལ་ལམ་ལ་རྫིང་བུ་གཅིག་གི་དཀྱིལ་དུ་སྣ་ཚོགས་པདྨའི་སྡོང་བུའི་སྟེང་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་ནས་བཞུགས་པ་ཆོས་སྤྱོད་ཀྱི་སྒྲ་ལྷང་ལྷང་སྒྲོགས་པའི་དྲུང་དུ། རྫིང་བུའི་མཐའ་ནས་དངོས་གྲུབ་སྩོལ་ཞེས་ཞུས་པས་མཆོག་གི་དངོས་གྲུབ་གནང་བའི་སྣང་བ་ཞིག་བྱུང་གསུང་བ་དང་།

        ཡང་ལན་ཅིག་མནལ་ལམ་དུ་རྗེ་རིན་པོ་ཆེ་ཕེབས་ནས། སློབ་མ་རྣམས་ཀྱིས་ཁྱོད་ཀྱི་བློ་དང་མཐུན་པར་བྱས་སམ་གསུངས་པ་ལ། ཕལ་ཆེར་གྱིས་ནི་མཐུན་པར་བྱས། ལ་ལས་ནི་མི་འདོད་པ་བྱས་པའང་བྱུང་ཞུས་པས། སེམས་ཅན་ཐམས་ཅད་ཀྱིས་ཕ་དང་མ་བྱས་པའི་དྲིན་དྲན་པར་གྱིས་ལ་བཟོད་པ་ཆེ་དགོས་ཞེས་གསུང་བ་སོགས། མདོར་ན་བླ་མ་ཡི་དམ་ཆོས་སྐྱོང་རྣམས་དང་རྨི་ལམ་ཚུན་ཆད་དུ་འབྲལ་བ་མེད་པ་བྱུང་ཞིང་། ནམ་ཞིག་གི་ཚེ་པཎ་ཆེན་ཡེ་ཤེས་རྩེ་མོས། རྗེ་འདི་ལ་ཁྱེད་དང་པོ་སྐུ་ཚེ་ཕྱི་མ་དགའ་ལྡན་དུ་འབྱོན་བཞེད་ཡོད་པ་ལ་ཕྱིས་བདེ་བ་ཅན་དུ་འབྱོན་བཞེད་ཡོད་པ་ཡིན་ཟེར་བ་བདེན་ནམ། ཞུས་པས་ཁོ་བོ་ལ་དེ་ལྟ་བུའི་འདོད་པ་ཕུར་ཚུགས་པ་མེད། བདེ་བ་ཅན་སོགས་ན་གདུལ་བྱ་ཡང་དག་པ་འབའ་ཞིག་ཡོད། དེ་བས་མ་དག་པའི་གདུལ་བྱ་རྣམས་འདུལ་བའི་ཕྱིར་དུ་རེ་ཞིག་མ་དག་པའི་ཞིང་འདི་ཀར་སྡོད་འདོད་པ་ཡིན་གསུང་། ཞ་ལུ་བའི་རྗེས་སུ་དགའ་ལྡན་པ་རྣམས་ཀྱིས་གསེར་ཁྲིར་ཕེབས་དགོས་ཚུལ་ནན་བསྐྱེད་ཞུས་པའི་ཚེ། ཞལ་ནས་དགྲ་མཁར་དགྲ་ཡི་ལུང་པར་རྒྱག་དགོས་པ་ཡིན། ངེད་རང་གི་འདིར་ཡང་དགའ་ལྡན་ཙམ་ཞིག་འོང་བའི་རེ་བ་ཡོད། ཁྱེད་རང་རྣམས་མཁས་གྲུབ་རྗེའི་གཅུང་ཆོས་རྒྱན་པ་འདི་གདན་འདྲེན་ཞུས་ན་འོང་གསུངས་སོ། །

        བརྩམས་པའི་བསྟན་བཅོས་ནི། འདུལ་ཊིཀ་རིན་ཆེན་ཕྲེང་བ། འདུལ་བའི་གླེང་འབུམ། ཚད་མ་རིགས་རྒྱན་སོགས་པོ་ཏི་བདུན་ཡོད་དོ། །ཡང་ངོར་པ་ཀུན་དགའ་བཟང་པོ་སོགས་འགའ་ཞིག་གིས་ཟུར་ཟ་བྱེད་ཅིང་ཡོད་པའི་སྐབས་སུ། ཀུན་འདུས་ཞེས་པའི་རི་ལ་བཞུགས་པའི་ཉིན་ཅིག རྗེ་བླ་མའི་དྲིན་བསམ་པ་དང་། གཞན་གྱི་ལོག་སྒྲུབ་ལ་ཐུགས་སྐྱོ་བས་ཚིགས་བཅད་འགའ་ཞིག་གསུངས་སོ། །

        དེ་ནི་འདི་ལྟར།ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་སྙེག་འདྲ་བ། །འདི་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས། །སྤྲིན་དཀར་པོ་ལྡང་བའི་ཤར་ཕྱོགས་ན། །འབྲོག་དགའ་ལྡན་རྣམ་པར་རྒྱལ་བ་དེར། །མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས། །ཆོས་ཟབ་ལ་ཤིན་ཏུ་རྒྱས་པ་གསུངས། །བོད་ཁ་བ་ཅན་གྱི་སྐལ་ལྡན་ལ། །མགོན་ཁྱོད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ། །བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན། །དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པ། །སྐྱབས་རེ་ས་གཞན་ནས་མི་འཚོལ་བས། ཐུགས་བརྩེ་བའི་ལྕགས་ཀྱུས་དྲངས་ཏུ་གསོལ། །དྲིན་ཇི་བཞིན་འཁོར་བར་མ་ནུས་ཀྱང་། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཞིང་། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །གཞན་འཕུང་བར་འདོད་པའི་ཀུན་སློང་དང་། །རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་། །ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད། །འདི་བརྟགས་ན་ཀུན་གྱིས་ཁྲེལ་བའི་རྒྱུ། །ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས། །ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །རྒྱུད་ཁོང་ནས་འཁྲུག་པའི་གདུག་སེམས་ཅན། །གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་ལྟར་དོན་རེ་ཆུང་། །དོན་དེ་ལྟར་གོ་བའི་བཤེས་གཉེན་རྣམས། །སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་། །དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ། །མི་ཁོ་པའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བས་མ་འཆིང་བར། །བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ལམ་དྲངས་པོར་ཞུགས་པ་ཅིས་ཀྱང་ལེགས། །གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས། །བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་། །དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས། །དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་། །གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན། །ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར། །དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག །ཅེས་པའོ། །

        དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་རྗེ་ཉིད་དགུང་ལོ་གྱ་བཞི་ལ་ཕེབས་པའི་ཟླ་བ་དང་པོ་ལ་རྗེ་རིན་པོ་ཆེས་ལྷ་ས་སྨོན་ལམ་མཛད་པ་ཇི་ལྟ་བ་བཞིན་མཛད། ལོ་རྗེས་མ་འདི་ལས་ཀྱང་བཟང་བ་བྱེད་པ་ཡིན་གསུང་། དེ་ནས་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བདུན་གྱི་ཉིན་སྲས་ཀྱི་ཐུ་བོ་འདུལ་འཛིན་གྲགས་པ་དཔལ་ལྡན་དང་གཞིས་ཀྱི་སློབ་དཔོན་པ་རྣམས་འདིར་བྱོན་གསུང་། ཁྱོད་རྣམས་ལ། རང་རེ་རྣམ་པའི་དགོངས་རྒྱུ་ལ། གང་དང་ཅིའི་རྒྱུ་མཚན་རྣམས་རིམ་ཅན་དུ་ཞུས་པ་ལ་ཚང་ཞིང་། སྐབས་དོན་གྱི་གཙོ་བོ་ཁྱེད་རྣམས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད། ཁྱད་པར་བཀྲ་ཤིས་ལྷུན་པོའི་བསྟན་པ་ལ་བསམས་ནས་ཇི་སྲིད་འཚོའི་བར་དུ་འདིར་བཞུགས་ནས་བཤད་སྒྲུབ་ཚུལ་བཞིན་དུ་མཛད་ན་ངེད་ཀྱི་བསམ་པ་ཡང་དེ་ཀས་རྫོགས་པ་ཡིན། སྨོན་ལམ་དང་ངའི་དགོངས་རྫོགས་གཉིས་སྦྲགས་པས་འོང་། རྟེན་གསུམ་བཞེངས་དགོས་ནི་མེད། ངའི་རུས་བ་འདི་བསྲེགས་ལ་མི་འཁྲུགས་པའི་སྟོང་སྐུ་ཞིག་ཐོབ། སྒྲོལ་མ་རང་ཡང་འདིར་ཤོག་གསུང་ནས་བཙུན་ཆུང་འདིས་ལོ་སུམ་ཅུ་ལྷག་ཙམ་ཞིག་གི་བར་དུ་ངའི་གཡོག་བྱས་པ་ཡིན། འདི་ལ་ཁྱོད་རྣམས་ཀྱིས་བགོ་སྐལ་མི་ཕམ་པ་གཅིག་ཀྱང་བྱིན། ངའི་སྐྱེ་བ་ཡིན་ཟེར་བ་འདྲ་བྱུང་ན་ཁྱེད་བཀྲ་ཤིས་ལྷུན་པོ་བས་མི་ངན་མ་བྱེད། ཁོ་བོ་ནི་འགྱོད་པ་མེད་པར་འཆི་བའི་དུས་བྱའོ་གསུང་།

        སེམས་དཔའ་ཆེན་པོས་ཐུགས་དམ་གསལ་འདེབས་དགོས་སམ་ཞུས་པས། མི་དགོས་ཕྱིར་སོང་གསུངས་ནས། མཚན་མོའི་རིང་ཐུགས་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། ཚེས་བརྒྱད་ཀྱི་ཐོ་རངས་ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་གཞག་མཛད་དེ། གཞིའི་འཆི་རིམ་ལམ་གྱི་འོད་གསལ་དང་བསྲེས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་ཟླ་བ་དེའི་ཉེར་གཉིས་བར་བཞུགས་ཤིང་དེ་ནས་ཡེ་ཤེས་ཀྱི་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ངང་ནས། དག་པ་དང་མ་དག་པའི་ཞིང་མང་པོར་སྤྲུལ་པའི་སྐུས་འགྲོ་དོན་མཛད་ཅིང་། སྤྲུལ་གཞི་ནི་རྗེ་འཇམ་དཔལ་སྙིང་བོའི་དྲུང་དུ་རེ་ཞིག་གཤེགས་སོ། །དེའི་ཚེ་ས་གཡོ་བ་དང་། འཇའ་ཚོན་དང་། ལྷའི་རོལ་མོའི་སྒྲ་གྲགས་ཤིང་། མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། སྐུ་གདུང་ཞུགས་ལ་ཕུལ་ནས་དངུལ་གྱི་མཆོད་རྟེན་བཞེངས་ཏེ་བཀྲ་ཤིས་ལྷུན་པོར་མཆོད་པ་བཞིན་ཡིན་ནོ། ། 

                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།