རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་དགེ་འདུན་གྲུབ་པའི་རྣམ་ཐར་མདོ་ཙམ་བརྗོད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-06 20:38:54     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དབང་ཕྱུག་བརྒྱད་ལྡན་རྒྱལ་བ་ཙོང་ཁ་པའི། །བསྟན་པའི་ཉི་མ་དགེ་འདུན་ཀུན་གྱི་གཙོ། །མཁས་ཤིང་གྲུབ་པའི་དཔལ་གྱུར་ཐམས་ཅད་མཁྱེན། །ཕན་བདེ་ཉིན་མོར་མཛད་ལ་གསོལ་བ་འདེབས། །བཀྲ་ཤིས་ལྷུན་པོ་ཆགས་འདེབས་པ་པོ་རྒྱལ་དབང་ཐོག་མ་རྗེ་དགེ་འདུན་གྲུབ་པ་ནི། གཙང་གི་ཕྱོགས་སྲད་ཀྱི་ལུང་ལག་གུར་མ་རུ་པ་ཞེས་པའི་གྲོང་དུ། ཡབ་མགོན་པོ་རྡོ་རྗེ། ཡུམ་རྡོ་མོ་ནམ་སྐྱིད་ཅེས་བྱ་བའི་སྲས་མིང་སྲིང་ལྔ་ལས། རྗེ་འདི་གསུམ་པ་ཡིན་ལ། འཁྲུངས་ལོ་ནི་རབ་བྱུང་བདུན་པའི་ལོ་ལྔ་པ་ལྕགས་མོ་ལུག་ལོ་ཡིན་ཞིང་། ལོ་འདི་ནི་རྗེའི་དགུང་ལོ་སོ་ལྔ་བ་ཡིན།

        འདི་སྐུ་བལྟམས་པའི་ནུབ་མོ་དགྲ་ཇག་བྱུང་སྟེ་ཡབ་ཡུམ་སོགས་མི་རྣམས་ཁྲིད། ནོར་རྣམས་ཀྱང་ཁྱེར་བ་ཡིན་འདུག དེ་ལ་རྗེ་རང་གིས་ཕྱིས་སུ་ཞལ་ནས་གསུངས་པ་ལ། དང་པོར་ང་སྐྱེས་པའི་ནུབ་མོ་འཕྲོག་པ་ལ་དགྲ་དག་བྱུང་སྟེ་མས་ང་རྡོའི་གསེབ་ཏུ་སྦས་ཏེ་བྲོས། སང་ཉིན་བལྟར་འོངས་པས་བྱ་རོག་གཅིག་གིས་བྱ་རོག་གཞན་དང་གཅན་གཟན་སོགས་ཀྱི་གནོད་པ་བྱེད་པ་བསྲུངས་ཏེ་བུ་ཚ་མ་ཤི་བར་འདུག་པ་ལ། རྨོ་མོ་ཞིག་ཡོད་པ་ན་རེ། སྐྱོབ་པའི་སྲུང་མ་གཅིག་ཡིན་ན་ནི་རུ་པ་ཡང་མི་ཁྱེར་ཐང་། མ་ཡང་མི་ཁྲིད་ཐང་། གནོད་པའི་འདྲེ་གཅིག་ཡིན་ན་ནི་བུ་ཆུང་ཡང་མི་སྲུང་ཐང་ཟེར་ཏེ་བུ་ཆུང་ཁུར་ཏེ་བྲོས་ནས་ཕྱིན་ཟེར་ཞིང་། ང་རང་གི་དྲན་ཡུལ་ན་ཡང་དེ་འདྲ་ཞིག་འདུག བྱ་རོག་དེ་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་དུ་འདུག མགོན་པོ་འདིས་ཕྱིས་ཀྱང་དེའི་དྲིན་ངོ་དང་། ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་བསྟེན་དགོས་པ་ཡིན་ནོ་ཞེས་ཡང་ཡང་གསུང་གིན་ཡོད་གསུང་། དེ་ལྟར་དགྲས་བཅོམས་པས་རེ་ཞིག་ཁ་སྟོད་ཀྱི་གྲོང་རྣམས་སུ་བཞུགས་ཤིང་།

        དགུང་ལོ་ལྔ་ལོན་པའི་ཚེ་རྩོན་དཀར་བྱ་བའི་ཡུལ་དུ་ར་རྫི་མཛད་ཅིང་རྡོ་ལ་མ་ཎི་མང་པོ་ཕྱག་བྲིས་མཛད། ཨ་ལྕེས་འདི་ཅི་ཡིན་བྱས་པས། ཕ་མའི་སྒྲིབ་སྦྱོང་ཡིན་གསུང་། ཕ་མ་ད་ལྟ་མ་ཤི་ལགས་ཞུས་པས། ཕ་མ་ཤི་བ་དང་མ་ཤི་བ་མང་པོ་ཡོད་པས་དེ་ཐམས་ཅད་ཀྱི་སྒྲིབ་སྦྱོང་ཡིན་གསུངས། དེ་ནས་ཁ་སྟོད་མཐོང་སྨོན་བྱ་བར་ཕྱུག་པོ་གཅིག་གི་ར་རྫི་མཛད་ནས། ཡིག་དྲུག འབྲུ་གསུམ། ཧཱུཾ་ཧྲཱྀ་སོགས་རྡོ་ལ་ཕྱག་བརྐོས་མཛད། དེ་ནས་སྣར་ཐང་གི་ཕུ་དགེ་སྟེངས་བྱ་བར་བཞུགས་བའི་དགུང་ལོ་བདུན་པ་ལ་ཡབ་གཤེགས། ཡབ་ཀྱི་སྒྲིབ་སྦྱོང་དུ་སྨན་མདོ་བརྒྱད་བརྒྱ་པ་གཅིག་ཕྱག་བྲིས་མཛད། དེ་ནས་སྣར་ཐང་དུ་དགེ་འདུན་འཚོ་བའི་ལྷག་མ་ལ་སྐྲུ་བར་བྱོན། དེ་སྐབས་ན་བཟའ་ཆུ་བུན་གྱིས་བཙོས་པ་ཞིག་བཞེས་པས་ལ་ལས་བཙུན་ཆུང་རག་སྐྱ་ཟེར། ལ་ལས་ཤ་བ་སྐྱ་རེངས་ཟེར་ཡང་། ཐུགས་འཁྲུག་པ་ཅུང་ཟད་ཀྱང་མེད་པར་འདུས་སྡེའི་བྱ་བ་མཛད་པ་ལ། བློ་ལྡན་འགའ་ཞིག་གིས་དགའ་ནས་བསྔགས་པ་ཡང་བྱས་སོ། །

        ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །སྤྱན་རས་གཟིགས་ཉིད་འགྲོ་ལ་ཕན་པའི་ཕྱིར། །ཐ་མལ་དབུལ་པོའི་རྣམ་པར་བཞུགས་པ་ལ། །ཅལ་ཅོལ་ཁེངས་པས་སྨོད་རྣམས་ཀྱེ་མ་བླུན། །རྒྱལ་བ་སྲས་དང་བཅས་པའི་རྣམ་འཕྲུལ་ནི། །གང་ལ་གང་གིས་ཕན་པའི་གཟུགས་སྟོན་པས། །མ་བརྟགས་གྱ་ཚོམ་བརྙས་སྨོད་སོགས་སྤངས་ནས། །རྟག་ཏུ་བག་ཡོད་དུལ་བར་སྤྱོད་ན་ལེགས། །དེ་ལྟར་སྣར་ཐང་དུ་སྤྲང་པོའི་ཚུལ་དུ་བཞུགས་པའི་ཚེ། དཔལ་སྣར་ཐང་གི་གདན་ས་བཞི་པ་སངས་རྒྱས་སྨན་པའི་རྒྱལ་པོའི་སྤྲུལ་པ་གནས་ལྔ་རིག་པ་གྲུབ་པ་ཤེས་རབ་ཅེས་ཡོངས་སུ་གྲགས་པ་དེས། དམ་པ་འདིའི་སྐུ་ལས་འོད་འཕྲོ་བ་དང་བསྟན་པ་འཛིན་པའི་སྐྱེས་བུ་དམ་པར་གཟིགས་ནས། དགེ་བསྙེན་དུ་བསྒྲུབས་ཏེ། མཚན་པདྨ་རྡོ་རྗེ་རང་སོར་བཞག་ནས་རྒྱ་སྟོན་ཙནྟ་པ་ལ་ཀློག་དང་། བྲིས་མཁན་ཤཱཀྱ་དཔལ་ཞེས་པ་ལས་རྒྱ་ཡིག བོད་ཡིག་རིགས་མི་འདྲ་བ་དང་། ཧོར་ཡིག རྒྱ་གར་གྱི་ལཉྪ། ཝ་རྟུ་མཐའ་དག་ལ་སྦྱངས་ཤིང་། དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱ་ལོ་ཟླ་བ་གསུམ་པའི་ཉེར་གཅིག་གི་ཉིན་བསྟན་པའི་བདག་པོ་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང་ཆེན་པོ་བློ་ལྡན་ཞེས་པས་སློབ་དཔོན་མཛད་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ་ཞིང་། བཟང་པོ་ཞེས་པ་རྗེ་རང་གིས་སྣོན་པར་མཛད་པ་ཡིན་གསུང་།

        དེ་ནས་དབུས་ཕྱོགས་སུ་ཕེབས་པར་བཞེད་ཀྱང་མཁན་པོའི་གསུང་བཞིན་སྣར་ཐང་རང་དུ་མཁན་པོ་ཉིད་གཙོ་བོར་གྱུར་པ་ལ་ཆོས་མང་དུ་གསན་ཅིང་། སྙན་ངག་འཆི་མེད་མཛོད། སྒྲའི་མཚམས་སྦྱོར་སོགས་ལ་སྦྱངས། དགུང་ལོ་ཉི་ཤུ་བཞེས་པ་ལྕགས་ཕོ་སྟག་གི་ལོ་ཟླ་བ་གཉིས་པའི་ཡར་ངོའི་ཚེས་བཅུ་གཅིག་གི་ཉིན། ཚིགས་སྔ་མའི་མཁན་པོ་ཉིད་ཀྱིས་མཁན་པོ་དང་། ཚིགས་སྔ་མའི་སློབ་དཔོན་གྱིས་ལས་སློབ། གྲགས་པ་ཤེས་རབ་ཀྱིས་གསང་སྟོན་མཛད་ནས་གྲངས་ཚང་བའི་དགེ་འདུན་ལ་བསྙེན་པར་རྫོགས་ཏེ་ཐུབ་པའི་དབང་པོའི་རྒྱལ་ཚབ་དམ་པར་གྱུར་ཏོ། ། 

                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།