རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོ་བཏབ་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 20:36:25     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་ཆོས་སྡེ་ཆེན་པོ་འདི་ཇི་ལྟར་ཆགས་བཏབ་ཚུལ་དངོས་ནི། བཀའ་གདམས་གླེགས་བམ་ལས། གླང་ཆེན་བཞེངས་དང་བཞུགས་འདྲ་བ། །མཐར་ཐུག་བསམ་གཏན་ལྷུན་གྲུབ་ཤོག ཅེས་དང་། ལྟ་བས་མི་ངོམས་གཟི་བརྗིད་ཅན། །མཚུངས་པ་མེད་པའི་བཀྲ་ཤིས་གནས། །བཀྲ་ཤིས་ལྷུན་པོ་རྒྱས་འགྱུར་ཤོག །འདོད་དགུ་འབྱུང་བའི་རིན་པོ་ཆེ། །དེ་དང་མཐུན་པ་དཔག་བསམ་ཤིང་། །དགོས་འདོད་འབྱུང་བའི་བཀྲ་ཤིས་གནས། །བཀྲ་ཤིས་མཆོག་རབ་རྒྱས་འགྱུར་ཤོག །ཅེས་སོགས་ཀྱིས། བཀྲ་ཤིས་ལྷུན་པོའི་རྒྱབ་རི་དང་། གནས་ཀྱི་དབྱིབས་དང་། རིའི་གང་བྲག་དང་། དེར་བསམ་གཏན་འགྲུབ་ལུགས་དང་། རྟེན་ཁྱད་པར་ཅན་འབྱོན་ལུགས་ལ་སོགས་པ་རྣམས་ལུང་བསྟན་པ་ཡིན་ནོ་ཞེས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས། རྗེ་འདི་ཉིད་དགེ་འཕེལ་དུ་ཟླ་བ་གཅིག་ཙམ་སྐུ་མཚམས་མཛད་དེ་བཞུགས་པའི་ནུབ་གཅིག་མནལ་ལམ་ལ། ད་ལྟ་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདིའི་རྣམ་པ་ཅན་གྱི་རི་རྩེ་ན་རྗེ་ཙོང་ཁ་པ་བཞུགས། རྐེད་པ་ཙམ་ན་སེམས་དཔའ་ཆེན་པོ་འདུལ་འཛིན་བཞུགས། དེའི་སྨད་ཙམ་ན་རྗེ་རང་ཉིད་བཞུགས་འདུག དེ་ནས་སེམས་དཔའ་ཆེན་པོའི་ཞལ་ནས། རྗེ་བླ་མ་འདི་ལ་ཡར་རྣ་བ་གཏོད་ལ་གསོན་དང་། རྗེ་ཙོང་ཁ་པ་ཆེན་པོས་རང་རེ་བ་ལ་ལུང་བསྟན་མང་པོ་མཛད་ཀྱིན་འདུག་ཟེར་བ་ལ། རྗེ་འདི་པས་ལེགས་པར་གསན་པས་གསུང་གི་སྒྲ་དབྱངས་མང་པོ་གཅིག་སྒྲོགས་པ་ཕལ་ཆེར་མ་གོ གསུང་གི་ཆ་ཤས་གཅིག་ལ། དགེ་འདུན་གྲུབ་ཅེས་བོས་པ་ལ་བརྟེན་ནས། ས་ཕྱོགས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་འགྱུར་བ་ཡིན། ཞེས་གསུང་པ་གཅིག་གསལ་བར་ཚོར་པས། ལུས་ཀྱི་བ་སྤུ་གཡོ་བ་ཞིག་བྱུང་། ཅི་ལ་ལྟ་བ་ཡིན་ནམ་གསུང་བ་དང་།

        ཡང་རྗེ་འདི་པོ་དོང་ན་བཞུགས་པའི་ཐོ་རངས་ཤིག བུད་མེད་ཀྱི་སྐད་ལྷང་བ་ཞིག་བྱུང་། མགོ་བོ་བསངས་ཏེ་ཉན་པས། དེ་ན་ཁྱོད་ཀྱི་དགོན་པ་ཡོད། །གདུལ་བྱ་དག་ཀྱང་དེར་འདུ་ཞིང་། ཁོ་མོའང་ཁྱོད་ཀྱི་རྗེས་སུ་འབྲང་། །ཁྱོད་ཀྱི་རྗེས་འབྲང་སྐྱོབ་པར་བྱེད། ཅེས་ཟེར། དགོན་པ་ཅི་ལྟ་བུ་ཞིག་འོང་། དགོན་པའི་མིང་ལ་ཇི་སྐད་ཟེར་བྱས་པས། ལག་པ་གཉིས་ཐལ་མོ་ཁོང་སྟོང་སྦྱར་ཏེ། དགོན་པ་འདི་ལྟ་བུ་ཞིག་འོང་། དགོན་པའི་མིང་ལ་མྱུ་ཁྱུད་ཅན་ཟེར། དེ་མཁའ་འགྲོའི་བརྡ་སྐད་ཡིན་ནོ་ཨང་ཟེར་ཡལ་སོང་གསུངས། ཁྱད་པར་དུ་རྗེ་བཙུན་ཤེས་རབ་སེང་གེ་བསམ་འགྲུབ་རྩེ་ནས་སྣར་ཐང་ལ་འབྱོན་རེས་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་ས་འདི་ལ་ཕྱག་མཛུབ་གཏད་དེ། ས་ཕྱོགས་འདི་ན་དགེ་འདུན་གྲུབ་མགོ་བོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པ་ཞིག་སེམས་སྣང་ལ་དུས་རྒྱུན་དུ་འོང་གསུང་བ་དང་། དགོན་པ་མ་བཏབ་པའི་གོང་ཙམ་དུ་ཕྱུགས་རྫི་མང་པོ་གནས་དེར་ཕྱུགས་འཚོ་བ་ལ་བུ་མོ་བཟང་མོ་ཟེར་བ་ཞིག་ན་རེ། དགོན་པའི་སྲང་པར་ལ་བ་གླང་ཤོར་སོང་ཟེར། ཟླ་བོ་རྣམས་ཀྱིས་ཁྱོད་སྨྱོ་འདུག་ཟེར། དུས་ཕྱིས་སུ་མོ་ན་རེ། དགོན་པ་མདའ་རྒྱང་གང་གིས་སྙོགས་ཚད་གཅིག་ལ་སྔགས་པ་རྒྱན་ཆ་བཟང་པོ་བཏགས་པ་གཅིག་གིས་དགེ་འདུན་དང་སྐྱེ་བོ་མང་པོ་ལ་ཆོས་གསུང་བ་མཐོང་ཟེར་རོ། །

        དེ་ལྟར་ལྷ་དང་བླ་མས་ལུང་མང་དུ་བསྟན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་འདི་ནི། རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་ལྔ་བཅུ་བདུན་པར་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ་ལ་ཆགས་བཏབ་པ་ཡིན་ལ། དེ་ལྟར་ན་དགའ་ལྡན་ཆགས་བཏང་ནས་ལོ་བརྒྱད་པ་ན་འབྲས་སྤུངས། ལོ་བཅུ་གཅིག་པ་ལ་སེ་ར། ལོ་སོ་དགུ་ལོན་པ་ན་བཀྲ་ཤིས་ལྷུན་པོ་ཆགས་བཏབ་པ་ཡིན་པར་སྣང་ལ། དེ་ཡང་གནས་འདིའི་ས་དཔྱད་ནི། རྒྱབ་རི་གླང་ཆེན་ཉལ་བ་འདྲ་བའི་མཁལ་མའི་སྟེང་ན་ཡོད། ཤར་ཟངས་དཀར་གྱི་རི་ཡུལ་འཁོར་སྲུངས་པི་ཝཾ་བརྡུང་པ་འདྲ་པ། བྱང་ན་རྒྱབ་རི་རྣམ་ཐོས་སྲས་ནེའུ་ལེ་བསྣམས་པ་འདྲ་བ། ནུབ་ན་ཁྱུང་རི་མིག་མི་བཟང་གི་ཚུལ་དུ་ཡོད། དེ་བཞིན་དུ་ལྷོ་ན་འཕགས་སྐྱེས་པོ་འདྲ་བ་དང་། ལྷོ་ནུབ་མཚམས་ན་རི་དུང་ཁ་གྱེན་ལ་བསླང་བའང་ཡོད་དེ་གྲགས་པ་ཆེན་པོ་འོང་། རྒྱབ་ཀྱི་རི་སྤྱི་བླུགས་འདྲ་བ་ནི། དགེ་འདུན་རྣམས་ཚུལ་ཁྲིམས་གཙང་མ་འོང་བའི་རྟེན་མཎྜལ་ཡོད། ཕ་བོང་ཐག་ཐུག་མང་པོ་རུང་ཁང་དུ་རྒྱུག་པ་འདྲ་པ་ལོངས་སྤྱོད་འབྱུང་བའི་རྟེན་འབྲེལ་ཏེ། ས་དཔྱད་ཕུན་སུམ་ཚོགས་པ་འདིར་ཡོས་ལོ་དེའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོ་ལ། རྗེ་ཉིད་ཀྱི་སྦྱིན་བདག་གི་གཙོ་བོ་དར་རྒྱས་པ། དཔོན་བསོད་ནམས་དཔལ་བཟང་དང་བཅས་པ་ཕེབས་ཏེ། ས་བརྟག་པ། གཞི་བདག་ལ་གཏོར་མ་སྦྱིན་པ་སོགས་ཆོ་ག་རྒྱས་པར་མཛད།

        དགེ་འདུན་གྱི་གཙུག་ལག་ཁང་དང་། དྲི་གཙང་ཁང་། བླ་བྲང་། བྲང་ཁང་སོ་སོ་དང་བཅས་པའི་འགྲམ་བཏིངས། སྦྱིན་བདག་དཔོན་དཔལ་བཟང་གིས་ཕ་གཞིས་དང་། ཤིང་ཆ་སོགས་དགོས་པའི་ཡོ་བྱད་ཕངས་མེད་མཛད། གྲྭ་པ་རྣམས་ཀྱིས་ཡང་སློབ་གཉེར་མ་ཆག་པའི་ངང་ནས། སྤྱི་དང་སོ་སོའི་མཁར་ལས་ལ་ནན་ཏན་མཛད་པས། འདུ་ཁང་ཀ་པ་བཞི་བཅུ་ཞེ་བརྒྱད་ཀྱི་ས། བྱམས་ཁང་ཀ་བ་བཅུ་གཉིས་ཀྱི་ས། གཙང་ཁང་དབུས་མ་ཀ་བ་དྲུག་གི་ས། སྒྲོལ་མ་ལྷ་ཁང་ཀ་བ་དྲུག་གི་ས། མགོན་ཁང་ཀ་བ་གཉིས་ཀྱི་ས། གཙུག་ལག་ཁང་གི་ཁྱམས་དང་བཅས་པ་རིང་པོ་མ་ཐོགས་པར་གྲུབ། གཙང་ཁང་ལ་ཐོག་ཕུབ་པའི་ཚེ་འཇའ་གཅིག་ཀ་བ་ལ་གདོང་འཛུགས་སུ་ཟུག འཇའ་ཚོན་གཅིག་ཀ་བ་ནས་དུང་རྩེ་ན་ཁ་ལ་ཟུག་པ་དང་། ཐོག་ཁེལ་ནས་དབུ་རྩེའི་སྟེང་དུ་འཇའ་ཟུག་པ་སོགས་ལྟས་ངོ་མཚར་བ་བྱུང་། དེ་ནས་བསམ་གྲུབ་རྩེ་ནས་ཐུབ་ཆེན་གསར་བཞེངས་གནང་བ་དེ་ལྷ་ཁང་གི་དབུས་སུ་གདན་དྲངས་པས་ས་གཡོ་བ་དང་། མེ་ཏོག་གི་ཆར་ཉིན་ལྔའི་བར་དུ་བྱུང་ཞིང་། དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་རྒྱས་པར་མཛད་དོ། ། 

                                                                                                                       རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།