རྗེའི་རྣམ་ཐར་ཆེན་མོ་ལས་སེ་རར་བཞུགས་པའི་རྟེན་གྱི་རིམ་པ་བརྗོད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-06 20:21:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བཀའ་འགྱུར་ལྷ་ཁང་དུ། རྟེན་གྱི་གཙོ་བོ་བྱམས་ཆེན་ཆོས་རྗེ་ལ་གོང་མ་ཏཱ་མིང་རྒྱལ་པོས་ཕུལ་བའི་པདྨ་རཱ་གའི་བཀའ་འགྱུར་ངོ་མཚར་ཅན། གོང་མ་ཏཱ་མིང་རྒྱལ་པོའི་ནང་བློན་སྐྱ་མིང་ལ་ཁུང་དེ་ཏཱ་བཞིན། ཆོས་མིང་བུཎྜ་རཱི་ཀ་ཤྲཱི་ཞེས་པས་བརྒྱད་སྟོང་པའི་དོན་རྣམས་ཇི་ལྟ་བ་བཞིན་ཤེས་ནས། ཏ་ལའི་ལོ་མ་ལ་བྲིས་པའི་རྒྱ་གར་གྱི་དཔེ་ལ། མ་ཕྱི་བྱས་ནས་གསེར་འབའ་ཞིག་ལས་ལཉྪའི་ཡི་གེས་བརྒྱད་སྟོང་བ་ཚར་གཉིས་བཞེངས་པའི་གཅིག་རྒྱ་ནག་ཤར་ཕྱོགས་སུ་བཞུགས། གཅིག་རྒྱ་གར་དུ་གདན་འདྲེན་མཛད་རྩིས་མཛད་པ་དེ་འདིར་བཞུགས་པ་འདིའི་དཀར་ཆག་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཡོད་པར་གསལ་བ་ལྟར་དང་། རྒྱལ་ཞབས་རིན་པོ་ཆེས་གནང་བའི་བཀའ་འགྱུར། བསྟན་འགྱུར་བྲིས་མ་རྙིང་པ་ཚར་གཅིག་དང་། མི་དབང་ཇུན་དབང་ཕོ་ལྷ་ནས་ཀྱིས་གནང་བའི་བསྟན་འགྱུར་པར་མ་གཅིག འབུམ་ལ་སོགས་པ་གསུང་རབ་མང་དུ་བཞུགས།

        ཟ་དམ་ཀརྨའི་ཆོས་རྫོང་ནས་གདན་དྲངས་པའི་གོས་སྐུ་གླིང་གསུམ་མ་ཆེན་པོ། ཁལ་ཁ་སན་ཁང་གིས་ཕུལ་བའི་གནས་བཅུའི་གོས་སྐུ་གླིང་གསུམ་མ། ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་གནས་བཅུའི་གོས་ཐང་ཆེ་བ། རྗེ་རིན་པོ་ཆེ། ཐུབ་པ་ལོངས་སྐུ་མ། གོང་ས་ལྔ་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། བྱམས་པའི་ལྡེམ་བཅས་ཀྱི་གོས་ཐང་ཆུང་བ་རེ་རེ་རྣམས་བཞུགས་སོ། ། སྨད་ཐོས་བསམ་ནོར་བུའི་གླིང་གི་རྟེན་གཙོ། ཐུབ་དབང་གི་སྨན་སྐུ་ཐོག་ཚད་མ་འདིའི་ནང་བཞུགས། འཕེལ་གདུང་སོགས་མང་པོ་དང་། རྗེ་རིན་པོ་ཆེའི་ཤངས་མཚལ་གྱིས་བྲིས་པའི་རྗེ་ཉིད་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བ། ནག་པོ་སྐོར་གསུམ་རྣམ་སྲས་དང་བཅས་པས་བསྐོར་བ་འཁྲུལ་མེད་ཁུངས་དང་བཅས་པ་བཞུགས་ཤིང་།

        གཞན་ཡང་རྗེ་རིན་པོ་ཆེའི་ཕྱག་ཙྪ་སྟོང་དང་། གོང་ས་ལྔ་པ་ཆེན་པོས་གནང་བའི་དགེ་འདུན་འདུ་བའི་འཁོར་ལོ་སོགས་བཞུགས། རྒྱལ་བ་བྱམས་པ་དང་། མར་མེ་མཛད་ཀྱི་སྐུ་ཚལ་བ་ཁྲི་དཔོན་གྱིས་བཞེངས་པ་དང་། རྗེ་རིན་པོ་ཆེའི་དངུལ་སྐུ་དང་། བསམ་ཡས་དགེ་རྒྱས་བྱེ་མ་གླིང་གི་རྟེན་གཙོ་ཛྷཻཀྵིཾ་ལས་གྲུབ་པའི་ཐུབ་པ་གྲོང་ཁྱེར་མ། རྭ་ལོའི་ཐུགས་དམ་རྟེན་ཛྷཻཀྵིཾ་ལས་གྲུབ་པའི་འཇིགས་བྱེད་ཀྱི་སྐུ། རྗེ་རིན་པོ་ཆེའི་ཐུགས་དམ་རྟེན་འཇིགས་བྱེད་འདུད་ལས་རྣམ་རྒྱལ་སླེའུ་ཆུང་བའི་ཕྱག་བཟོ། དཔོན་སྟོན་སྐྱེར་སྒང་པའི་ཐུགས་ནང་དུ་བཞུགས་པའི་ཕྱག་དྲུག་པའི་སྐུ་བརྙན་སོགས། མདོར་ན་མགོན་ཁང་དུ་ནག་པོ་སྐོར་གསུམ། ཐ་འོག་ཆོས་རྒྱལ། མཆོད་ཁང་ཤར་མར་རྒྱལ་བ་ཐམས་ཅད་མཁྱེན་པའི་འཁྲུངས་རབས། དངུལ་གདུང་ཁང་དུ། བླ་མ་གོང་མ་མང་པོའི་དངུལ་གདུང་། ལི་མ་ལྷ་ཁང་དུ། རྒྱ་བོད་ཀྱི་ལི་མ་སོགས་སོ་སོའི་དཀར་ཆག་ཏུ་གསལ་བ་ལྟར་དང་། གསུང་རྟེན་བཀའ་འགྱུར་རིན་པོ་ཆེ་ཚར་དྲུག་སོགས་འགྲོ་བའི་བསོད་ནམས་ཀྱི་ཞིང་དམ་པ་མང་དུ་བཞུགས་སོ། །

        བྱེས་མཁས་མང་གྲྭ་ཚང་གི་རྟེན་གཙོ། རྟ་མགྲིན་ཡང་གསང་ཡབ་ཡུམ་འདི་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་བ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་རྗེ་རིན་པོ་ཆེ་དང་འཇམ་དབྱངས་ཆོས་རྗེའི་ཞབས་པད་བསྟེན་ནས་མདོ་སྔགས་ཐམས་ཅད་ལ་མཁས་པར་སྦྱངས་ནས། གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱོད་ཡི་དམ་འདི་དང་། ཕུར་པ་འདི་དང་མ་བྲལ་བ་གྱིས་ཞེས། རྟ་མགྲིན་འདིའི་ཆོས་སྐོར་དང་ཕུར་པ་ཆེད་གཉེར་སྐྱེལ་མི་བྱུང་བར་བརྟེན། ལྷ་འདི་ཡི་དམ་དུ་མཛད་པས། ཡི་དམ་བཀའ་སྡོད་དང་བཅས་པས་ཞལ་བསྟན་ནས་འཕྲིན་ལས་སྒྲུབ་པས། རྗེ་དེ་ཉིད་ཞབས་བསྐོར་ལ་ཕེབས་རེས་ཀྱིས་ན་བཟའ་ཆོས་ཕུང་ལ་ཐོགས་པ་ཞིག་བྱུང་སྟེ། ནམ་ཞིག་བྱ་རོག་དམར་པོ་ཞིག་བྱུང་ནས་ཤིང་སེ་བའི་ཕུང་བོ་དེ་ལ་ཐིམས་པ་གཟིགས་ཤིང་། དེ་ལ་ཞིབ་ཏུ་གཟིགས་པས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བས་ས་གཞི་ཡོམ་ཡོམ་གཡོ་བ་ཞིག་ཞལ་གཟིགས། སེ་བ་དེ་ལ་སྲོག་ཤིང་བྱས་ཉིད་ཀྱི་ཆོས་གོས་གཡོགས་ནས་རྟ་མགྲིན་འདི་བཞེངས་པ་ཡིན་པས་ཡི་དམ་དངོས་དང་ཁྱད་པར་མེད་ཅིང་དུས་བྱིས་ཀྱང་དུས་འགྱུར་དང་གྲྭ་ཚང་འདི་ལ་ལེགས་ཉེས་ཀྱི་རྟགས་སུ་རྟ་སྐད་སའི་གཏིང་ནས་གྲགས་པ་ལྟ་བུ་ཟིལ་ཆེ་བ་ཐོས་པ་མང་དུ་བྱུང་ཞེས་ངག་རྒྱུན་ལས་འབྱུང་། ཕུར་པ་འདི་ནི་གྲུབ་ཐོབ་འདར་ཕྱར་གྱི་གཏེར་མ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན། འཁོར་དབང་ཆེན་བཞི། སྒོ་མ་བཞི། བེག་ཙེ་ལྕམ་སྲིང་། རྟ་མགྲིན་གསང་སྒྲུབ། རྣམ་ཐོས་སྲས་ཡེ་ཤེས་པ་དངོས་སུ་བཞུགས་པ་དང་། བྱམས་ཁང་དུ་དུས་གསུམ་སངས་རྒྱས། ཉེ་བའི་སྲས་བརྒྱད། བཅུ་གཅིག་ཞལ་རྣམས་བཞུགས། ནང་རྟེན་དུ། ཀུན་མཁྱེན་པའི་ཤངས་མཚལ་ལས་གྲུབ་པའི་རྟ་མགྲིན་ཡང་གསང་གི་སྐུ་ཐང་། རྗེ་བཙུན་པའི་ཐུགས་དམ་འབྲལ་སྤངས་མགོན་དཀར་གྱི་སྐུ་ཐང་། རྗེ་དགེ་འདུན་རྒྱ་མཚོའི་ཕྱག་བྲིས་ལྕམ་སྲིང་ཀྱི་སྐུ་ཐང་། རྗེ་དཔོན་དར་བའི་ཐུགས་དམ་རྟེན་མགོན་པོ་ཕྱག་དྲུག་པའི་སྐུ་ཐང་། རྗེ་ཆ་བ་ཆོས་ཀྱི་སེང་གེའི་ཐུགས་དམ་རྟེན་བརྒྱ་མ་སོང་པ་གཡུ་ཕྲ་ཅན་དང་། ཆ་པའི་ཆོས་དུང་མི་འགྱུར་བའི་གཟེར་རྟགས་ཅན། རྗེ་བཙུན་ཙོང་ཁ་པའི་ཕྱག་སྦུབ། རྗེ་ཡོན་ཏན་རྒྱ་མཚོའི་རྡོ་རྗེ་རྩེ་ལྔ་པ་གཏེར་བྱོན། མཁན་ཆེན་མརྟ་སཏྭ་ནིས་ཞེས་ཞལ་གཟུ་དམར་ལས་བྱས་པ་ཟུར་བརྒྱད་པ་སོགས་དང་། གསུང་རྟེན་བཀའ་འགྱུར་ཚར་བཞི་དང་བསྟན་འགྱུར་བྲིས་མ། རྗེ་རིན་པོ་ཆེའི་གསུང་འབུམ་སོགས་དང་། གཞན་ཡང་སྐུ་རྟེན་ཀླུ་འཇིམ། ལི་མ་གསེར་སྐུ་སོགས་མང་པོ་བཞུགས་སོ། །

        དགོན་པའི་ཕྱི་རོལ་འདུ་ཁང་ཆེན་མོའི་རྒྱབ་ཏུ་ད་ལྟ་རྡོ་སྐུ་བཞེངས་པ་འདི་རྣམས་ཀྱི་བད་ཀྱི་ནམ་མཁའ་ལ་རྒྱལ་བ་ཙོང་ཁ་པ། རྗེ་དགེ་འདུན་རྒྱ་མཚོ། ཆོས་རྒྱལ་ཡབ་ཡུམ་རྣམས་ཞལ་གཟིགས། འདི་རྣམས་ཀྱི་སྐུ་བྲག་ལ་སྐྱ་བྲིས་རྒྱབ་ནས་བརྐོས་མཁན་རྙེད་ན་དགོངས་ཡོད་པའི་ཚེ། གཙང་པ་ཡིན་ཟེར་བའི་མི་གཅིག་བྱུང་ནས། ངེད་ཀྱིས་ལྷ་བརྐོ་ཤེས་ཟེར་བས། དེ་རྣམས་བརྐོར་བཅུག་སྟེ་ཚར་བ་ན་ཡོན་སྦྱིན་དགོངས་ནས་བཙལ་བས་རྣལ་འབྱོར་པ་མ་རྙེད་པས། དེ་ཆོས་རྒྱལ་གྱི་སྤྲུལ་པར་ངེས་ཏེ་བྱིན་རླབས་ཤིན་ཏུ་ནས་ཆེ་བ་རྗེ་བཙུན་པའི་རྣམ་ཐར་དུ་གསལ་བ་ལྟར་ཡིན་ནོ། །ཤར་ཕྱོགས་ཀྱི་བསྐོར་ལམ་གྱི་ནང་གི་ཐ་མའི་འབུམ་པ་ཆུང་ཆུང་འདི་ནི། སངས་རྒྱས་ཀྱིས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནུབ་གཅིག་ལ་ལྷ་གནས་བྱེ་བ་ཕྲག་བརྒྱར་མཆོད་རྟེན་བྱེ་བ་བརྒྱ་བཞེངས་པའི་ཡ་གྱལ་གཅིག་ཡིན་ཞེས། པཎ་ཆེན་ཐམས་ཅད་མཁྱེན་པས་གསུང་བ་ཡིན་ཞེས་གྲགས་པ་ལགས་སོ། །    

        རྗེ་འདིའི་འཁྲུངས་རབས་ནི། སྟོན་པའི་དུས་སུ་དགྲ་བཅོམ་པ་ཙུན་ད། དེ་ནས་ཤཱཀྱ་བཤེས་གཉེན། ཀ་བ་དཔལ་བརྩེགས། སྒྲོ་ཕུག་པ། སི་སི་རི་བ། འཕགས་པ་བླ་མ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ནས་བྱམས་ཆེན་ཆོས་རྗེ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། བླ་མ་གྲགས་པ་འོད་ཟེར། རྗེ་ལྕང་སྐྱ་རིན་པོ་ཆེ་བློ་བཟང་ཆོས་ལྡན། རྗེ་ཐམས་ཅད་མཁྱེན་པ་རོལ་བའི་རྡོ་རྗེ། ད་ལྟ་སྤྲུལ་པའི་སྐུ་རྣམས་སོ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཀུན་ཏུ་དར། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་འཕྲིན་ལས་རྒྱས། །བདག་ཅག་སྐྱེ་དགུ་ཐམས་ཅད་བདེ་ཞིང་སྐྱིད། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག ། 

                                                                                                                      རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།