རྗེའི་རྣམ་ཐར་ཆེན་མོ་ལས་བྱམས་ཆེན་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-05 22:01:17     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་མེ་སྤྲེལ་ལོའི་ཟླ་བ་ལྔ་པར་རྒྱལ་པོ་ལ་དགོངས་པ་ཞུས་ནས། བློན་འབངས་མང་པོ་དང་བཅས་བོད་ཀྱི་ཕྱོགས་སུ་ཕེབས། དབུས་སུ་སླེབས་ནས་རྗེ་རིན་པོ་ཆེ་ལ་མཇལ་ནས། རྒྱལ་པོས་གནང་བའི་གནས་བརྟན་བཅུ་དྲུག་གི་སེའུ་ཐང་། ལྗོན་ཤིང་གི་གུར། གསེར་དངུལ། མཎྜལ། གོས་དར་སོགས་འབུལ་བ་རྒྱ་ཆེན་པོ་ཕུལ། ལྷ་སའི་ཇོ་བོ་རིན་པོ་ཆེར་གསེར་གསོལ་བ་དང་། མགུལ་ལ་རྒྱན་ཕྲེང་། མཆོད་རྫས་རྣམས་ཕུལ། དགའ་ལྡན་གྱི་འདུས་ཚོགས་ལ་མང་འགྱེད་རྒྱ་ཆེར་མཛད། རྒྱལ་པོའི་མི་རྣམས་ལོག་པ་ན། རྒྱལ་པོ་ལ་འཚམས་ཞུའི་འབུལ་བ་དང་། རྒྱ་མི་དེ་རྣམས་ལའང་གསོལ་རས་རྒྱ་ཆེན་པོ་བསྩལ། དེ་ནས་རྗེ་རིན་པོ་ཆེའི་དྲུང་ནས་ཆོས་མང་དུ་གསན། སེ་ར་ཆོས་སྡིངས་སུ་རྗེ་རིན་པོ་ཆེ་སྤྱན་དྲངས་ནས་ཞབས་ཏོག་རྒྱ་ཆེན་པོ་བསྒྲུབས་ཏེ་ཆོས་འཁོར་བསྐོར་བའི་ཚེ། རྗེ་རིན་པོ་ཆེས་གངས་རིའི་ཁྲོད་འདིར་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་ཡོད་པ་ཐམས་ཅད་དུ་ནུབ་ནས་རིང་ཞིག་ལོན་པ་དང་། རྗེ་ཉིད་ཀྱིས་བཤད་པ་རྣམ་པར་དག་པ་མཛད་པའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བས་བློ་གྲོས་ཀྱི་ལུས་སྟོབས་རྒྱས་པ་མང་དུ་བྱུང་མོད་ཀྱི། དེ་ལྟ་ན་ཡང་ད་དུང་རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པའི་གྲྭ་ས་ཐིངས་པ་སྔོན་ཆད་མེད་པས། དེ་འདྲ་བའི་འཆད་ཉན་རྣམ་པར་དག་པ་ཚུགས་ན་ཅི་མ་རུང་སྙམ་དུ་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་རྗེ་འདི་ལ་དེ་ལྟ་བུའི་རྒྱུད་གྲྭ་རྣམ་དག་འཛུགས་པའི་བདག་རྐྱེན་དགོས་ཚུལ་གྱི་བཀའ་སྔར་ནས་ཡང་ཡང་བསྩལ་བ་དང་། ལྷག་པར་ཡང་འདི་རེས་ནན་ཏན་གནང་ཞིང་། ཆོས་རྗེ་ཉིད་ཀྱང་དེ་ལ་ཐུགས་འདུན་ཤིན་ཏུ་ཆེ་བས། ཐུགས་ཁུར་ཆེན་པོ་བཞེས་ཏེ། གཞི་འདུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ། དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་བཙུགས་པའི་གྲྭ་ས་རྣམ་པར་དག་པ་འཛུགས་པའི་གཞི་རྟེན་ཕུན་སུམ་ཚོགས་པ་ཕུལ། ཆོས་སྡེ་བཅུ་འཛུགས་པའི་ཞལ་བཞེས་ཕུལ་བས། རྗེ་བདག་ཉིད་ཆེན་པོ་ཐུགས་དགྱེས་བཞིན་དུ་རྒྱུད་གྲྭ་འཛུགས་པའི་ཞལ་བཀོད་མཐར་ཕྱིན་པ་གནང་སྟེ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་ཤེས་རབ་སེང་གེ་ཆོས་དཔོན་དུ་བསྐོས་པས་ཁོང་གིས་ཀྱང་ཞལ་གྱིས་བཞེས། དེ་ནས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཆེད་དུ། གནས་དེར་གསོ་སྦྱོང་མཛད། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་རེ་གསུངས།

        དེ་ནས་མདོ་སྔགས་གཉིས་ཀའི་འཆད་ཉན་རྒྱུན་མི་ཆད་ཅིང་འགྲོ་བ་མཐའ་ཡས་པའི་བསོད་ནམས་ཀྱི་ཞིང་དུ་སེ་ར་ཐེག་ཆེན་གླིང་འདི་ཉིད་ཇི་ལྟར་འདེབས་པའི་ཚུལ་གྱི་ཞལ་བཀོད་རྣམས་རྗེ་རིན་པོ་ཆེ་ལ་ཞུས་ནས་ས་ཕག་གི་ལོ་དེ་ཀ་ལ་གཙུག་ལག་ཁང་གི་གཞི་བཏིངས་ནས་སྤྱིལ་བུ་སོགས་རིམ་གྱིས་ཆགས་པའི་མཐུན་རྐྱེན་ཡང་ཕལ་ཆེར་སྣེའུ་རྫོང་ནས་གནང་བ་ཡིན་པ་འདུག དེ་ལྟར་དགོན་གནས་ཀྱི་འདུ་ཁང་དང་སྦུག་ཏུ་དྲི་གཙང་ཁང་རྣམས་བཞེངས་ནས་འདུས་སྡེ་བཙུགས་པས་སེ་ར་ཐེག་ཆེན་གླིང་ཞེས་གྲགས་ཤིང་། དེང་སང་གི་བར་གོང་ནས་གོང་དུ་འཕེལ་བཞིན་བཞུགས་པ་འདི་ཡིན་ནོ། །

        འདུས་སྡེ་བཙུགས་པའི་ཕག་ལོ་འདི་ནི། རྗེའི་རེ་གསུམ། བྱམས་ཆེན་ཆོས་རྗེའི་རེ་དྲུག་པ་རབ་བྱུང་བདུན་པའི་ལོ་སོ་གསུམ་པ་ཡིན། དེ་ནས་རྒྱ་ནས་བསྣམས་ཕེབས་པའི་སྟོན་པ་གནས་བརྟན་བཅུ་དྲུག དགེ་བསྙེན་ཧྭ་ཤང་དང་བཅས་པ་ཙན་དན་དཀར་པོ་ལས་གྲུབ་པ་ནང་བཞུགས་སུ་བཞུགས་པའི་སྨན་སྐུ་ཁྱད་པར་ཅན་བཞེངས། རྒྱ་ནས་བསྣམས་པའི་བཀའ་འགྱུར་ངོ་མཚར་ཅན་རྣམས་འཇོག་པ་གནང་། ཟླ་བ་བཅུ་པར་རྗེ་རིན་པོ་ཆེ་སྐུ་གཤེགས་མ་ཐག་སྐུ་གདུང་ལ་མཇལ་ནས་མཆོད་པ་རྒྱ་ཆེན་པོ་མཛད། སེ་ར་ཆོས་སྡིངས་སུ་འདུས་ཚོགས་མང་པོ་བཅས་རྗེའི་དགོངས་པ་རྫོགས་པ་དང་། ཐུགས་རྗེའི་གཟིགས་པ་ལས་ནམ་ཡང་མི་འབྲལ་བའི་ཆེད་དུ་གསོལ་བ་བཏབ་སྟེ་དཀྱིལ་འཁོར་སྒྲུབ་མཆོད་མང་དུ་མཛད་པས། འཇའ་ཚོན་ཤར་བ་དང་མེ་ཏོག་གི་ཆར་འབབ་པ་བྱུང་། དེའི་ལོ་རྗེས་མ་ལྕགས་བྱི་ལོའི་ཟླ་བ་བཅུ་པའི་ལྔ་མཆོད་ལ་དཔོན་ནམ་མཁའ་བཟང་པོ་ཁུ་དབོན་གྱི་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་སྤྱན་དྲངས་ནས་དུས་མཆོད་མཛད་པས་མེ་ཏོག་གི་ཆར་ཆེན་པོ་བབས་སོ། །

        གོང་དུ་བཤད་པ་ལྟར་སེ་རའི་འདུས་སྡེ་བཙུགས་ནས་དགེ་འདུན་མང་པོ་ལ་ཆོས་འཆད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ལས། ས་བྱ་ལོར་ཡུང་ལཱོ་རྒྱལ་པོའི་སྐུ་ཚེ་ཞུའན་ཏི་རྒྱལ་པོས་ཕོ་ཉ་མངགས་ནས་གདན་དྲངས་པས་པེ་ཅིན་ཕྱོགས་སུ་ཕེབས། ས་བྱ་འདི་ནི་ཞུའན་ཏིའི་ལོ་བཞི་པ་བྱམས་ཆེན་ཆོས་རྗེའི་དོན་དྲུག་པ་ཡིན། བྱམས་ཆེན་ཆོས་རྗེས་ཏཱའི་མིང་ཡུང་ལཱོའི་ལོ་བཅུ་གཉིས་པར་པེ་ཅིན་དུ་བྱོན། ལོ་བཅུ་བཞི་པར་སླར་དབུས་སུ་ཕེབས། ཏཱའི་མིང་གི་ལོ་བཅུ་བདུན་པར་སེ་ར་བཏབ། དེ་ནས་ལོ་བཅུའི་བར་སེ་རར་བཞུགས། ས་བྱ་ལོར་སླར་རྒྱ་ནག་ཏུ་ཕེབས་པ་ཡིན། བྱམས་ཆེན་ཆོས་རྗེ་ཡར་མར་ཕེབས་པའི་སྐབས་སུ་ཆོས་རྗེ་ཨ་མོ་གྷ་དང་ཆོས་རྗེ་བསོད་ནམས་ཤེས་རབ་གཉིས་ཞབས་ཕྱིའི་མགོ་པ་མཛད་པ་ཡིན་འདུག སེ་རའི་འདུས་ཚོགས་ལ་བླ་མ་དར་རྒྱས་བཟང་པོ་ཁྲིར་བཞུགས་པར་མཛད་དོ། །དེ་ནས་པེ་ཅིན་དུ་འབྱོར་ནས། དཀོན་མཆོག་གི་མཆོད་པ། འདུས་ཚོགས་ལ་མར་འགྱེད། རྒྱལ་བློན་རྣམས་ལ་དགའ་སྟོན་མཛད་པའི་ཚེ་འཇའ་ཚོན་སྣ་ལྔ་ཤར་བ་སོགས་བྱུང་། དེ་རྗེས་རྒྱལ་པོས་མེས་པོ་ཡུང་ལཱོ་དང་ཡབ་ཧུང་ཞི་རྒྱལ་པོ་གཉིས་ཀྱི་དགོངས་པ་རྫོགས་པའི་ཕྱིར་དུ་ཞུས་པ་བཞིན་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་མཛད་པའི་ཚེ། འཇའ་ཚོན་འཆར་བ། མེ་ཏོག་གི་ཆར་འབབ་པ། ནང་མཆོད་ཁོལ་བ། བུམ་པའི་ནང་གི་བདུད་རྩི་ལུད་པ་སོགས་ཀྱི་རྟགས་མང་དུ་བྱུང་། རྒྱལ་བློན་བཅས་ཀུན་གྱིས་སྙིང་ནས་དད་ཅིང་། རྒྱལ་པོ་གོང་མའི་དུས་ལས་ཀྱང་ལྷག་པར་བསྙེན་བཀུར་བྱས་སོ། །

        བྱམས་ཆེན་ཆོས་རྗེས་འགྲོ་བ་མང་པོ་ལ་དམ་པའི་ཆོས་རྒྱ་ཆེར་བསྩལ་ནས། བོད་ཡུལ། ཨ་མདོ། རྒྱ་ཡུལ་རྣམས་སུ་གཙུག་ལག་ཁང་དང་རྟེན་བཞེངས་པ་འདུས་སྡེ་བཙུགས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དོ། །དེ་ནས་དགུང་ལོ་གྱ་གཉིས་པའི་ཤིང་མོ་ཡོས་ལོ་ཟླ་བ་བཅུ་པའི་ཚེས་པ་བཅོ་བརྒྱད་ཀྱི་ཉིན་ཆོས་རྗེ་ཨ་མོ་གྷ་སོགས་ནང་འཁོར་རྣམས་ལ་བསླབ་སྟོན་གནང་ནས། ཐུགས་དམ་ལ་བཞུགས་ཏེ་ཉེར་བཞིའི་ཉིན་མྱ་ངན་ལས་འདས་སོ། །དེ་ཉིད་ཀྱི་མཚན་མོ་པེ་ཅིན་ནས་ཉིས་སྟོང་བརྒྱད་བརྒྱའི་སར་ཤིང་སྒོ་ཅན་ཞེས་པའི་མཁར་གྱི་སྟེང་གི་ནམ་མཁའ་ནས། རྟ་དཀར་པོ་ཅིག་ཞོན་པའི་བླ་མ་སློབ་མ་གཉིས་བཅས་ནུབ་ཕྱོགས་སུ་ཕེབས་པ་མཁར་གྱི་སྒོ་བསྲུང་དག་གིས་མཐོང་ནས། ཁྱོད་སུ་ཡིན། གར་འགྲོ། ཞེས་པར། ང་བྱམས་ཆེན་ཆོས་རྗེ་ཡིན། བོད་ལ་འགྲོ་ཞེས་གསུང་བྱོན་པར་འདུག

        དེའི་ཚེ་བྱམས་ཆེན་ཆོས་རྗེའི་བཞུགས་གནས་ཧེ་ཡིན་ཟེའི་ལྷ་ཁང་དུ་དགེ་འདུན་མང་པོ་འཚོགས་ནས་ཞག་ཞེ་དགུའི་བར་དུ་ཆོས་འདོན་པ་སོགས་མཛད། སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ་འཇའ་ཚོན་སོགས་ཀྱི་རྟགས་མང་པོ་བྱུང་། དེ་ནས་སྤུར་ཁང་ཞལ་ཕྱེ་སྟེ་བལྟས་པས་སྐུ་རིལ་པོ་གསེར་གྱི་མདོག་ཏུ་གྱུར་འདུག་པ་དང་། མུ་ཏིག་ལྟ་བུའི་རིང་བསྲེལ་དཔག་ཏུ་མེད་པ་བྱུང་འདུག་པ་མཐོང་ནས། རྒྱལ་པོ་ལ་ཞུས་པར་ཤིན་ཏུ་དད་པས་བསྟོད་ཅིང་གསོལ་བ་བཏབ་སྟེ། ཁྲུ་བཅོ་ལྔ་ཙམ་གྱི་གསེར་གྱི་མཆོད་རྟེན་བཞེངས་ནས་སྐུ་གདུང་རིང་བསྲེལ་བཅས་དེའི་ནང་དུ་བཞུགས་སུ་གསོལ། དེ་རྗེས་རྒྱལ་པོའི་བཀས་གསེར་གདུང་དེ་ཆོས་རྗེ་བསོད་ནམས་ཤེས་རབ་དང་སེང་གེ་བཟང་པོ་གཉིས་ཀྱིས་མདོ་སྨད་ཀྱི་མཛོ་མོ་མཁར་ཞེས་པའི་མཁར་དུ་སྤྱན་དྲངས་ནས། དེར་ལྷ་ཁང་བརྩིགས་ཏེ་འདུས་སྡེ་བཙུགས་ཤིང་། གསེར་གདུང་ནི་དེར་བཞུགས་སུ་གསོལ།

                                                                                                                    རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།