རྗེའི་རྣམ་ཐར་ཆེན་མོ་ལས་སེ་རར་བཞུགས་པའི་རྟེན་གྱི་རིམ་པ་བརྗོད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-06 20:16:23     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        འདུ་ཁང་སྟེང་སོར་གཡབས་རྒྱལ་གྱི་མཆོད་ཁང་ནུབ་མའི་རྟེན་གཙོ་སངས་རྒྱས་འོད་དཔག་མེད་ནང་བཞུགས་སངས་རྒྱས་ཀྱི་འཕེལ་གདུང་མང་དུ་བཞུགས་པ། གཙོ་བོའི་གཡས་ཀ་རྒྱབ་ཏུ་དགེ་འདུན་འདུ་བའི་མཆོད་རྟེན་གྱི་ནང་དུ་མཚུངས་མེད་ཆོས་ཀྱི་རྗེ་རྒྱལ་མཚན་བཟང་པོའི་སྐུ་གདུང་རིལ་པོར་བཞུགས་པ། སྒོ་རྒྱན་ལ་རྗེ་དེ་ཉིད་ཀྱི་ཤངས་མཚལ་ལས་བཞེངས་པའི་རྒྱལ་བ་སེང་གེའི་ང་རོའི་སྐུ་དང་། སྒོ་ཁྱིམ་ནང་དུ་ཆོས་ཀྱི་རྗེ་དེ་ཉིད་རང་གིས་ཕྱག་བཟོ་མཛད་པའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྨན་སྐུ་བཞུགས་པ། སྔར་རིང་བསྲེལ་མང་དུ་འཛག་ཅིང་། གདོན་གྱིས་གཟིར་བ་རྣམས་ཀྱིས་མཇལ་བ་ཙམ་གྱིས་གདོན་ལས་གྲོལ་ནུས་པ་སོགས་བྱིན་རླབས་ཤིན་ཏུ་ཆེ་བ་འདི་ནི་དགོན་གནས་འདིའི་རྟེན་གྱི་གཙོ་བོ་གཅིག་ཡིན། གཙོ་བོའི་གཡོན་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གདུང་རྟེན། གོང་དཀར་ནས་དཔོན་ས་བསྟན་སྐྱོང་རྒྱལ་མོ་རང་གི་སྐུ་རྒྱན་གཡུ་དང་མུ་ཏིག་སོགས་ཀྱིས་སྤྲས་པའི་གསེར་གདུང་རྣམ་རྒྱལ་མཆོད་རྟེན། འདིའི་བང་རིམ་གཉིས་པར་རྗེ་དེ་ཉིད་ཀྱི་ཞུན་ཐིགས་ལས་འཁྲུངས་པའི་དུང་གཡས་འཁྱིལ་ཤིན་ཏུ་གསལ་བ་བཞུགས་སོ། །

        འདུ་ཁང་ཆེན་མོའི་ནང་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དགེ་སློང་དཔལ་མོའི་ཐུགས་དམ་རྟེན་གུང་རུ་པས་བྲག་ནས་གདན་དྲངས་པ་དེ་བཞུགས། ཡང་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ། ཀླུ་འཇིམ་ལས་གྲུབ་པའི་ཐུབ་དབང་གི་སྐུ་གཉིས། རྒྱ་དཀར་ནག་བལ་བོད་སོགས་ཀྱི་བཟོ་ཁྱད་ཕུན་སུམ་ཚོགས་པའི་ལི་མ་དང་། གསེར་སྐུ་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་བརྒྱ་དང་བརྒྱད་ཅུ་བཞུགས། ཐུགས་རྟེན་ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་སོགས་ཉིས་བརྒྱ་དང་ཉི་ཤུ་བཞུགས། གསུང་རྟེན་སྡེ་སྲིད་ཟངས་རི་བས་ཕུལ་བའི་བཀའ་འགྱུར་གསེར་དངུལ་འདྲེས་མས་བཞེངས་པ་དང་། ཆོས་སྐྱོང་སྐོར་གྱི་སྐུ་ཐང་བྱིན་ཅན་ལྔ་བཞུགས། བྱམས་ཆེན་གྱི་ཞལ་རས་ལྷ་ཁང་དུ་ཇོ་བོ་རྗེའི་སྐུ་ནང་རྟེན་ནོར་བུ་བསམ་འཕེལ་དང་། རིང་བསྲེལ་སོགས་བཞུགས་པ་དང་། དངུལ་སྲང་སྟོང་ཕྲག་གཅིག་ལས་གྲུབ་པའི་བྱམས་པའི་ལྡེམ་སྐུ་དང་། ལི་དཀར་ལས་གྲུབ་པའི་ཉེ་བའི་སྲས་བདུན། ཚེ་དཔག་མེད་གསུང་བྱོན་མ་ཕན་ཡུལ་བྲག་རྒྱབ་ནས་གདན་དྲངས་པ། ཐུབ་དབང་གྲོང་ཁྱེར་མར་གྲགས་པ་གདན་དྲངས་པ་གསུང་བྱོན་མ། ཚལ་གུང་ཐང་གི་རྟེན་གཙོ་མེ་ཐུབ་མ་ཐུབ་དབང་དགེ་འདུན་འཕེལ་དུ་གྲགས་པ་ལི་དཀར་ལས་གྲུབ་པ་གསུང་ལན་བདུན་ཙམ་བྱོན་པ། གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེ། ཉེ་གནས་ཨ་མོ་གྷ། རྗེ་བསོད་ནམས་རྒྱ་མཚོ་གསུམ་གྱི་སྐུ་བརྙན་ཤིན་ཏུ་ཆེ་བ། ཐང་པོ་ཆེ་ནས་གནད་དྲངས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་རྒྱལ་བ་ཀརྨ་པ་ལ་གསུང་ལན་གསུམ་བྱོན་པ་རྣམས་བཞུགས། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་རྗེ་རིན་པོ་ཆེའི་ཕྱག་ནས་མ་དང་། གཞན་ཡང་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་ཐུབ་དབང་གི་ཞལ་ཐང་མཁའ་འགྲོ་བཀྲལ་བཏགས་མ་དང་། གཞན་ཡང་ཞལ་ཐང་རྙིང་པ་འགའ་ཞིག་དང་། ཐུགས་རྟེན་བྱ་རྒྱུ་མ་གཉིས་རྣམས་བཞུགས།རྣམ་གྲོལ་སྒོ་འབྱེད་ལྷ་ཁང་དུ། སྨན་སྐུ་ཐུབ་དབང་གནས་བརྟན་འཁོར་བཅས་དང་།

        བཀའ་འགྱུར་རིན་པོ་ཆེ། དངུལ་གྱི་བྱང་ཆུབ་མཆོད་རྟེན་རྣམས་བཞུགས། འདུ་ཁང་སྦུགས་ཀྱི་དྲི་གཙང་ཁང་དབུས་མའི་རྟེན་གྱི་གཙོ་བོ། རྗེ་བཙུན་བྱམས་པ་མགོན་པོ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ལ་སེམས་དཔའ་གསུམ་བརྩེགས་ཐོག་ཚར་གཉིས་བརྒལ་བ་གསེར་སྐུ་བཟོ་དབྱིབས་ཕུན་སུམ་ཚོགས་པ། དབུ་རྒྱན་རྒྱལ་བ་རིགས་ལྔ། ཨིནྡྲ་ནཱི་ལ། དུང་། སྤོས་ཤེལ། བྱུ་རུ། གཡུ་རྙིང་རྣམས་ལ་འབུར་དོད་མཐའ་པ་ཏྲས་བསྐོར་བ་སོགས། འཇིག་རྟེན་ན་དཀོན་པའི་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པས་སྤྲས་ཤིང་། ནང་རྟེན་སངས་རྒྱས་ཀྱི་འཕེལ་གདུང་། རྒྱ་གར་དང་བོད་ཀྱི་པཎ་གྲུབ་མང་པོ་དང་། ཁྱད་པར་དུ་རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་དབུ་སྐྲ་དང་ན་བཟའ། ཆོས་སྐུའི་རིང་བསྲེལ་བཀའ་འགྱུར་རིན་པོ་ཆེ་སོགས་ཀྱིས་བྱུར་བུར་བཀང་བ། འཁོར་བྱང་སེམས་ཉེ་སྲས་བརྒྱད། སྒོ་སྲུང་ཁྲོ་བོ་གཉིས་དང་བཅས་པ་དང་། ནུབ་ཏུ་གནས་བཅུ་ལྷ་ཁང་དུ། གནས་བརྟན་བཅུ་དྲུག་འཁོར་བཅས། ཤར་དུ་དཔལ་རྡོ་རྗེ་འཇིགས་བྱེད། མགོན་པོ་ཆོས་རྒྱལ་ལྷ་མོ་དམག་ཟོར་མ་རྒྱལ་ཆེན་རྣམ་སྲས་དང་བཅས་པ་འདི་རྣམས། ཆོས་ཀྱི་རྒྱལ་པོ་ལྷ་བཟང་ཁང་གིས་མི་ཕྱེད་པའི་དད་པ་བརྟན་པོས་བཞེངས་པ་ཡིན་ནོ། །

        གཙང་ཁང་ནུབ་མ་རང་གི་རྟེན་གཙོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གདུང་རྟེན་གསེར་ཟངས་ལས་གྲུབ་པའི་མྱང་འདས་མཆོད་རྟེན། རྗེ་དེ་ཉིད་ཀྱི་དབུ་ཐོད་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཕྱག་རྗེས་གསལ་བ་དང་། ཀུན་མཁྱེན་པའི་ན་བཟའ་སོགས་བཞུགས་པ་དཔལ་འབྱོར་ལྷུན་པོ་ནས། ས་སྐྱོང་དཔལ་འབྱོར་རྒྱལ་པོ་ཡུམ་སྲས་ཀྱིས་བཞེངས་པ། ཆོས་སྐུའི་རྟེན་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད། སྐུ་རྟེན་གླང་དང་ཁྲིམས་ཕོག་མ་སོགས་བརྒྱ་དང་ཞེ་ལྔ་བཞུགས།                                                    

                                                                      རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།