རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེ་ལ་རྗེ་བླ་མ་གླང་བཅིབས་ཀྱི་གཟིགས་པ་བྱུང་་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-01 21:41:32     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རྗེ་ཙོང་ཁ་པ་གཞན་དོན་ལ་ཐེག་རྗེས་སུ་བླ་མ་འདིའི་མནལ་ལམ་དང་དངོས་སུའང་ཡང་ཡང་བྱོན་ནས་ཆོས་མང་པོ་གསུང་གིན་ཡོད་ལ། དེ་ཡང་ཉིན་ཅིག་གསུང་ཆོས་གྲོལ་ནས་ནང་དུ་ཕེབས་པ་ཅིག་ལ། ལར་སེམས་ཅན་འདི་རྣམས་སྔོན་བསོད་ནམས་ཆེན་པོ་མ་བསགས་པས་ཡོངས་འཛིན་མཚན་ཉིད་དང་ལྡན་པ་མེད་པས། འདུས་བྱས་མི་རྟག་པར་བསྟན་ན་རྟག་པར་བསྒོམ། ཆོས་རྣམས་ཀྱི་གནས་ལུགས་སྟོང་བར་བསྟན་ན་བདེན་གྲུབ་ཏུ་འཛིན། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པར་བསྟན་ན་འབད་རྩོལ་ཆེར་བཏང་ནས་སྒྲུབ། ཚེ་འདིའི་སྙན་གྲགས་བྲག་ཆ་ལྟ་བུར་བསྟན་ན་ཐོབ་བྱ་མཐར་ཐུག་ཏུ་འཛིན། མདོར་ན་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོའི་སྔགས་མཚན་ཉིད་ཀྱི་ལེགས་བཤད་རྡོ་རྗེ་འཆང་གི་གསང་བའི་གནད་རྣམས་ལ་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པར་མཐའ་ཆོད་པ་གྲུབ་པའི་དབང་ཕྱུག་རྣམས་དང་གཉིས་སུ་མེད་ཅིང་བསྟན་པའི་སྙིང་པོ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་མཐར་ཐུག་པ། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཆེས་དཀོན་པ་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ལ་སྟེར་ནུས་ཀྱི་ལམ་ཟབ་མོ་ལ་རྗེ་བླ་མའི་ཞལ་ཤེས་དང་བཅས་པ་འདི་ལྟ་བུ་ཉིན་མཚན་དུ་འབད་ནས་བཤད་ཀྱང་སྐལ་བ་དང་མི་ལྡན་པ་གསུང་བདུད་རྩིའི་དགའ་སྟོན་ལྟ་བུ་མི་མྱང་བར་ཡོངས་འཛིན་རྗེ་བླ་མ་རྡོ་རྗེ་འཆང་ལྟ་བུ་དོར་ནས། བཤེས་གཉེན་ངན་པ་གླེན་ཅིང་གཏི་མུག་པ་ཅི་ཡང་མ་བསླབས་ཤིང་གང་ཡང་མི་ཤེས་པ། བླང་དོར་གྱི་གནས་ལ་རྨོངས་པ་དམ་པ་བར་མ་ཆད་ཀྱི་མན་ངག་མེད་པ། ཕྱིན་ཅི་ལོག་གི་བཟོ་འབའ་ཞིག་གིས་འཁྱེར་བ། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་དང་བྲལ་བས་ལོག་ལྟའི་གཅོང་རོང་དུ་ཤོར་བ། ལྷག་པའི་ལྷས་རྗེས་སུ་བཟུང་བ་མེད་པས་ལམ་ལོག་པར་སྟོན་པའི་བདུད་དང་བར་ཆོད་ཀྱིས་འཁྱེར་བ། ཐོབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོང་འཕང་དོར་ནས་འགྲོ་ས་ངན་སོང་གསུམ་དུ་ལྟུང་བ། ཚེ་འདིའི་རྙེད་བཀུར་དང་འདོད་ཡོན་དུ་གཉེར་བའི་རྗེས་སུ་འབྲང་བ། ངོ་ཚ་དང་ཁྲེལ་མེད་ལ་ཡོན་ཏན་དུ་བྱས་མི་ཚེ་ཧྲིལ་པོ་གཏི་མུག་གིས་ཅང་མེད་ཅི་མེད་བསྒོམ་པ་ལ་སྒྲུབ་ཚུགས་སམ་དགེ་སྦྱོར་དུ་བྱས་པའི་བཤེས་གཉེན་དུད་འགྲོ་ལྟ་བུ་གཅིག་གི་མདུན་དུ་ཁ་གསག་དང་གཞོགས་སློང་། རྙེད་པ་དང་བསྐུར་སྟི། སྙན་པ་དང་གྲགས་པ། ངག་འཁྱལ་དང་ཀུ་ཅོ། དམག་དང་ཆོམ་རྐུན་གྱི་གཏམ་བདག་བསྟོད་དང་གཞན་སྨོད་ཀྱི་ཚིག་རེ་ཉན་གྱིན་ཉམས་ལེན་དང་ཀུན་སྤྱོད་ཁྱི་ཕག་ལྟར་རོལ་བ་ཨེ་མ་འདི་ལྟ་བུ་ཤེས་པ་སོ་ན་གནས་ཤིང་བླང་དོར་གྱི་གནད་ཤེས་པ་གཅིག་གིས་སེམས་རྣལ་དུ་ཕོབ་ལ་ལྟོས་དང་། གཏམ་དྲང་པོར་སྨྲས་ན་ནི་ཟོག་པོའི་མཚང་ལ་ཕོག མ་སྨྲས་ན་སེམས་ཅན་འདི་རྣམས་ལ་སྙིང་བརྩེ་བས་མ་བཟོད་ཅིང་ད་དུང་འདི་རྣམས་ཀྱི་རྗེས་འཇུག་དགག་པའི་ཕྱིར་སྨྲས་པ་ཡིན།

        ལར་འཆི་བ་ནི་མ་དྲན། ཚེ་འདིའི་རྙེད་བཀུར་གྱིས་གཡེངས། འདོད་ཡོན་གྱི་འགོང་པོས་ནི་ཁྱེར། ལོག་པའི་ལམ་ལ་འཇུག་པའི་སེམས་ཅན་འདི་རྣམས་ལ་གཟིགས་དང་ཅེས་ཐུགས་ཤིན་ཏུ་སྐྱོ་ཞིང་སྤྱན་ཆབ་མང་པོ་ཤོར་ལ། དེའི་ཚེ་མཆོད་པ་བཟང་བ་བཤམས་ནས་རྗེ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་བཤུམས་པས། རྗེ་བླ་མ་གླང་པོ་ཆེ་དཀར་པོ་ཅང་ཤེས་ཡན་ལག་བདུན་དང་ལྡན་པ་ལོ་དྲུག་ཅུ་ལོན་ཅིང་མཆེ་བ་དྲུག་ཡོད་པ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་ལ་ལུས་གསེར་གྱི་དྲ་བས་གཡོགས་ཤིང་གསེར་གྱི་དྲིལ་བུ་བསམ་གྱིས་མི་ཁྱབ་པས་སྤྲས་ཤིང་སྣ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གཅིག་ལ་ཆིབས་ནས་རྗེ་བླ་མ་རང་གི་ཚུལ་དུ་བྱོན་ནས། ངའི་བུ་སེམས་མ་བདེ་མི་དགོས་བླ་མ་དྲན་བྱ་བ་སྔར་བསགས་ཀྱི་སྡིག་པ་སྟོབས་ཆེན་འདག་ལ། བསོད་ནམས་ཀྱི་ཚོགས་བསམ་ཀྱིས་མི་ཁྱབ་པ་བསོག་ནུས་པ་ངེད་རང་དཔོན་སློབ་ཀྱི་འདུན་པ་རྩ་བ་ནས་ལེགས་པ་ཡིན།

        རྣལ་འབྱོར་གྱི་དབང་ཕྱུག་མི་ལས་ཀྱང་། བླ་མ་དྲན་ནས་བླ་མ་དྲན་དྲུག་གི་མགུར་ལ་སོགས་མཛད་པ་ཡིན། ངའི་བསྟན་པ་འདི་རྒྱས་པར་གྱིས་ཅེས་གསུང་ངོ་། །ཡང་ལན་གཅིག་ལྟ་བའི་གནད་ཤིན་ཏུ་ཕྲ་བ་འགའ་ཞིག་དང་། བསྐྱེད་རྫོགས་ཀྱི་གནད་ཁྱད་པར་ཅན་ཅིག་བྱུང་བ། བདག་གི་རྗེ་བླ་མ་དེ་བཞུགས་ན་ཞུ་བ་ཡིན་པ་ལ་རྗེ་བླ་མ་ནི་མི་བཞུགས་ཐག་ཆོད་པའི་ཞུ་ས་གཞན་ནི་མེད་བདག་གི་རྗེ་བླ་མ་དེ་བཞུགས་ན་དགའ་བ་ལ། ང་ཡི་བླ་མ་དེ་གང་ན་བཞུགས་ཡོད་ན་སྙམ་དུ་དགོངས་ནས་ཐུགས་སྐྱོ་ཞིང་ཕྱོགས་གཞན་དུ་བྱོལ་བྱུང་བས། མཎྜལ་དང་བཅས་པའི་མཆོད་པ་བཟང་བ་གཅིག་ཕུལ་ནས། ཕ་བླ་མ་རིན་པོ་ཆེ་རྗེ་བླ་མ་ཙོང་ཁ་པ་ཞེས་ཆོ་ངེ་ཆེན་པོས་གསོལ་བ་བཏབ་ཅིང་སྤྱན་ཆབ་སྟོན་པས། རྗེ་བླ་མ་ནོར་བུ་མུ་ཏིག་བཻཌཱུརྱ་ལ་སོགས་པས་སྤྲས་པའི་ཁྲི་ལྷའི་བུ་མང་པོས་བཏེག་པ་ཅིག་གི་སྟེང་དུ་བྱོན་ནས། དཀའ་བའི་གནད་རྣམས་མ་ལུས་པ་དེ་བཅད། བཀའ་རྗེས་གནང་ཀྱང་མང་པོ་གནང་། གཞན་ཡང་ཆོས་མང་པོ་གསུངས་སོ། ། 

                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།