རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-28 21:56:21     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        འདིས་མཁས་གྲུབ་རྗེ་ལ་སྨད་པ་སོགས་ལས་བརྩམས་ཏེ་ཡི་གེར་བཀོད་པའི་གསུང་ནི་འདི་ལྟར་རོ། ། ཨོཾ་སྭསྟི། གང་གི་བཀའ་དྲིན་དྲན་པས་བདག་གི་ཡིད། །ཤིན་ཏུ་བརྟན་པ་ཉམས་པའི་དད་པ་ཡིས། །བླ་མེད་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །རང་གི་ཡིད་ལ་གཅགས་པའི་གཏམ་འདི་གླེང་། །སྨྲས་པ། འདི་ན་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །དགོས་འདོད་ཀུན་འབྱུང་དཔག་བསམ་ལྗོན་པ་ཡང་། །ཁ་ཟས་དོན་གཉེར་བླུན་པོའི་ཚོགས་རྣམས་ཀྱིས། །བུད་ཤིང་ཆེད་དུ་ཆུད་གཟོན་བྱེད་པར་ཟད། །མདོ་རྒྱུད་གསུང་རབ་མཁའ་ལ་ཐོགས་མེད་པའི། །ལེགས་བཤད་འོད་སྟོང་ལྡན་པའི་ཉིན་བྱེད་ཀྱང་། །དུས་མཐར་ལས་ཀྱིས་ས་ལ་ལྷུང་བ་ན། །རྩྭ་སྒྲོན་ཙམ་གྱི་བྱ་བའང་བྱེད་མ་ཡིན། །སྐྱོན་ཡོན་འབྱེད་པའི་བློ་གྲོས་མིག་ལོང་ནས། །བླུན་པོའི་ཚིག་རྗེས་འབྲང་ལས་གཞན་མེད་པས། །རང་གི་ལག་ཐོགས་ནོར་བུ་རིན་ཆེན་ཡང་། །ཕྱག་དར་ཕུང་པོའི་རྡོ་དང་མཚུངས་པར་མཐོང་། །སེམས་རྟ་དམུ་རྒོད་འཕྲལ་དུ་དུལ་བྱེད་པ། །ཕུལ་བྱུང་དམ་པའི་ཆོས་ཀྱི་དགའ་སྟོན་ཡང་། །ངན་སྐྱུགས་དོན་གཉེར་ཁྭ་ཏའི་ཚོགས་རྣམས་ཀྱིས། །པདྨོའི་རྩ་ལག་བཞིན་དུ་འབད་པས་སྤོངས། །སངས་རྒྱས་ལས་ཀྱང་དཀོན་པའི་གདམས་པ་མཆོག །ཚང་ལ་མ་ནོར་སྔོན་མེད་བདུད་རྩིའི་རྒྱུན། །དཀའ་སྤྱད་ལྟོས་མེད་བརྩེ་བས་བྱིན་ན་ཡང་། །སྐལ་ངན་སྐྱེ་བོ་དུག་ལྟར་འགལ་བར་འཛིན། །རླབས་ཆེན་ལུང་རིགས་བཤད་པའི་གྲུ་སྦྱར་ནས། །གཞུང་ལུགས་ཆུ་གཏེར་ཆེ་ལ་ལེགས་ཁྲིད་ན། །བློ་ཆུང་བྱིས་པ་ལྟ་བུ་འདི་དག་ནི། །སྐྱིད་ལུག་ཞུམ་དང་འཇིགས་དང་གཏོལ་མེད་འགྱུར། །གཞུང་ལུགས་བཤད་པ་རྩྭ་ལྟར་དོར་བྱས་ནས། །བསྡུས་པའི་ཐལ་ཕྲེང་མཛུབ་ཁྲིད་ཁོ་ན་ཡང་། །དོན་ཆུང་ལས་ལ་ཚེ་ཟད་འགྱུར་མཐོང་ནས། །བདག་ནི་འདི་ལ་འཇུག་པ་ལྷོད་པར་གྱུར། །ཐུན་མོང་སྟོང་ཉིད་གཏམ་ཡང་སྣོད་མིན་ལ། །འཆད་པ་བཀག་ན་བླ་མེད་ཐེག་པའི་ལམ། །མི་འདོད་བཞིན་དུ་སྟོན་པ་སྨོས་ཅི་དགོས། །དེ་ཕྱིར་ཁོ་བོ་འདི་ལའང་སྒྱིད་ལུག་གྱུར། །ལྟ་བའི་མཐར་ཐུག་དབུ་མའང་དེ་ཉིད་དོན། །བདེན་འཛིན་གཉེན་པོར་བསྒོམ་ཕྱིར་མི་སློབ་པར། གྲངས་འཛིན་ཕྱིར་དང་གང་ཤེས་ཚོགས་ནང་དུ། །སྨྲ་ཕྱིར་འབད་པ་བདག་འཛིན་གསོས་འདེབས་ཡིན། །བླང་དོར་གནས་དང་ལམ་གྱི་ཡན་ལག་ཀུན། །ཚད་མས་གཏན་ལ་དབབ་ཕྱིར་མ་ཡིན་པའི། །མང་པོའི་དབུས་སུ་འགྲན་ཟླ་ཟིལ་མནན་ནས། །གཞན་དོན་གྲུབ་ཕྱིར་འབད་པའང་ཆོས་མིན་ཡིན། །གཞུང་ལུགས་དོན་ལ་ཆ་ཙམ་མ་རེག་པའི། །རྫས་ལྡོག་ནས་བཟུང་ཆོས་ཅན་ཟོལ་འཇོག་སོགས། །འབད་ནས་སློབ་པ་ཀུན་སློང་སྐྱོན་མེད་ན། །ལུང་མ་བསྟན་གྱི་ལས་སུ་འགྱུར་བ་ཙམ། །ཆགས་སྡང་ཕྲག་དོག་འགྲན་སེམས་དྲག་པོ་དང་། མི་གཟུགས་ཚོལ་ཕྱིར་ཐོས་བསམ་སྒོམ་གསུམ་ལ། །ཇི་ཙམ་འབད་ཀྱང་ཆོས་མིན་དུ་མའི་སྒོ། །ནད་པ་བསད་ཕྱིར་ཟས་མཆོག་སྦྱིན་པ་བཞིན། ལྟོ་རྒྱབ་ཙམ་ཕྱིར་འདུས་པའི་འཁོར་ནང་དུ། །ཆགས་སྡང་གཡོ་སྒྱུ་འཐབ་རྩོད་ལྷུར་བླངས་ནས། །ཞར་ལ་སྦྱོར་ངག་ཚིག་གསུམ་བཟླས་བརྗོད་ཀྱིས། །རང་གཞན་གཉིས་ཀ་འདི་ཕྱིར་ཕུང་བར་བྱེད། །མཁན་སློབ་མཆེད་གྲོགས་ཆོས་དང་དམ་ཚིག་ནི། །མདའ་ལྟར་འཕངས་ནས་འདུ་བའི་སྒོ་འཕྲོག་ཅིང་། །དད་རྫས་ཕྱིར་རྩོད་ཡུལ་འཁོར་འཇོམས་པའི་དཔུང་། །ཇི་ཙམ་འཚོགས་ཀྱང་དམྱལ་བའི་འདུན་ཁང་ཡིན། །དམན་པའི་གཞུང་དང་མཆོག་ཏུ་རྙེད་དཀའ་ལམ། །འཆད་དང་འདོམས་པ་བཟུང་སྟེ་དོན་གཉེར་བ། །སྐལ་བ་མེད་པའམ་ཤིན་ཏུ་བླུན་པའམ། །སྣང་ཤས་གདོན་ཆེན་སྙིང་ལ་ཞུགས་པ་ཡིན། །ཚེ་འདིའམ་བར་དོ་སྐྱེ་བ་མདུན་ཙམ་གྱིས། །སངས་རྒྱས་འཐོབ་པའི་ལམ་བཟང་ཐོས་ནས་ཀྱང་། །སངས་རྒྱས་མི་འདོད་སྨྲ་བ་ངོ་ཚ་ནས། དེ་ལའང་འདི་ཉིད་དགོས་པའི་ཟོལ་སྦྱོར་གྱིས། །བགྲོས་ངན་ཚིག་གསུམ་གཤགས་སྦྱོར་ཅུང་ཟད་ཅིག །ཤེས་ནས་ལོང་བས་ལོང་བ་ཁྲིད་པའམ། །ཟས་ནོར་བསྒྲུབ་ཕྱིར་ཕྱི་མ་བློས་གཏོང་བ། །འདི་དག་མི་ཡི་གཟུགས་བརྙན་དུད་འགྲོའི་ཕུལ། །དམ་པ་རྣམས་ཀྱིས་ཚེ་འདི་བློས་གཏང་ནས། །ཟབ་མོའི་མན་ངག་རྩེ་གཅིག་ཉམས་བླངས་པས། །དོན་གཉིས་ཕུལ་ཕྱིན་མཐའ་ཡས་རྣམ་ཐར་ལ། །ཡིད་གཡོས་འདུན་པ་ཆ་ཙམ་མི་སྐྱེ་བར། །ད་ལྟའི་སྟོན་པ་འགའ་ཡི་རྙེད་གྲགས་དང་། །སློབ་འཁོར་རྒྱ་ཆེན་འདུ་འགོད་མང་པོའི་གཏམ། །ཐོས་པ་ཙམ་གྱིས་འགྲམ་ཆུ་ལྡང་བ་འདི། །གཞི་རྩ་གཏིང་ནས་ཉེས་པའི་རྟགས་ངན་ཡིན། །སྣུམ་ཟད་མར་མེ་ལྟ་བུའི་བསྟན་པ་འདི། །ཁོ་བོའི་ལེགས་བཤད་གོ་ཆ་བློ་གྲོས་ཀྱིས། །རྫོགས་ལྡན་བཞིན་དུ་བྱ་བར་ནུས་ན་ཡང་། །སྐལ་ལྡན་རྣམས་ཀྱིས་ས་འོག་གཏེར་བཞིན་སྦས། །ད་ནི་དུས་ལ་སྡོད་པ་མེད་པ་དང་། །ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ལྟར་གཡོ། །སྐྱེ་བོ་ཕལ་ཆེར་སྐལ་བ་མེད་མཐོང་ནས། །མང་ཐོས་བདག་ནི་གཅིག་པུར་ཆོས་དོན་སེམས། །ཚེ་འདི་འབའ་ཞིག་དོན་གཉེར་འཁོར་ནང་དུ། །ཆགས་ལྡང་འདུ་འཛིས་འདའ་བའི་གོ་སྐབས་ནས། །རྩོད་པ་ལྷུར་ལེན་ཚིག་འགའི་བཤད་པ་ལ། །མཁས་པ་ང་ནི་སྐྱུགས་པ་བཞིན་དུ་བལྟ། །རང་ཡུལ་ཉེ་དུ་ལོངས་སྤྱོད་ཀུན་བོར་ནས། །རྩེ་གཅིག་དམ་ཆོས་བསྒྲུབ་པར་དམ་བཅས་ཏེ། །གཞན་གྱི་ཡུལ་དུ་རྣམ་གཡེང་འདུ་འཛི་ཡིས། །དལ་འབྱོར་དོན་མེད་བྱེད་པ་སྨྱོན་པ་ཡིན། །ཆོས་དང་ཆོས་མིན་རྣམ་དབྱེ་ལེགས་རྟོགས་ནས། །ད་དུང་ཆོས་ལྟར་བཅོས་པའི་གཟུགས་བརྙན་ལ། །ཆགས་ཤིང་བག་མེད་རྣམ་གཡེང་ལྷུར་ལེན་ན། །བདག་ལ་སེམས་མེད་གྱུར་པ་གདོན་མི་ཟ། །རྒྱལ་བའི་དགོངས་ཟབ་མཐར་ཐུག་རྒྱལ་བ་དང་། །མཚུངས་པའི་བླ་མའི་མན་ངག་ལེགས་རྟོགས་ནས། །དེ་དོན་རྩེ་གཅིག་བསྒྲུབས་ན་རང་གཞན་གྱི། །གཏན་གྱི་འདུན་མ་འགྲུབ་པར་ཤེས་བཞིན་དུ། །ད་དུང་གཞན་ཟེར་སྙན་དང་མི་སྙན་དང་། །དོན་ཆུང་ཚེ་འདིའི་ཁེ་ཉེན་བརྩི་བརྩི་ནས། །ཕྱི་བཤོལ་ངང་ལ་དོན་མེད་དུས་འདའ་ན། །ཆོས་བརྒྱད་གདོན་གྱིས་ཟིན་པའི་སྙིང་རུལ་ཡིན། གཏིང་ནས་ངེས་པ་མ་རྙེད་བླུན་པོ་དག །ཟབ་མོ་བསྒྲུབ་ལ་མི་གུས་མཚར་ཅི་ཡོད། །གཏིང་ནས་ཟབ་མོའི་ལམ་ལ་ཡིད་ཆེས་ནས། །དེ་དོན་མི་བསྒྲུབ་དེ་ལས་ཁྲེལ་བོར་སུ། །ཅིའང་མི་ཤེས་ཁ་ཅིག་ཚེ་འདི་ལ། །ལྟོས་མེད་བསྒྲུབ་ལ་བརྩོན་པ་མཐོང་བའི་ཚེ། ཉམས་ལེན་གནད་ལ་ཆེས་མཁས་རྣམ་གཡེང་གི། །རྒྱར་ཆུད་གྱུར་པ་ཤིན་ཏུ་ངོ་ཡང་ཚ། །དེ་ཕྱིར་མདོ་རྒྱུད་བླ་མའི་མན་ངག་དོན། །ལེགས་པར་ཁོང་དུ་ཆུད་པས་ཡིད་དྲངས་ནས། །ནམ་ཞིག་འདི་དོན་བསྒྲུབ་པར་འགྱུར་སྙམ་དུ། །མཁས་པ་ང་ནི་འདི་ཉིད་འབའ་ཞིག་སེམས། །མི་དབང་དུ་མའི་ཅོད་པན་ནོར་བུའི་འོད། །རྐང་མཐིལ་རྡུལ་ལ་དུད་པ་ཐོབ་པ་དང་། །རྩྭ་རྩེའི་ཟིལ་བས་སེན་མོ་ཉེར་མཆོད་པ། །མཁས་པ་བདག་ལ་ཕན་པར་ཕྱི་མ་འགྱུར། །ཟང་ཟིང་ལོངས་སྤྱོད་རྨི་ལམ་དཔལ་འབྱོར་དང་། །མཚུངས་པར་རིག་ཅིང་རྒྱལ་བས་དེ་མཐོང་ནས། །མཁས་པ་དག་ནི་བ་ཚྭའི་མཆོད་ཡོན་ལྟར། །རྙེད་བཀུར་གནས་ལ་མཐུན་པར་འཛིན་མ་ཡིན། །བྲག་ཅའི་དབྱངས་ཀྱིས་བདག་རྒྱུད་ཁེངས་མི་འགྱུར། །དུས་མིན་སྙན་གྲགས་བདུད་ཀྱི་ཕོ་ཉ་ནི། །དེ་ལྟ་མིན་ཞེས་ཚིག་གི་མཆོད་སྦྱིན་ལ། །མཁས་པ་བདག་ནི་རེ་བ་ལྷུར་མི་བྱེད། །མཆེ་བ་མི་བཟད་སྦར་མོའི་ཤུགས་འཆང་བ། །གངས་རི་འཛིན་པའི་གདོང་ལྔའི་དབང་པོ་ནི། །ལྕགས་ཀྱིས་བཅིངས་ནས་བཙོག་ཆུས་འཚོ་བ་ཡི། །སྒོ་ཁྱིར་བྱེད་འདོད་མཁས་པའི་བཞད་གད་ཡིན། །དེ་ལྟར་སྨྲས་འདི་དམ་པའི་མཛད་པ་ལ། བལྟ་བར་འདོད་པའི་དགེ་སློང་དགེ་ལེགས་དཔལ། །བཟང་པོས་མདངས་ཅན་རི་བོའི་ངོས་ལ་ནི། །རང་གི་རྟོགས་པ་གཏམ་དུ་བསྙད་པ་ཡིན། །ཞེས་པའོ། ། 

                                                                      རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།