རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེ་ལ་རྗེ་བླ་མ་སེང་ཆིབས་དང་སྟག་ཆིབས་ཀྱི་གཟིགས་པ་བྱུང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-01 21:51:05     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་ལན་གཅིག་ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་རྗེ་བླ་མའི་གསུང་རབ་རྣམས་ལ་ཡང་གཟིགས་ཡིག་ཆ་གཞན་རྣམས་ལའང་གཟིགས་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་མདོར་ན་སྔགས་མཚན་ཉིད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གྲངས་ངེས་གོ་རིམ། རྩོམ་པ་པོ་རང་རང་གི་བཞེད་པ། གྲུབ་མཐའ་སྨྲ་བའི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་དངོས་སྟོབས་ཀྱི་རིགས་པས་གསུང་རབ་ཀྱི་དོན་ལ་དཔྱོད་ཚུལ། གྲུབ་པ་ཐོབ་པའི་རྣལ་འབྱོར་བ་རྣམས་ཀྱིས་ལམ་ལ་གནད་དུ་བསྣུན་པའི་བདེ་སྟོང་གི་ཏིང་འཛིན། སྒྱུ་ལུས་དང་འོད་གསལ་སོགས་ཟབ་ལམ་སྔགས་ཀྱི་རྣམ་གཞག དེ་དག་གི་དོན་ཚ་གྲང་ལྟར་འགལ་བ་མ་ཡིན་པར་མ་གི་འདུལ་བའི་ཆབ་དང་རུང་ཆུ་འདེབས་པ་ཡན་ཆད་ནས། སྔགས་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་མན་ཆད་དུ་མན་ངག་ཆུང་ཆུང་ཁ་འཐོར་བར་མ་སོང་བ། གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་རྣམས་དྲིལ་ནས་སྟོན་ཅིང་དེ་ཡང་བསྟན་པ་ཙམ་མིན་པར་འཆད་ཤེས་པ་གཅིག་དང་ཉན་ཤེས་པ་གཅིག་གིས་དཔྱད་ཅིང་ཉམས་སུ་བླངས་ན། དབང་པོར་རབ་འབྲིང་ཐ་མ་གང་གིས་རྒྱུད་ལ་བསྐོར་ཅིང་ཉམས་སུ་བླངས་བས་ཆོག་པ་རང་རང་གི་བློ་དང་འཚམ་པར་སེམས་འདུལ་ལུགས།

        མདོར་ན་བཤེས་གཉེན་བསྟེན་ཚུལ་ནས་མགོ་བཟུང་སྟེ་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ཐེག་པ་ཆེན་པོར་འཇུག་པ། འཇུག་སྡོམ་ཆོ་གས་བཟུང་ནས་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང་གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ལ་སློབ་ཚུལ་སོགས་དེ་ལྟ་བུས་སྣོད་རུང་དུ་བྱས་ནས་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ཟབ་ལམ་རྡོ་རྗེ་ཐེག་པ་ལ་འཇུག་ཚུལ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་ལྟ་བུ། ངའི་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་རྗེ་ཙོང་ཁ་པ་ཆེན་པོ་འདི་མ་གཏོགས་རྒྱ་གར་འཕགས་ཡུལ་དང་བོད་ཀྱིའང་བཀའ་གདམས་པ་དང་ཕྱག་རྒྱ་པ་གཉིས་ཀ་ལ་མ་བྱུང་འདུག་པས་རྗེའི་སྐུའི་ཡོན་ཏན་དྲན་གྲགས་ནས་དད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཁྲུངས། སྤྱན་ཆབ་ཀྱང་ན་བཟའ་བངས་པ་ཙམ་སྟོན་ནས་བདག་གི་ཕ་རིན་པོ་ཆེ། སྐུ་དྲིན་ཅན་སྐུ་དྲིན་འཁོར་མེད་པོ་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་ཁྱེད་ཀྱི་སྐུ་དྲིན་གསོབ་ཏུ་མེད། རྗེ་ཙོང་ཁ་པ་ཅེས་གསོལ་བ་དྲག་ཏུ་བཏབ་པས།

        རྗེ་བླ་མ་སེང་གེ་དཀར་པོ་འཇིགས་སུ་རུང་བ་རིན་པོ་ཆེའི་རྒྱན་བསམ་གྱིས་མི་ཁྱབ་པས་སྤྲས་པ་ལ་ཆིབས་ལ། སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་གཞོན་ནུའི་ཚུལ་ཅན་རལ་པའི་ཐོར་ཚུགས་དང་བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ་བྱང་ཆུབ་སེམས་དཔའི་ཚུལ་དུ་བྱོན་ནས། ངའི་བུ་ངུ་མི་དགོས་ངས་ཆོས་གཅིག་བཤད་གསུངས་ནས་སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་གྱི་རིགས་ལ་སྣ་ཚོགས་འོང་། ཁྱད་པར་ད་ལྟའི་དུས་སུ་མི་རྟག་འཆི་བ་མ་དྲན་ཅིང་ངན་སོང་གསུམ་གྱི་སྡུག་བསྔལ་མ་དྲན་པས། རྙེད་བཀུར་སྙན་གྲགས་ལྟོ་གོས་ཀྱི་བྱ་བ་ཕལ་པ་ལ་ཞེན་ཅིང་ཚེ་འདིའི་བྱ་བ་སྒྲུབ་སྒྲུབ་ནས་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་འདུན་མ་སྒྲུབ་པ་ལྟ་ཞོག སྐྱེ་བ་ཕྱི་མ་འདི་ཇི་ལྟར་འགྱུར་སྙམ་པའང་སེམས་མཁན་དཀོན་པར་འདུག བྱེད་འདོག་ཅུང་ཟད་ཡོད་ཀྱང་ད་ལོ་ལ་ཆོས་རྒྱགས་འདྲ་སོང་དགྲ་འདུལ་ཅིང་གཉེན་སྐྱོང་བའི་མཇུག་སྡུད་འཁྲུལ་སྦྱོར་ཚར་བ་དང་བྱེད་སྙམ་པ་དང་། ཟླ་བ་འདི་ལ་མི་བྱེད་རྟིང་མ་ལ་བྱེད་སྙམ་པ་དང་། དེ་རིང་མི་བྱེད་སང་བྱ་སྙམ་པ་དང་སྔ་དྲོ་མི་བྱེད་ཕྱི་དྲོ་བྱེད་སྙམ་པའི་ཕྱི་བཤོལ་གྱིས་རྒྱང་བསྲིངས་ཤིང་། བྱེད་པར་བཤམས་པའི་ཚེ་ཡང་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྙེད་པར་བཀའ། དེས་བསྟན་པའི་ལེགས་བཤད་དཀའ་ཞིང་གོ་བར་དཀའ། ཤེས་ནས་ཚེ་འདིའི་འདུན་མ་བཙན་ཐབས་སུ་བཅད་ནས་དབེན་པ་བསྟེན་ནས་སྒྲུབ་པ་སྙིང་པོར་བྱེད་པ་ནི་ཉིན་མོའི་སྐར་མ་ལས་དཀོན་པར་འདུག ཁོ་བོས་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ། ཚོགས་བསོག་སྒྲིབ་སྦྱོང་བྱས་གཞུང་ལུགས་ཆེན་མོ་རྣམས་ལས་བརྒལ་ཅིང་ལེགས་པར་བཤད་པའི་ལེགས་བཤད་རྣམས་ལ་བལྟས་ཏེ་ཡིད་ཆེས་པར་བྱས་ལ་དབེན་པར་རྩེ་གཅིག་ཏུ་ཉམས་སུ་བླངས་ན་སངས་རྒྱས་ལག་མཐིལ་ན་ཡོད་པ་ཡིན་ཏེ་བྱེད་མཁན་དཀོན། དེས་ན་བཤད་རུང་གི་གདུལ་བྱ་འགའ་རེའང་སྲིད་པས་དེ་དག་ལ་ཕན་པར་གྱིས། ཁྱད་པར་དུ་ངའི་སྔགས་ཀྱི་ལེགས་བཤད་འདི་ཤིན་ཏུ་རྒྱས་པར་གྱིས་ཅེས་གསུང་ངོ་། །སྐྱེ་བ་ཕྱི་མ་འདི་མྱུར་དུ་རང་འཕྲད་གསུང་ངོ་། །

        ཡང་ལན་ཅིག་བླ་མ་འདི་རྗེ་བླ་མ་དྲན་ནས། ངའི་བླ་མ་དེ་གང་ན་བཞུགས་ཡོད་ན་ནམ་ཞིག་མཇལ་ན་སྙམ་དུ་སྤྱན་ཆབ་མང་པོ་སྟོན་ཅིང་། ཐུགས་གནན་པས་གནོན་མི་ཐུབ་པ་ཙམ་དུ་སྐུ་ལུས་འདར་བས་བ་སྤུ་གཡེང་གཡེང་ཞིང་། རྗེ་བླ་མ་རྗེ་ཙོང་ཁ་པ་ཁྱེད་ཀྱིས་ང་ལ་རང་གཟིགས་དང་ཁྱེད་ཀྱི་བསྟན་པ་འདི་ཡང་བར་སྣང་གི་གློག་གམ། དྲི་ཟའི་གྲོང་ཁྱེར་ལྟར་མྱུར་དུ་རང་སྡུད་པ་འདྲ། ང་ཡང་བླ་མ་ཁྱེད་ཀྱི་ཞབས་དྲུང་དུ་ནམ་ཞིག་ཡོང་ན་ཞེས་གསོལ་བ་དྲག་ཏུ་བཏབ་པས། རྗེ་བླ་མ་སྟག་ཆེན་པོ་འཇིགས་སུ་རུང་བ་ལ་ཆིབས་ནས། རྣལ་འབྱོར་པའི་ཆ་ལུགས་མཛད། སྐུ་མདོག་དམར་པོ་སྤྱན་དང་ཤངས་ཆེ་བ་ཕྱག་གཡས་རལ་གྲི་འབར་བ་ནམ་མཁའ་ལ་འཕྱར། གཡོན་པ་བདུད་རྩིས་གང་བའི་ཀཱ་པ་ལ་ཐུགས་ཁར་བཟུང་། རལ་བ་དཀར་པོའི་ཐོར་ཅོག་ལ་དར་སྔོན་པོས་བཅིངས། རུས་པའི་རྒྱན་གྱིས་བརྒྱན་པ་ཤིན་ཏུ་འཛུམ་ཞིང་བཀྲག་ཆེ་བ་ལ་གྲུབ་ཆེན་བརྒྱད་བཅུས་བསྐོར་ནས་དགྱེས་སོ་བཞིན་དུ་བྱོན་ལ། བུ་ཤེས་པ་འཕྱོ་མི་དགོས་པ་ལའང་ཁྱོད་མིན་པ་བསམ་རྒྱུ་མེད་ཁྱོད་ཀྱང་ང་མིན་པ་སུ་བསམ། ཁྱོད་བཞག་ནས་ང་གང་དུ་འགྲོ་ང་དྲན་ན་སྔགས་མཚན་ཉིད་ཀྱི་ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་ཡིག་ཆ་འདི་རྣམས་ངའི་ཁ་ཆེམས་ཚབ་ཡིན་པས་འདི་རྣམས་ལ་ལྟོས། སྤྱིར་སེམས་ཅན་བསོད་ནམས་ཆུང་ངུ་སོང་ཉོན་མོངས་པ་རགས་བསྟན་པའི་མཇུག་སྡུད་པའི་མགོ་ཡང་བརྩམས་འདུག ཁྱེད་རང་མཁའ་སྤྱོད་འོང་བའི་འདུན་པ་ཐོངས་གསུང་ངོ་། །ལམ་རིམ་གཉིས་སོགས་འདི་དག་ནི་ངའི་ཁ་ཆེམས་ཀྱི་ཚབ་ཡིན་གསུང་པ་དེ་རང་ཅག་གིས་ཀྱང་གོ་དགོས་སོ། །

                                                                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།