རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-01 21:59:31     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་ལན་གཅིག་ང་རང་འགྲོ་བའི་འདུན་པ་བྱས་ན་ལེགས་པ་འདྲ། ངའི་བླ་མ་དེ་ལ་མཆོད་པ་ཕུལ་ཅིང་གསོལ་བ་བཏབ་ན་དྲག་པ་འདྲ། དེའི་དུས་སུ་འབྱོན་དུ་རེ། དེ་ཙ་ན་རྗེ་བླ་མ་གང་དུ་བཞུགས་ཀྱང་ཞུ་ལ་ཞུ་རྒྱུ་གཞན་འགའ་ཞིག་ཡོད་སྙམ་དུ་དགོངས་ནས། གསེར་གྱི་མཎྜལ་དང་བཅས་པའི་མཆོད་པ་ཤིན་ཏུ་བཟང་བ་བློར་མི་ཤོང་བ་ཙམ་གྱི་མཐའ་མུ་མེད་པ་གཅིག་བཤམས་ལ། ཕ་དུས་གསུམ་གྱི་སངས་རྒྱས་འགྲོ་བ་མགོན་མེད་ཀྱི་སྐྱབས་གཅིག་པུ་རྗེ་བཙུན་འཇམ་དབྱངས་འགྲན་གྱི་དོ་མེད་རྡོ་རྗེ་འཆང་ཅེས་གསོལ་བ་ཐུགས་ཀྱི་དཀྱིལ་ནས་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་པས་རྗེ་བླ་མ་སྤྲིན་དཀར་པོ་གསར་པ་ཕུང་པོ་གཅིག་གི་དབུས་སུ་རབ་ཏུ་བྱུང་བ་སྔར་གྱི་ཆ་ལུགས་སུ་བྱོན་ནས། བུ་ད་ནི་མྱུར་དུ་འོང་བའི་གྲབས་ཀྱིས་བདག་གིས་བསུ་མཁན་གཏོང་གསུངས་པ་ལ། རྗེ་བླ་མ་ད་ལྟ་གང་ན་བཞུགས་ལགས་བདག་ཀྱང་དེར་འོང་བ་ལགས་ཞུས་པས། སྤྱིར་ངའི་སྤྲུལ་པ་མཁའ་སྤྱོད། དགའ་ལྡན། འཛམ་བུ་གླིང་སོགས་མང་པོར་ཡོད་པ་ཡིན། ད་ལྟ་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་རྡོ་རྗེ་འཛིན་པ་སྟོང་ཕྲག་བརྒྱད་བརྒྱ་རེ་ཙམ་ལ་སྔ་དྲོ་དབུ་མ་དང་ལམ་རིམ། ཕྱི་དྲོ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་འཆད་ཀྱིན་ཡོད། ཁྱེད་ཀྱང་དེར་འོང་བའི་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་བར་ཐོབ་རིང་པོ་མི་ཐོགས་པར་འཕྲད་པ་ཡིན་གསུང་།

        འོ་ན་རྗེ་བླ་མ་ལ་གུས་པའི་གདུལ་བྱ་གཞན་གྱིས་ཀྱང་གསོལ་བ་དྲག་ཏུ་བཏབ་ཅིང་སྨོན་ལམ་ཤུགས་ཅན་བཏབ་ན། ཞིང་དེར་སྐྱེ་ཞིང་གསུང་གི་བདུད་རྩི་མྱོང་ངམ་ཞུས་པས། ཁོ་བོ་དང་རྗེ་བཙུན་འཇམ་དབྱངས་དབྱེར་མེད་དུ་གསོལ་བ་བཏབ་ན་ཞིང་དེར་སྐྱེ་ཞིང་རྗེས་སུ་འཛིན་པ་འོས་མོད་ཀྱང་གསོལ་བ་འདེབས་མཁན་མེད་པས་ལན་གསུང་ངོ་། །འོ་ན་བླ་མ་དང་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུ་ལ་ཇི་ལྟར་དགོས་ལགས་ཞུས་པས། ཁོ་བོ་དང་རྗེ་བཙུན་འཇམ་དབྱངས་དབྱེར་མེད་ཀྱིས་རྗེས་སུ་འཛིན་པའི་རྒྱུ་ཐུན་མོང་མ་ཡིན་པ་ལ་ངེས་འབྱུང་། བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་པར་དག་པ་གསུམ་རྒྱུད་ལ་སྐྱེད་ཅིང་དེ་ལ་མོས་པ་གཅིག་དགོས་གསུང་།

        གཞན་ཇི་ལྟར་དགོས་ཞུས་པས། རྗེ་བཙུན་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་དབྱེར་མེད་འབྲལ་མི་རུང་དུ་གསོལ་བ་དྲག་ཏུ་འདེབས་པ་དང་། བསྟོད་ཅིང་སྨོན་ལམ་ཁ་ཙམ་མིན་པ་འདེབས་པ་དང་། ལས་འབྲས་ལ་ཡིད་ཆེས་པའི་དང་བ་བསྒོམ་པ་དང་། སྟོབས་བཞིའི་སྒོ་ནས་སྡིག་ལྟུང་ལ་བཤགས་བསྡམ་བྱེད་པ་སོགས་བྱས་ན་རྗེས་སུ་འཛིན་ཅིང་ཞིང་དེར་སྐྱེ་བར་ཐེ་ཚོམ་མེད་གསུང་། དེར་རྗེ་བླ་མའི་སྐུ་མདུན་དུ། རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དཔལ། །མོས་གུས་སྙིང་ནས་ཡིད་ཀྱིས་གསོལ་འདེབས་ན། །ཁྱེད་རང་གང་དུ་བཞུགས་པའི་ཞིང་ཁམས་དེར། །བདག་ཀྱང་མྱུར་དུ་འོང་བར་བྱིན་གྱིས་རློབས། །ཅེས་སྨོན་ལམ་དེ་ལྟར་བཏབ་པོ། །དེ་ནས་བླ་མ་འདི་གཞན་དོན་ལ་ཐེགས་པར་ཐུགས་འདུན་བཏང་ནས་ཡོད་པ་ལ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་བྱོན་ནས། བསྟན་པའི་བདག་པོ་ཁྱོད་མེད་ན་རྗེ་བླ་མའི་བསྟན་པ་རྣམ་དག་འདི་སུས་འཛིན་ན་ཅེས་མི་བཟོད་པ་ཆེན་པོ་མཛད་དོ། །ཡང་གཤིན་རྗེ་ཆོས་རྒྱལ་འཁོར་བཅས་བྱོན་ནས། བདག་རྣམས་ནི་རྗེ་བླ་མའི་བཀའ་བསྲུངས་སུ་གཤིན་རྗེའི་གཤེད་ཀྱིས་དངོས་སུ་བཀའ་བསྒོས་ཤིང་རྗེ་བླ་མས་བདག་ཅག་འཁོར་བཅས་བསུ་བར་བཏང་བ་ཡིན་ནོ། །ཞེས་ཞུས་པ་སོགས་ངོ་མཚར་བའི་རྟགས་མང་པོ་དང་བཅས་དགུང་ལོ་ང་བཞི་པའི་ས་རྟ་ལོར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །

        རྗེ་བླ་མ་འདི་ནི་དགའ་ལྡན་གྱི་གདན་སར་ལོ་བརྒྱད་བཞུགས་ནས་བསྟན་པ་རྒྱ་ཆེར་དར་བར་མཛད་པ་ཡིན་ལ། གསུང་རྩོམ་གྱི་བསྟན་བཅོས་ནི། རྗེ་རིན་པོ་ཆེའི་ཐུན་མོང་གི་རྣམ་ཐར་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ། རྣམ་འགྲེལ་གྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། སྡེ་བདུན་གྱི་དཀའ་འགྲེལ་ཚད་མ་ཡིད་ཀྱི་མུན་སེལ། ཚད་འབྲས་ཀྱི་བཤད་པ་ཆེན་མོ། མངོན་སུམ་ལེའུའི་དཀའ་གནས་ཀྱི་སྤྱི་དོན། སྔ་རྩོམ་ཕར་ཕྱིན་ཊིཀྐ་རྟོགས་དཀའི་སྣང་བ། སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། དབུ་མའི་སྟོང་ཐུན་སྐལ་བཟང་མིག་འབྱེད། དུས་འཁོར་གྱི་ཊིཀ་ཆེན་དེ་ཉིད་སྣང་བ། དུས་ཀྱི་འཁོར་ལོའི་མངོན་རྟོགས་པད་དཀར་ཞལ་ལུང་དཀྱིལ་ཆོག་ཐིག་རྩ། གསང་འདུས་ཀྱི་མངོན་རྟོགས་ལྷན་ཐབས་དང་། དཀྱིལ་ཆོག་ལྷན་ཐབས་སྔ་ཕྱི་གཉིས་ཏེ། དེང་དུས་ཀྱི་འདོན་ཆ་འདི་ཕྱི་མ་དང་མཐུན།

        འདུས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོ། འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན། རྟོག་གསུམ། འཁོར་ལོའི་རྒྱ་གཞུང་རྣམས་སྦྱར་བའི་འཁྲུལ་འཁོར་རྣམ་བཤད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད། འཇིགས་བྱེད། སྐྱེད་རིམ་ཆུང་བ་ཚད་ལ་འདྲིལ་བ་རྗེའི་གསུང་བཞིན་གྱི་ཟིན་བྲིས། དེའི་རྒྱས་བཤད་རྒྱ་གར་གྱི་སྒྲུབ་ཐབས་མཐའ་དག་གི་དོན་གཏན་ལ་འབེབས་པའི་བསྐྱེད་རྫོགས་ཆེན་མོ། བརྟག་གཉིས་ཀྱི་རྣམ་བཤད་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་མཛོད། ཀྱེ་རྡོ་རྗེའི་སྒྲུབ་ཐབས་དང་། དཀྱིལ་ཆོག མཆོད་ཕྲེང་། སྨོན་ལམ། ཤིས་བརྗོད་དང་བཅས་པ། ལུ་ཨི་པའི་དཀྱིལ་ཆོག་བདེ་ཆེན་རོལ་མཚོ། སྔགས་རིམ་གྱི་ལྷན་ཐབས་རྣལ་འབྱོར་རོལ་བའི་དགའ་སྟོན། ཡེ་ཤེས་མགོན་པོའི་གཏོར་ཆོག་དང་། གཏོར་བཤད་ཆེན་མོ། བསྙེན་བསྒྲུབ་ལས་གསུམ་གྱི་རྣམ་བཞག བེའུ་བུམ་ནག་པོ་ཤོག་དྲིལ་བཅུ་གསུམ་དང་། ཡིག་ཆུང་དམར་ནག དེ་དག་གི་དཔེ་རིས་དང་། འཁོར་ལྔའི་དགོས་སྒྲུབ་རེ། སྦྲག་སྒྲུབ་སོགས་དང་། མགོན་པོའི་བསྟོད་པ། ལྷ་མོའི་བསྟོད་པ། མགོན་དཀར་གྱི་སྒྲུབ་ཐབས་དང་། རྗེས་གནང་དང་ལོ་རྒྱུས་སྦྲག་པ་སོགས་དང་།

        གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཕྱི་སྒྲུབ་མ་ཧེའི་ཞལ་ཅན་དང་། ཡུམ་ཙ་མུཎྚི། འཁོར་ཕོ་བརྒྱད་མོ་བཅུ་གཉིས་བཅས་པའི་སྒྲུབ་ཐབས། ནང་སྒྲུབ་ཁྲོ་ཞལ་ཅན་ལ་འཁོར་བཞིས་བསྐོར་བའི་སྒྲུབ་ཐབས་དང་། ཞལ་གྱི་གཏོར་ཆོག་དང་། གཞན་གྱི་ལོག་རྟོག་སེལ་བྱེད་གནམ་ལྕགས་འཁོར་ལོ། རྩ་ལྟུང་རྣམ་བཤད། དྲིས་ལན་འགའ་ཟུང་། བླ་མ་ལྷའི་བསྟོད་པ་སོགས་པོ་ཏི་བཅུ་ལྷག་ཡོད་ཅིང་། བླ་མ་མང་པོའི་གསུང་ལས་བྱུང་བ་འདིས་ཕྱོགས་གཅིག་ཏུ་བསྒྲིགས་པ་མགོན་པོའི་བེའུ་བུམ་སོགས་ཀྱང་ཡོད་དོ། །

        རྗེ་འདིའི་འཁྲུངས་རབས་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་གནས་བརྟན་རབ་འབྱོར། དེ་ནས་ཤམྦྷ་ལའི་རྒྱལ་པོ་འཇམ་དཔལ་གྲགས་པ། རྒྱ་གར་དུ་པཎྜི་ཏ་ལེགས་ལྡན་འབྱེད། ཨ་བྷྱ་ཀ་ར། བོད་དུ་འགོས་ཁུག་པ་ལྷས་བཙས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། གྲུབ་ཆེན་རྡོ་རྗེ་དཔལ། རྗེའི་ཐུགས་སྲས་མཁས་གྲུབ་རིན་པོ་ཆེ། བསོད་ནམས་ཕྱོགས་གླང་། རྒྱལ་བ་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས། ད་ལྟ་སྤྲུལ་སྐུ་རིན་པོ་ཆེ་བཞུགས་པའི་སྐབས་སོ། །

        སྨྲས་པ། དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །བཤེས་གཉེན་དམ་པ་ཁྱེད་ཀྱིས་རྗེས་བཟུང་ནས། །ཟབ་དང་རྒྱ་ཆེའི་ཆོས་རྣམས་འདོམས་པ་དང་། །འགྲོ་ཀུན་མ་ལུས་ཁྱོད་ཀྱིས་རྗེས་འཛིན་ཤོག །སོ་ཐར་སྡོམ་པས་གཞི་བཟུང་ལམ་རིམ་དང་། །ཁྱད་པར་དབུ་མའི་ལྟ་བ་སྔགས་ཀྱི་ལམ། །ཉེར་འབྲེལ་ཐུབ་དགོངས་ཇི་བཞིན་ཉམས་ལེན་པ། །དགའ་ལྡན་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །

                                                               རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།