རྗེའི་རྣམ་ཐར་ཆེན་མོ་ལས་ཁྲི་ཐོག་དྲུག་པ་བདུན་པ་བརྒྱད་པ་བཅས་ཀྱི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-02 12:05:51     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཁྲི་ཐོག་དྲུག་པ་བ་སོ་རྗེ་དྲུང་ཆོས་ཀྱི་རྒྱལ་མཚན་ནི། རབ་བྱུང་བདུན་པའི་བཅུ་དྲུག་པ་ཆུ་ཕོ་རྟ་ལ་གཙང་ལྡོག་གཞུང་དུ་མཁས་གྲུབ་རྗེའི་གཅུང་བོར་འཁྲུངས། རྗེ་ཡབ་སྲས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་ལ་སྦྱངས། དང་པོར་གསང་ཕུ་ར་བ་སྨད་པའི་འཆད་ཉན་ཞིག་མཛད་པ་བོར་ནས་ལྷན་པ་སོ་བཟུང་བས་བ་སོ་པར་གྲགས། གདམས་པ་ཐུགས་ཉམས་སུ་བསྟར་བས་ཐུན་མོང་མ་ཡིན་པའི་བདེ་སྟོང་གི་རྟོགས་པ་ཐུགས་ལ་འཁྲུངས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལས་སྙན་བརྒྱུད་ཀྱི་མན་ངག་སྤྲུལ་པའི་གླེགས་བམ་བཅས་ཐོབ། དགུང་ལོ་དྲུག་བཅུ་རྩ་གཉིས་པའི་ཆུ་ལུག་ལོར་དགའ་ལྡན་གྱི་ཁྲིར་བཞུགས་ནས།

        ལོ་བཅུ་གཉིས་ཀྱི་བར་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། ཞར་ལ་དུས་འཁོར་བསྐྱེད་རྫོགས་དང་། འཇིགས་བྱེད་རྫོགས་རིམ་དང་། དབུ་མའི་ལྟ་ཁྲིད་ཆེན་མོ། སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་ལེགས་པར་མཛད། དགའ་ལྡན་འདུ་ཁང་ལ་དྲི་གཙང་ཁང་བཏོད་དེ། རྒྱལ་བ་སེང་གེའི་ང་རོའི་གསེར་སྐུ་ཡ་མཚན་ཅན་དང་། གདན་ས་གོང་མ་ན་རིམ་གྱི་སྐུ་འདྲ་ཡང་བཞེངས་ཏེ་བཞུགས་སུ་གསོལ་བར་མཛད་ཅིང་། དེ་ཡང་དགེ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ཡིག་ཆུང་ཉེར་གཅིག་ཆེ་བ་དང་། ཛྙཱ་ན་ཀུ་ཊི་སྡི་ཡེ་ཤེ་རྩེ་མོས་འོད་གསལ་ལྷ་ཁང་དུ་ཞུས་ནས་བསྐྱེད་རྫོགས་གཉིས་ཀའི་མན་ངག་ཡིག་ཆུང་ཉེར་གཅིག་ཆུང་པ་དང་བཅས་པ་མཛད་ཅིང་། ད་ལྟའི་བར་དུ་རང་གཞན་གྱི་མཁས་པ་དང་གྲུབ་ཆེན་དུ་མས་ཐུགས་རྩིས་མཛད་པ་འདི་ཡིན།

        རྗེ་འདི་དབེན་ས་སྤྲུལ་པའི་གླེགས་བམ་གྱི་གདུལ་བྱའི་གཙོ་བོར་སྣང་ཞེས་རྒྱལ་བ་དབེན་ས་བ་གསུངས་ལ། རྗེ་འདིས་གྲུབ་ཆེན་ཆོས་རྡོ་རྗེ། དཔལ་ལྡན་རྡོ་རྗེ། སྟོད་ལུང་པ་རྡོ་རྗེ་དཔལ་པ་གསུམ་ལ་བྱིན་ཞེས་གསུངས་པས་གླེགས་བམ་ཡང་གསུམ་ཡོད་པར་སྣང་ལ། སྔ་མ་གཉིས་གྲགས་ཆེ། དེ་ལ་སོགས་པའི་བསྟན་པ་རིན་པོ་ཆེའི་མཛད་པ་བསྐྱངས་པའི་འཁོར་ལོ་བཞི་ལྡན་གྱི་དགེ་སྦྱོང་དང་། མཁས་པ་མང་པོ་པདྨའི་མཚོ་ལ་ར་ཡིག་གཉིས་པ་བཞིན་དུ་འཁོར་ཞིང་། ཐུགས་དད་པས་ཡོན་ཏན་གྱི་བསྔགས་པའི་གླུ་དབྱངས་བ་སོ་ཆོས་རྗེ་ཞེས་སྙན་གྲགས་ཀྱི་དབྱར་རྔའི་སྐད་གསང་མཐོན་པོར་ལྡིར་ལྡིར་གྲགས་པས་དབུས་གཙང་སོགས་ཁྱབ་པའི་མོད་ལ། རླུང་གི་རྒྱུ་ཚུལ་ལོག་པ་མཁྱེན་པས་ཀུན་སྤངས་མཛད་དེ། ཆོས་རྗེ་བློ་གྲོས་བརྟན་པ་གདན་སར་བཞུགས་སུ་གསོལ་ཏེ། དོན་གཉིས་པ་ཆུ་སྦྲུལ་གྱི་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་དགའ་ལྡན་བྱང་གླིང་དུ་ཞི་བར་གཤེགས། ཞེས་གདན་རབས་ལས་བཤད་པ་འཐད་དམ། ཁྲི་རིན་པོ་ཆེ་འོད་ཟེར་གྱིས་བཅུ་བཞི་གསུངས་པའང་ཆད་ལྷག་གིས་ཡིན་འགྲོ། དགུང་ཞག་གི་རིང་འོད་གསལ་དུ་བཞུགས་ཤིང་། དགུན་དུས་སུ་མེ་ཏོག་གི་ཆར་པ་ལ་སོགས་པ་ངོ་མཚར་བའི་ལྟས་ཁྱད་པར་དུ་འཕགས་པ་བྱོན་པར་ཆོས་འབྱུང་དང་། གདན་རབས་དང་། ངག་རྒྱུན་ལ་གྲགས་ཆེ། ཐུགས་རྟེན་གྱི་དངུལ་གདུང་ནི། རྗེ་ཞ་ལུ་པའི་དངུལ་གདུང་གི་གཡས་ན་བཞུགས།

        དེའི་སྐུའི་སྐྱེ་བའི་རབས་ནི། བ་སོ་སྤྲུལ་སྐུ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། དེའི་སྐྱེ་བ་རྟ་ཚག་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང་། དེའི་སྐྱེ་བ་ངག་དབང་དཀོན་མཆོག་ཉི་མ་དང་། རྗེ་དྲུང་རིན་པོ་ཆེ་བློ་བཟང་དཔལ་ལྡན་རྒྱལ་མཚན་སོགས་བོད་དང་རྒྱ་སོག་གི་ཡུལ་རྣམས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་བཞིན་པའོ། །

        ཁྲི་ཐོག་བདུན་པ་བློ་གྲོས་བརྟན་པ་ནི། གཙང་གི་ཤངས་མགྲོན་ཁང་དུ་བལྟམས་ཏེ་ཆེ་གནས་རྙིང་དུ་རབ་ཏུ་བྱུང་སྟེ་རྗེ་ཡབ་སྲས་གསུམ་བསྟེན་ཞིང་གསང་ཕུའི་ཁུ་སྤེ་གྲྭ་ཚང་དང་དགའ་ལྡན་བྱང་རྩེར་འཆད་ཉན་མཛད་ནས་དོན་གཉིས་བཞེས་ཚེ་གསེར་ཁྲིར་བྱོན་ཞིང་། བྱམས་ཆོས་འགྲེལ་བ་རྣམ་འགྲེལ་ལམ་བསྒྲིགས་སོགས་རྩོམ་ཀྱང་མང་ལ་དོན་བདུན་བར་དུ་བཞུགས་སོ། །

        ཁྲི་ཐོག་བརྒྱད་པ་སྨོན་ལམ་དཔལ་ལེགས་པའི་བློ་གྲོས་ནི། ཤིང་ཕོ་རྟ་ལོར་གཡས་རུ་བྱང་དུ་འཁྲུངས། རྗེ་དགེ་འདུན་གྲུབ་པ་བསྟེན་ནས་གསུང་རབ་ལ་སྦྱངས། རྗེ་བཙུན་ཤེས་རབ་སེང་གེ་ལ་རྒྱུད་འགྲེལ་གསན། མདོ་སྔགས་གཉིས་ཀ་ལ་མཁས། རྩེ་ཐང་དུ་པོ་ཏི་སུམ་ཅུ་རྩ་དྲུག་གི་གྲྭ་སྐོར་མཛད། མཁས་པའི་བྱ་བ་རྣམ་གསུམ་ལ་མཁས་པས་རབ་འབྱམས་པའི་མཚན་ཐོབ།

        གསང་ཕུར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་དང་འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་ལ་ཆོས་འབྲེལ་རེ་ཞུས་ནས་གཙང་ལ་བྱོན་པས། གཙང་པོ་ལྷོ་ཁའི་ཆོས་གྲྭ་ཆེན་མོ། བཀྲ་ཤིས་ལྷུན་པོ། གསེར་ཁང་གོང་རྣམས་སུ་བཤད་ཉན་མཛད། སླར་དབུས་སུ་ཕེབས། སེ་རའི་རྒྱ་གྲྭ་ཚང་། ཤར་གྱི་མཚན་ཉིད་ཁང་། ཐང་སྐྱ་རྣམས་སུ་འཆད་ཉན་མཛད་པས་སློབ་མ་མཁས་པ་མང་དུ་བྱུང་། རྣམ་འགྲེལ་གྱི་ཊིཀྐ་བརྩམས། དེ་ནས་ཤར་དུ་ཕེབས། ཁུ་སྟོན་གྱི་སྐྱེ་བར་ཞལ་གྱིས་བཞེས། དགུང་ལོ་རེ་བདུན་པ་ལྕགས་ཕོ་བྱི་བའི་ལོར། དགའ་ལྡན་གྱི་ཁྲིར་ཕེབས། དེ་དུས་བསྟན་དགྲ་དཀོན་མཆོག་གི་དཀོར་ལ་རྔམས་པའི་སྡེ་པ་དོན་ཡོད་རྡོ་རྗེ་ཞེས་པས་དགའ་ལྡན་དངུལ་གདུང་གི་བླ་རེ་གོས་ཁ་ཆེ་ལེགས་ཁྱད་འཕགས་དེ་ལེན་པར་དམག་ལན་གཉིས་འོངས་པ་ཆོས་རྗེ་འདིས་མགོན་པོའི་གཏོར་ཆེན་རེ་རེ་འཕངས་པས། དམག་ལ་ནད་རིམས་ཀྱིས་ཤི་ཆད་དང་ཆོ་འཕྲུལ་ཆེ་བར་བྱུང་ནས་ཕྱིར་ལོག

        ད་བླ་མ་དེ་ཡོད་རིང་མི་དེ་ཐུབ་ཀྱང་ལྷ་དེ་མི་ཐུབ་པར་སྣང་སྨྲས་སྐད། དེའི་དོན་གྱིས་མཁན་ཆེན་རྒྱལ་བ་གོང་མ་ཆེན་པོས་ཀྱང་མཐུ་སྟོབས་དབང་ཕྱུག་ཅེས་རྒྱལ་རབས་སོགས་སུ་བསྔགས། དེའི་ཕྱི་ལོ་འབྲས་སྤུངས་ཀྱི་ཁྲིར་ཕེབས་ཤིང་། དགོན་ཆེན་པོ་གཉིས་ཀར་ཆོས་ཀྱི་འཁོར་ལོ་བསྐོར། རྒྱལ་བ་བྱམས་པའི་ཕོ་བྲང་བཞེངས། དགུང་ལོ་དོན་བདུན་པ་ལྕགས་ཁྱི་ལ་ཟུར་བཞུགས་དང་། དོན་བརྒྱད་པ་ལྕགས་ཕག་ལོའི་ཧོར་ཟླ་བཅུ་གཅིག་པའི་གཉིས་ལ་པོ་ཏ་ལར་སྐུ་གཤེགས། བླ་མ་འདིའི་སྐུ་གོང་མ་ཇོ་བོའི་སློབ་མ་ལེགས་པའི་ཤེས་རབ། སྟོན་པའི་དུས་སུ་རྒྱལ་པོ་གསལ་རྒྱལ། དེ་ནས་གནམ་སྐྱོང་བདག་པོ་ཆེན་པོ་སྟེ་རྒྱལ་སྲིད་ཀྱི་ཁྲི་ཆེན་པོར་བཞུགས་ནས་བསྟན་འགྲོའི་དོན་མཛད་པ་ཡིན་ཞེས་གསུངས། འདི་ཡན་འཇམ་དབྱངས་གཙང་པ་བདུན་རྒྱུད་ཡིན་ནོ། །      

                                                                                                                           རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།