རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-01 21:31:57     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་ལན་གཅིག་གུར་གྱི་མགོན་པོ་བྱོན་ནས། ཁྱོད་ས་སྐྱ་འདི་བློས་མ་གཏོང་ས་སྐྱར་སྡོད་ཅེས་གསུང་ངོ་། །དེར་བླ་མས་ས་སྐྱར་སྡོད་པ་ལ་ལྟ་སྤྱོད་རྣམ་དག་གཅིག་ཡོད་ན་སྡོད་མོད། བླ་མ་གོང་མའི་གྲུབ་མཐའ་ནི་མེད་ཕྱི་རབས་ཀྱི་གདུལ་བྱ་ནི་འདི་བཞིན་དུ་སོང་འདུག གཙུག་ལག་ཁང་རྣམས་ནི་བུད་མེད་བོང་བུ་བ་ལང་ཕྱུགས་མས་གང་། སྐྱོ་ས་འདི་རུ་སུ་སྡོད་ཚུགས། ལུས་ཀྱིས་མ་བསྡད་ཀྱང་སེམས་ཀྱིས་བཟུང་ཡོད། ཁྱད་པར་དུའང་ཚེ་ཐུང་འདི་ལ་རྗེ་བླ་མ་གར་བཞུགས་སུ་སྡོད་བསམ། ཁྱེད་ས་སྐྱའི་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་འབུལ་གིན་ཡོད་ཞུས་པས། བསྟན་པ་ནུབ་སར་སྡོད་དགོས་པ་ཡིན་དེར་སར་གང་བྱས་ཀྱང་ཡོད་མོད། ང་ཡང་འདི་ན་ལྟ་སྤྱོད་ལ་བལྟས་ནས་བསྡད་པ་མིན། བླ་མ་སྔ་མའི་བཀའ་དང་དམ་ཚིག་ཡོད་པས་བསྡད་པ་ཡིན།

        གཞན་ངེད་ཅག་འཁོར་བཅས་ཁྱོད་ཀྱི་བླ་མའི་རྗེས་སུ་འབྲང་གིན་ཡོད། ས་སྐྱ་པ་རྣམས་ཁྱོད་ལ་གཏན་ནས་མི་དགའ་བ་འདུག ང་ལ་གཏོར་མ་བྱིན་ནས་བློ་བཟང་གྲགས་པ་ཡབ་སྲས་དང་ཁྱད་པར་ཁྱོད་ལ་གནོད་པ་ཅི་ཁྱོལ་གྱིས་ཟེར། ཁོང་ཚོའི་ངོམས་ཆོག་པ་དང་བླ་མ་སྔ་མའི་བཀའ་བསྒོ་དྲན་ནས་ཁ་རག་ཚུན་ཆད་དུ་འཇིགས་པའི་ཆ་ལུགས་ཀྱིས་འོངས་སླར་ལོག་ཕྱིན་ཅེས་གསུང་། ཡང་ཞལ་བཞི་པ་བྱོན་ནས་མི་ཁྱོད་ཀྱིས་ས་སྐྱའི་སྲོལ་འཛིན་དགོས་རྒྱུ་ཡིན་པ་ལ་སྟོངས་འཇུག་པ་ཨེ་ཡིན། མི་ཁྱོད་མི་སྡོད་ན་ང་ཡང་ཁྱོད་གར་འགྲོའི་ཕྱིས་འགྲོ་ཅེས་གསུང་ངོ་། །ཡང་ས་སྐྱའི་བུ་ཊ་དང་བསྟན་མ་བྱོན་ནས་མི་ཁྱོད་མཐོ་འགྲོགས་པ་འདུག རྗེ་བཙུན་བློ་བཟང་གྲགས་པ་མི་འཇིགས་པ་སུས་མ་ཤེས། རང་གི་བརྒྱུད་པ་མི་འཛིན་པར་མཐོ་འགྲོགས་བྱེད་པ་ཨེ་ཡིན། སྤྲང་པོ་ལ་ཕྲོགས་ནས་ཕྱུག་པོ་ལ་སྟེར་བ་དེར་ས་སྐྱ་པ་འདི་བཞིན་དུ་སོང་། །རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ས་ཆེན་ཀུན་དགའ་རྒྱལ་མཚན་ནི་མི་བཞུགས། ཁྱོད་ཀྱིས་ཨེ་འཛིན་སྙམ་ནའང་འཕོངས་ཕྱིས་པའི་རྡོ་བཞིན་དུ་བསྐྱུར་བ་ས་སྐྱ་འདི་སུས་འཛིན་ན་ཅེས་ངུ་ཡིན་འདུག་གོ །དེར་བླ་མས་ཁྱེད་གཉིས་ངུ་མི་དགོས་ས་སྐྱའི་གྲུབ་མཐའ་ངས་འཛིན། ཡི་དམ་དགྱེས་པ་རྡོ་རྗེ་ཡང་ངས་སྟེན། ཆོས་སྐྱོང་ཆེ་ཆུང་གཉིས་ལ་ཡང་གཏོར་མ་ངས་འབུལ་བ་ཡིན། ཁྱེད་གཞི་བདག་ཉིད་ལ་གཏོར་མ་ཡང་ངས་སྟེར་བ་ཡིན་བྱས་པས། མི་བྱེད་པའི་ཁས་བླངས་ཀྱིས་ཅི་བྱེད། ང་བྱ་ཐབས་མེད་ཟེར་ནས་ལོག་སོང་། ཡང་ལན་གཅིག་དབྱངས་ཅན་མ་བྱོན་ནས། ང་རྗེ་བཙུན་འཇམ་དབྱངས་ཀྱི་ཡུམ་ཡིན་སྒྲ་སྙན་ངག་ལ་མཁས་པར་འདོད་ན་ཁོ་མོ་བསྟེན་གསུང་ངོ་། །

        ཡང་དབྱངས་ཅན་མ་བྱོན་ནས། ངས་ཤེས་མར་སྟེ་རྗེ་བླ་མའི་འོག་ནས་སྒྲ་སྙན་ངག་ལ་ཁྱོད་རང་མཁས་སོ་ཅེས་གསུང་ངོ་། །གཞན་ན་ཁྱོད་ལས་ལྷག་པ་མེད། འོན་ཀྱང་ང་རྒྱལ་མ་ཆེ་དགྲ་མང་པ་ཡིན་ཅེས་གསུང་ངོ་། །ཡང་ལན་གཅིག་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་བྱོན་ནས། ཤཱས་ནའི་སྔགས་བགྲང་ཞིང་བསྐོར་བ་བྱས་ལ་ཁྱོད་ཀྱིས་ངའི་ཡིག་ཆ་ལས་ཁ་ཚར་དང་བཅས་པ་ཚང་མ་རྩོམས་གསུང་ངོ་། །ཡང་ལན་ཅིག་གཤིན་རྗེ་ཆོས་རྒྱལ་ལ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བ་བྱོན་ནས། བདག་ཅག་རྣམས་ནི་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་རྗེ་བླ་མའི་བཀའ་སྲུང་ཡིན། དེར་རྣམས་ཀྱིས་རྗེ་བླ་མའི་བསྟན་པ་སྲུང་ཞིང་རྗེ་བླ་མའི་བསྟན་འཛིན་རྣམས་ཀྱིས་ངེད་ཅག་འཁོར་བཅས་བསྟེན་ཅིང་སྒྲུབ་དགོས་པ་ཡིན་གསུང་ངོ་། །ཁྱད་པར་ཆོས་རྒྱལ་ནང་སྒྲུབ་མ་ཧེའི་གདོང་པ་ཅན་བཞིས་བསྐོར་བ་བྱོན་ནས། ཁོ་བོ་ནི་གཤིན་རྗེ་གཤེད་ཀྱིས་རྗེ་བླ་མའི་བཀའ་བསྲུངས་སུ་བཀའ་བསྒོས་པ་ཡིན། ཁྱོད་རྣམས་ཀྱིས་བདག་ལ་ཡིད་བརྟན་པར་བྱོས་ཤིག བདག་གིས་ཀྱང་རྗེ་བླ་མའི་བསྟན་པ་སྲུང་བ་ཡིན་ཞེས་གསུང་ཞིང་ཕྱི་སྒྲུབ་ཀྱིས་དབྱུག་ཏོ་ཕྱག་ཏུ་གཏད་བྱུང་ངོ་། །

        སྐུ་ཚེ་སྔ་མ་གཅིག་ལ་རྒྱལ་བ་མ་ཕམ་པ་བྱོན་ནས། ལྷོ་འཛམ་བུ་གླིང་དུ་སྟོན་པ་དངོས་དང་ཁྱད་པར་མ་མཆིས་པའི་ཤཱཀྱ་མུ་ནེའི་བསྟན་པ་ཉི་ལྟར་གསལ་བའི་ཕྱིར་དུ་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་རྒྱལ་བ་སྲས་བཅས་ཀྱི་མིག་གི་བདུད་རྩིའམ་སྙིང་གི་ཐིག་ལེ་ལྟ་བུ་གཅིག་འབྱོན་པར་ཡོད། ཁྱོད་ཀྱིས་ཀྱང་དེའི་བསྟན་པ་རྒྱས་པར་གྱིས་ཞེས་གསུང་ངོ་། །འདི་ལ་རིགས་པས་བརྟགས་ན་རྗེ་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་རྗེ་བཙུན་བྱམས་པས་བསྒྲུབས་སོ། ། ཡང་ལན་ཅིག་མགོན་པོ་ཞལ་བཞི་པ་བྱོན་ནས། ས་སྐྱ་པ་རྣམས་ཀྱིས་བདག་ཉིན་མཚན་དུ་བསྒྲུབས་ནས་ཁྱོད་ལ་གཏོར་ཟོར་ནར་མར་འཕེན་གྱིན་འདུག བླ་མའི་བཀའ་བསྒོ་དང་ཁོང་ཚོས་རྦད་པའི་སྣ་ལ་འོངས་ཁྱོད་ཀྱི་རྩར་སླེབས་པ་དང་། ཨ་ཙ་མ་བསྟན་པ་འཛིན་མཁན་གཅིག་འདུག་པ་འདི་མེད་ན་ཅི་ཙུག་བྱེད། ཀླུ་སྒྲུབ་ཀྱི་ལྟ་བ་ནས་ལེགས་པར་བརྒྱུད་པའི་རྗེ་བླ་མ་ཡབ་སྲས་ལ་གནོད་པ་བསྐྱལ་ནས་སུ་ལ་སྐྱོ་བ་སྙམ་ནས་ལོག་ཕྱིན། འོན་ཀྱང་མི་ཁྱོད་ལྷོད་ནས་མ་སྡོད་པར་ཟོན་རེ་གྱིས་གསུང་ངོ་། །

        ཡང་མགོན་པོ་ཞལ་བཞི་པ་བྱོན་ནས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་འདི་བསྟན་པའི་སྲོག་ཤིང་དུ་འདུག་ཅིང་ཁྱད་པར་ཀླུ་སྒྲུབ་ཀྱི་ལྟ་བ་རྣམ་དག་འདི་མིན་པ་སུས་ཀྱང་ཤེས་པ་མི་འདུག་པས་འདི་ལ་འཁོར་གྱིན་ཡོད་ནའང་གཏོར་མ་རེ་ཡང་སྟེར་མ་ཉན་ཨ་རེ་ཚིག་པ་ཟ་རེ་བྱུང་གསུང་ངོ་། །ཨ་བྷྱ་ཀ་རར་གྱུར་པ་སོགས་འདི་ཡན་གྱི་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་རིམ་པ་དང་། འོག་ནས་འབྱུང་བའི་རྗེ་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་སུ་ལན་ལྔ་མཇལ་བའི་སྐོར་རྣམས་ནི་རྗེ་ཆོས་ལྡན་རབ་འབྱོར་གྱིས་མཛད་པའི་རྣམ་ཐར་ནས་འབྱུང་བ་བཞིན་ཚིག་ཟུར་མ་ཉམས་པར་བྲིས་པ་ཡིན་ནོ། ། 

                                                               རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།