རྗེའི་རྣམ་ཐར་ཆེན་མོ་ལས་ཁྲི་ཐོག་བཅུ་དྲུག་པ་ནས་སོ་ལྔ་བར་གྱི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 21:19:10     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བཅུ་དྲུག་པ་ཆོས་སྐྱོང་རྒྱ་མཚོ་ནི། དབུས་སྟོན་རྒྱ་ར་ཞེས་པའི་ས་ཆར་འཁྲུངས། འདིའི་བརྩམས་ཆོས་ནི། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས། ཕྱག་རྡོར་འཁོར་ཆེན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཁྲིད་བྱིན་རླབས་བཞི་ལྡན། གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད། ཆོས་དྲུག་གི་ཁྲིད་སོགས་སོ། །འདིའི་འཁོར་ཆེན་གྱི་སྐོར་ནི་ཤིན་ཏུ་ལེགས་པ་ཡིན་ཟེར། རེ་བཞི་པ་མེ་སྤྲེལ་ལོར་དགའ་ལྡན་ཁྲིར་བཞུགས་ནས། འབྲི་ཁུང་པས་དགེ་ལུགས་ཀྱི་དགོན་སྡེ་འགའ་ཕྲོགས་ནས་ཞྭ་དམར་པོར་བསྒྱུར་བ་སོགས་བྱས་དུས་དྲག་ལས་ལན་འགའ་མཛད་པས་གཞན་ཕྱོགས་པ་རྣམས་ཚར་བཅད་དེ། རེ་བདུན་པར་མེ་ཏོག་གི་ཆར་དང་འཇའ་ཚོན་འཆར་བ་སོགས་རྫུ་འཕྲུལ་བསྟན་ཏེ་གཤེགས་སོ། །

        བཅུ་བདུན་པ་རྡོ་རྗེ་བཟང་པོ་ནི། མདོ་སྨད་མི་ཉག་གི་སར་འཁྲུངས། ཞེ་དགུ་ནས་རེ་བཞིའི་བར་དགའ་ལྡན་ཁྲིར་བཞུགས། འདིའི་སྐྱེ་བ་ཕྱི་མ་བདེ་ཆེན་དུ་ཁྱིམ་པའི་ཚུལ་བཟུང་པ་ཚེ་རིང་མགོན་པོ་ཞེས་པར་གྱུར་ཏེ་དགའ་ལྡན་ཆོས་འབྱུང་སོགས་བརྩམས་པར་བཤད་དོ། །བཅོ་བརྒྱད་པ་རྒྱལ་མཚན་བཟང་པོ་ནི། བྱེ་རིའི་གྲོང་ཞིག་ཏུ་འཁྲུངས། ལྔ་བཅུ་ནས་ང་གཉིས་པར་ཁྲིར་བཞུགས། བཅུ་དགུ་པ་ངག་དབང་ཆོས་གྲགས་ནི། སྟོད་ལུང་གི་མདར་འཁྲུངས། མགོན་པོ་ཞལ་བཞི་པའི་སྒོ་ནས་གྲུབ་པ་ཐོབ། ཞེ་བརྒྱད་ནས་ང་གཅིག་གི་བར་ཁྲིར་བཞུགས། སྐུ་གདུང་ཞུགས་ལ་ཕུལ་བར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་སོགས་བྱུང་ངོ་། །

        ཉི་ཤུ་པ་ཆོས་གྲགས་བཟང་པོ་ནི། སྟག་ཕུར་འཁྲུངས། དྲུག་ཅུ་ནས་རེ་དྲུག་གི་བར་ཁྲིར་བཞུགས་ཏེ། རེ་བདུན་ལ་གཤེགས། ཉེར་གཅིག་པ་དགེ་ལེགས་དཔལ་བཟང་ནི། འོལ་ཁར་འཁྲུངས། ང་བཞི་ནས་རེ་གསུམ་གྱི་བར་ཁྲིར་བཞུགས། ཉེ་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས་ནི། ཀླུང་ཤོད་དུ་འཁྲུངས། དོན་གསུམ་ནས་དོན་དྲུག་གི་བར་ཁྲིར་བཞུགས། ཉེར་གསུམ་པ་ཚེ་བརྟན་རྒྱ་མཚོ་ནི། རྩེས་ཐང་དུ་འཁྲུངས། ཞེ་དགུ་ནས་ང་བདུན་པར་ཁྲིར་བཞུགས། དགའ་ལྡན་ཁྲི་བ་ལྷ་ས་སྨོན་ལམ་གྱི་གྲལ་དབུར་ཕེབས་པའི་སྲོལ་བཏོད། ཉེར་བཞི་པ་བྱམས་པ་རྒྱ་མཚོ་ནི། ཞོགས་ཀྱི་གྲམ་ཕུར་འཁྲུངས། དྲུག་བཅུ་ནས་དོན་ལྔའི་བར་ཁྲིར་བཞུགས། རྒྱལ་དབང་བསོད་ནམས་རྒྱ་མཚོ་ཐུ་མེད་ལ་ཕེབས་པའི་རྗེས་སུ་སྨོན་ལམ་གྱི་གྲལ་དབུ་མཛད།

        ཉེར་ལྔ་པ་དཔལ་འབྱོར་རྒྱ་མཚོ་ནི། སྟོད་ལུང་དུ་འཁྲུངས། སྐྱོར་མོ་ལུང་སོགས་ཀྱི་བླ་མར་གྱུར་ཅིང་། ང་བདུན་ནས་རེ་དགུའི་བར་ཁྲིར་བཞུགས། དོན་བཞི་པར་གཤེགས་པའི་སྐུ་གདུང་ལ་ལྷ་དང་ཡིག་འབྲུ་སོགས་བྱུང་། ཉེར་དྲུག་པ་དམ་ཆོས་དཔལ་འབར་ནི། གཙང་སྟོད་དུ་འཁྲུངས། རྭ་སྒྲེང་གི་བླ་མ་མཛད། རེ་བདུན་ནས་དོན་བདུན་པར་ཁྲིར་བཞུགས། ཉེར་བདུན་པ་སངས་རྒྱས་རིན་ཆེན་ནི། མལ་གྲོར་འཁྲུངས། ང་བདུན་པར་ཁྲིར་བཞུགས། རྒྱལ་དབང་ཡོན་ཏན་རྒྱ་མཚོའི་མཁན་པོ་མཛད། དོན་བདུན་ལ་གཤེགས། ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་ནི། ལྷ་སའི་ཉེ་འདབ་ཏུ་འཁྲུངས། དོན་གཉིས་ནས་དོན་དྲུག་གི་བར་ཁྲིར་བཞུགས། ཉེར་དགུ་པ་ཆོས་ཉིད་གྲགས་པ་ནི། མདོ་སྨད་ཅོ་ནེར་འཁྲུངས། རེ་གཉིས་ནས་བདུན་བཅུའི་བར་ཁྲིར་བཞུགས། དགུང་ལོ་དོན་གསུམ་བཞེས།

        སུམ་བཅུ་པ་བློ་གྲོས་རྒྱ་མཚོ་ནི། སྟག་ལུང་བྲག་ཏུ་འཁྲུངས་པས་སྟག་ལུང་བྲག་པ་ཞེས་ཟེར། བྱང་རྩེའི་ཐོས་བསམ་གླིང་གྲྭ་ཚང་སླར་གསོས། བདུན་བཅུ་ནས་དོན་གསུམ་བར་ཁྲིར་བཞུགས། སོ་གཅིག་པ་དམ་ཆོས་དཔལ་ནི། འཇང་ཞབས་སུ་འཁྲུངས། དོན་གསུམ་ནས་དོན་ལྔའི་བར་ཁྲིར་བཞུགས། སོ་གཉིས་པ་ཚུལ་ཁྲིམས་ཆོས་འཕེལ་ནི། གཙང་དུ་འཁྲུངས། རྗེ་བཙུན་བྱམས་པ་སོགས་ལྷ་མང་པོའི་ཞལ་གཟིགས། དྲུག་བཅུ་ནས་རེ་གསུམ་བར་ཁྲིར་བཞུགས། སོ་གསུམ་པ་གྲགས་པ་རྒྱ་མཚོ་ནི། རེ་དགུ་ནས་དོན་གསུམ་བར་ཁྲིར་བཞུགས། སོ་བཞི་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནི། ང་གསུམ་ནས་ལོ་ངོ་གསུམ་ཁྲིར་བཞུགས། སོ་ལྔ་པ་དཀོན་མཆོག་ཆོས་འཕེལ་ནི། ང་བཞི་ནས་ལོ་བཅུ་གཉིས་ཁྲིར་བཞུགས། རྒྱལ་དབང་ལྔ་པའི་ཡོངས་འཛིན་དུ་གྱུར། གཙང་དམག་ལྷ་སར་འོང་དུས་མི་སྟོང་ཕྲག་མང་པོའི་སྲོག་བསྐྱབས། སྔར་འབྲི་ཁུང་བས་ཕྲོགས་པའི་དགོན་སྡེ་རྣམས་སླར་ཐོབ། དགུང་ལོ་དོན་བཞི་བཞེས་སོ། །

                                                                            རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།