རྗེའི་རྣམ་ཐར་ཆེན་མོ་ལས་ཁྲི་ཐོག་དགུ་བ་ནས་བཅོ་བའི་བར་གྱི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 12:13:34     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུ་པ་རྗེ་དཔོན་བློ་བཟང་ཉི་མ་ནི། ས་མོ་ལུག་ལ་རྗེ་འཁྲུངས་པའི་ཙོང་ཁའི་ཡུལ་དུ་རྗེ་རིན་པོ་ཆེའི་སྐུ་ཚ་ཞིག་གི་སྲས་སུ་འཁྲུངས། སྐུ་གཞོན་ནུ་ནས་དབུས་སུ་བྱོན་ཏེ་མཁས་པ་མུས་སྲད་པ། བླ་མ་སྟག་ལེབ་བྱང་རྒྱལ། སློབ་དཔོན་གྲགས་འོད་པ་སོགས་ལ་གཏུགས་ཏེ་གསུང་རབ་ལ་སྦྱངས་པས། ལུང་རིགས་ཀྱི་གནས་ཐོགས་པ་མེད་པར་མཁྱེན། གསང་ཕུར་པོ་ཏི་ཉི་ཤུ་རྩ་གཉིས་གྲྭ་སྐོར་མཛད་ཅིང་། སློབ་དཔོན་རྣམས་ཚོགས་པའི་སར་བགྲོ་གླེང་བརྩད་པས། སློབ་དཔོན་རྩེ་ཉག་པ་བཅོམ། དེའི་ཕྱི་ལོ་ར་བ་སྟོད་ཀྱི་འཆད་ཉན་མཛད་དེ། ཆེན་པོའི་གོ་སར་ཡང་ཕེབས། དེ་ནས་བཀྲ་ཤིས་ལྷུན་པོར་བྱོན་ཏེ། ཆོས་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན།

        སླར་དབུས་སུ་ཕེབས། ཐམས་ཅད་ཀྱིས་གསོལ་བ་བཏབ་ནས་འབྲས་སྤུངས་ཀྱི་གདན་ས་ལོ་ངོ་བཞིར་ལོངས་པ་མཛད་དེ་ཚོགས་པ་བསྐྱངས། དེ་ནས་ཚལ་གུང་ཐང་དུ་དབེན་དགོན་ཞིག་བཏབ་ནས་བཞུགས་པ་ལ་ཆུ་མིག་རང་རྡོལ་དུ་བྱུང་བས་སྐྱེ་བོ་ཀུན་ངོ་མཚར་སྐྱེས། དབུ་རུ་ལྷོ་བྱང་། ཨེ་གཉལ་དྭགས་གསུམ། ཡར་ཀླུང་སྟོད་སྨད་རྣམས་སུ་ཕེབས་ནས་ཆོས་གསུངས་པས་མཐོ་དམན་ཀུན་གུས་པར་གྱུར། དེ་ནས་གསང་ཕུ་གླིང་སྨད་ཀྱི་གདན་སར་ཕེབས་ཏེ། གཙོ་བོར་དྲང་ངེས་རྣམ་འབྱེད་གསུང་བ་གནང་ཞིང་། རང་རྒྱུད་པ་ཡན་ཆད་ཀྱི་ཊིཀྐ་ཞིག་ཀྱང་མཛད། དགུང་ལོ་ང་གཉིས་པའི་ལྕགས་ཁྱི་ལ་དགེ་ལྡན་ཁྲི་ཐོག་ཏུ་ཕེབས་པར། དུས་ཆོས་གསུངས་པ་དང་། གདངས་སྙན་པོའི་བསྔོ་གཏམ་གྱི་ཕྲེང་བས་གདུལ་བྱ་ཡིད་འཕྲོག་པར་མཛད་དེ། ང་བཞིའི་བར་དུ་གསེར་ཁྲིར་བསྟན་འགྲོའི་དོན་ལེགས་པར་མཛད།

        བཅུ་པ་ཡེ་ཤེས་བཟང་པོ་ནི། ཁམས་སུ་འཁྲུངས། འབྲས་སྤུངས་སུ་ཐུགས་གཉེར་མཛད་དེ་གླིང་བསྲེས་དཀའ་བཅུའི་གྲྭ་སྐོར་མཛད་ནས་དེའི་སྲོལ་བཙུགས། དོན་དགུ་ལ་གསེར་ཁྲིར་ཕེབས་ཏེ་གྱ་བཞིའི་བར་དུ་བཞུགས་སོ། ། བཅུ་གཅིག་པ་བློ་བཟང་གྲགས་པ་ནི། གཙང་གི་འདར་དུ་འཁྲུངས་པས་འདར་སྟོན་ཞེས་གྲགས། དོན་དགུ་ནས་གྱ་བཞིའི་བར་ཁྲིར་བཞུགས། བཅུ་གཉིས་པ་ལེགས་པའི་བློ་གྲོས་ནི། ཨེའི་ཕྱོགས་སུ་འཁྲུངས། རེ་གཉིས་ནས་རེ་བདུན་གྱི་བར་ཁྲིར་བཞུགས། ཟུར་པ་མཛད་དེ་རེ་དགུ་ལ་གཤེགས། བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན་ནི། སྟོད་ལུང་གི་མདར་འཁྲུངས། རེ་བཞི་ལ་ཁྲིར་བཞུགས། བདུན་བཅུ་ལ་ཟུར་པ་མཛད་ནས། གྱ་བརྒྱད་པར་གཤེགས། བཅུ་བཞི་པ་རིན་ཆེན་འོད་ཟེར་ནི། སྟོད་ལུང་གི་ཞིང་བཟང་དུ་འཁྲུངས། བདུན་ཅུ་ནས་དོན་བདུན་གྱི་བར་ཁྲིར་བཞུགས། དགུང་ལོ་གྱ་བརྒྱད་བཞེས་སོ། །

        བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ནི། རྩེས་ཐང་གི་ཉེ་བར་སྨ་ཁྱི་ལ་འཁྲུངས། རྩེས་ཐང་དུ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་། མཚན་བསོད་ནམས་གྲགས་པར་གསོལ། གསང་ཕུ་སེ་ར་རྒྱུད་སྟོད་པ་རྣམས་སུ་སློབ་གཉེར་མཛད། མདོ་སྔགས་ལ་མཁས་པའི་གྲགས་པ་ཐོབ། རྒྱུད་སྟོད་ཀྱི་འཆད་ཉན་ལོ་བཅུ་བཞི་མཛད། འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་ལོ་གཅིག་མཛད། དེ་ནས་དགའ་ལྡན་ཤར་རྩེའི་ཁྲིར་ཕེབས། དགུང་ལོ་ང་གཉིས་པ་ས་གླང་ལ་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་བརྒྱད་བཞུགས། འདིས་ལྷ་ས་སྨོན་ལམ་ཆེན་མོར་བསྟན་འབར་མ་གསུངས་པའི་མཇུག་ཏུ། རྗེ་རིན་པོ་ཆེའི་བསྟན་པ་དར་ཞིང་རྒྱས་པ་དང་ཡུན་རིང་དུ་བཞུགས་པའི་ཆེད་དུ་ཚིགས་བཅད་གཉིས་གསར་དུ་བརྩམས་ནས་འདོན་པར་མཛད་ཅིང་། དེ་ནས་བཟུང་སྟེ་དགེ་ལུགས་དགོན་སྡེ་ཐམས་ཅད་དུ་ཚིགས་བཅད་དེ་འདོན་པའི་སྲོལ་དར་རོ། །

        ཚིགས་བཅད་དེ་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་ལ། །བགེགས་ཀྱི་མཚན་མ་ཞི་བ་དང་། །མཐུན་རྐྱེན་མ་ལུས་ཚང་བར་ཤོག །བདག་དང་གཞན་གྱི་དུས་གསུམ་དང་། །འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པའོ། །དེ་ནས་འབྲས་སྤུངས་སེ་ར་སོགས་ཀྱི་ཁྲིར་བཞུགས་ཏེ་ཆོས་མང་དུ་གསུངས། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སྐུ་ན་ཕྲ་དུས་གཙུག་ཕུད་བཞེས་ནས་མཚན་གསོལ། ཕྱིས་འབྲས་སྤུངས་ཀྱི་ཁྲིར་གདན་དྲངས་ནས་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་དགོན་སྡེའི་ཁྲི་ཐོག་ཏུ་བཞུགས་པར་མངའ་གསོལ་བར་མཛད། བརྩམས་པའི་བསྟན་བཅོས་ནི། གསང་འདུས་བསྐྱེད་རྫོགས། རྒྱུད་འགྲེལ། ཕར་ཕྱིན་སྤྱི་དོན། འདུལ་མཛོད་སོགས་དང་། དགའ་ལྡན་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་སོགས་མང་ངོ་། །དགུང་ལོ་དོན་བདུན་བཞེས་པ་ཡིན་ལ། འདིའི་སྐུ་གོང་མ་ནི། ཇོ་བོའི་སློབ་མ་རྒྱ་གར་པཎ་ཆེན་ཨ་ཀ་ར་མ་ཏི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། བུ་སྟོན་ཐམས་ཅད་མཁྱེན་པ། རྟ་ཚག་ཚེ་དབང་རྒྱལ་པོ། དེ་ནས་བསོད་གྲགས་འདི་ཡིན་ལ།

       འདིའི་སྤྲུལ་སྐུ་ནི། བསོད་ནམས་ཡེ་ཤེས་དབང་པོ། བསོད་ནམས་དགེ་ལེགས་དཔལ་བཟང་། གྲགས་པ་རྒྱལ་མཚན། དེ་ནས་གོང་མ་ནའི་རལ་ཐུ་བདག་པོ་ཆེན་པོར་གྱུར་ཞིང་། བསྐལ་བཟང་གི་སངས་རྒྱས་བདུན་པ་ལྷག་པར་སྣང་བྱེད་ཅེས་བྱ་བར་འགྱུར་བར་གསུངས། 

                                                                       རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།