རྗེའི་རྣམ་ཐར་ཆེན་མོ་ལས་འཇམ་དབྱངས་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 21:36:36     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ལེའུ་དགུ་པ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལས་སེ་འབྲས་དགེ་གསུམ་གྱི་ལྷ་ཁང་དང་རྟེན་བྱིན་ཅན་སྐོར་རགས་ཙམ་བརྗོད་པ། འཇམ་པའི་དབྱངས་ཀྱིས་མངོན་སུམ་བྱིན་གྱིས་བརླབས། །མཁྱེན་པས་ཆོས་ལ་དབང་བསྒྱུར་ཐོགས་པ་མེད། །ཐུགས་རྗེ་ཆེན་པོས་ཀུན་ལ་ཕན་བདེ་སྟེར། །འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དགུ་པ་རྗེ་རིན་པོ་ཆེའི་བསྟན་པ་དར་ཞིང་རྒྱས་ཏེ་ཡུན་རིང་དུ་བརྟན་པར་བཞུགས་པའི་ཆེད་དུ་དགོན་སྡེ་ཚུགས་པའི་བླ་མ་མང་དུ་ཡོད་པ་ལས། དཔལ་ལྡན་འབྲས་སྤུངས་ཆགས་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ནི། རྗེ་རིན་པོ་ཆེའི་ཡོན་བདག་མི་དབང་གྲགས་པ་རྒྱལ་མཚན་གྱི་ཡིག་མཁན་དགེ་བསྙེན་པ་ཞེས་བྱ་བ་ལ་སྲས་གསུམ་མངའ་བ་ལས་གསུམ་པ་ནི་འཇམ་དབྱངས་ཆོས་རྗེ་འདི་ཡིན་ལ། འདི་ནི་ས་མོ་ལུག་ལོར་བསམ་ཡས་ཀྱི་ཉེ་འདབས་སུ་འཁྲུངས། འདི་ནི་རྗེ་རིན་པོ་ཆེའི་དགུང་ལོ་ཉེར་གསུམ་པའི་ས་མོ་ལུག་ལོ་ཡིན། གཞོན་ནུའི་དུས་འཇམ་དབྱངས་དཀར་པོའི་བསྙེན་པ་ཞིག་མཛད་པས་མནལ་ལམ་དུ། གཙུག་ལག་ཁང་གི་ནང་དུ་འཇམ་དབྱངས་དཀར་པོ་གསུམ་བཞུགས་འདུག་པའི་དབུས་མས་རྡོ་རྗེ་སྤྱི་བོར་བཞག དྲིལ་བུ་གསིལ་བས་རྗེ་བཙུན་གྱིས་བདག་ལ་བྱིན་གྱིས་བརླབས་བྱུང་སྙམ་པ་བྱུང་ཞིང་དེ་ནས་བཟུང་སྟེ་མཁྱེན་རབ་ཀྱི་ཀློང་བརྡོལ། རྩེ་ཐང་དུ་རབ་ཏུ་བྱུང་ནས་བསམ་ཡས་དགོན་རྩེ་རུ་བཞུགས་ཏེ་ལེགས་བཤད་གསེར་འཕྲེང་ཐུགས་འཛིན་མཛད་པའི་ཚེ་མནལ་ལམ་དུ། དུང་གི་རྣ་ཆ་འཁྲོལ་བའི་ཁྱེའུ་མང་དུ་བྱུང་བ་རྣམས་མཐར་གཅིག་ཏུ་སོང་། དེས་སྐྱེ་བ་ཕྱི་མ་དགའ་ལྡན་དུ་སྐྱེ་ཟེར་བ་བྱུང་།

        གསང་ཕུར་གཉལ་རྒོད་རིན་བསམ་རང་ལྡན་མ་དཀོན་མཆོག་སེང་གེ་ལ་ཕར་ཚད་གསན། སྐྱོར་མོ་ལུང་དུ་རྗེ་རིན་པོ་ཆེ་ལ་འདུལ་མངོན་གསན། དེ་དུས་མཁས་གྲུབ་ཐམས་ཅད་མཁྱེན་པ་ཡང་འདུལ་མངོན་གསན་པར་ཕེབས་པས། རྗེ་རིན་པོ་ཆེས་རྣམ་གཉིས་བགྲོ་གླེང་ཞིག་མཛོད་ཅེས་ཞལ་ཏ་གནང་། མཁས་གྲུབ་རྗེས་རེད་མདའ་པའི་ཕར་ཕྱིན་ལྟར་བྱང་སེམས་ལ་ཞུགས་གནས་མཚན་ཉིད་པ་རྩི་བའི་གྲུབ་མཐའ་མཛད། ཆོས་རྗེ་འདིས་ལེགས་བཤད་གསེར་ཕྲེང་གི་གྲུབ་མཐའ་བྱང་སེམས་ལ་ཞུགས་གནས་མཚན་ཉིད་པ་མི་འོང་བའི་ལུགས་བཟུང་ནས། བྱང་སེམས་ཡིན་ན་རྒྱུན་ཞུགས་ཡིན་པར་བུད་སོགས་ལབ་པས་ཕྱིས་སུ་རྗེ་རིན་པོ་ཆེས་ཀྱང་གནད་འགག་དེ་ཡིན་གསུང་། དགའ་ལྡན་དུ་རྗེ་རིན་པོ་ཆེ་ལ། དྲང་ངེས་རྣམ་འབྱེད། རྩ་འཇུག ལམ་རིམ་ཆེ་ཆུང་། སྔགས་རིམ། འགྲེལ་པ་བཞི་སྦྲགས་སོགས་གསང་འདུས་ཀྱི་སྐོར་དང་། བདེ་དགྱེས་ཡོ་ག་སོགས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན། རྗེ་རིན་པོ་ཆེས་མཁན་པོ། འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད་དེ། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། མདོ་སྔགས་ལ་འདི་མི་མཁྱེན་བྱ་བ་མེད། རྡོ་རྗེ་འཇིགས་བྱེད་གཅིག་བུ་ལའང་བསམ་ཡས་ཀྱི་བླ་མ་སངས་རྒྱས་སྐྱབས་ཞེས་པ་འཇིགས་བྱེད་ལ་ལོ་དྲུག་སྒྲུབ་པ་མཛད་ནས་ཞལ་དངོས་སུ་གཟིགས་པ་དེའི་དྲུང་དུ། འཇིགས་བྱེད་བཅུ་གསུམ་མ་དང་ཞེ་དགུ་མ་རོ་ལངས་བརྒྱད་བསྐོར་གྱི་དབང་སོགས་རྭ་ལུགས་དང་རྒྱ་ལུགས་ཀྱི་ཆོས་ཚན་བརྒྱད་ཅུ་གསན་པ་སོགས་ཤིན་ཏུ་རྒྱ་ཆེ་བར་གསན་པ་ཡིན་ནོ། ། 

                                                                     རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།