རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 23:10:00     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་ས་སྐྱ་སོགས་ཕྱོགས་གཞན་གྱི་མཁས་པར་རློམ་པ་སུས་ཀྱང་མཁས་གྲུབ་རྗེ་ལ་རྩོད་པར་ནུས་པའི་ཡོན་ཏན་མེད་པས། ནུས་ལྡན་གྱི་སྒོམ་ཆེན་ཟེར་བ་མཐའ་དག་ས་སྐྱར་འཚོགས་ནས་མཁས་གྲུབ་རྗེ་བཞུགས་པའི་ཕྱོགས་སུ་ཡང་ཡང་ཟོར་འཕངས་པར་བྱས། མཁས་གྲུབ་རྗེས་འདིའི་གོང་དུ་གུར་མགོན་དང་ཞལ་བཞི་པ་གཉིས་བསྲུང་མར་བསྟེན་པ་ཡིན་ཀྱང་། སྐབས་འདིར་མགོན་པོ་ཕྱག་དྲུག་པའི་སྒོ་ནས་མཐུ་བཟློག་མཛད་དགོས་པའི་མཚན་མ་བྱུང་བས། དེའི་སྒོ་ནས་མཐུ་བཟློག་མཛད་ཅིང་། མཐུ་ལོག་གི་ལྟས་ཀྱང་གསལ་བར་བྱུང་ངོ་། །

        ཡང་རྗེ་འདི་དཔལ་འཁོར་བདེ་ཆེན་གྱི་མཁན་པོ་མཛད་པའི་དུས་སུ། དབྱར་ཆོས་ཤིག་གྲོལ་ནས་རི་ནང་ཕྱོགས་ལ་ལྗོངས་རྒྱུ་ལ་བྱོན། སྤང་གཤོང་ཞིག་ཏུ་གསོལ་ཇ་མཛད་ནས་དཔོན་སློབ་རྣམས་གྲལ་ལ་བཞུགས་པའི་ཚེ། གློ་བུར་དུ་སྤྲིན་འདུས་ནས་ཆར་དྲག་བསམ་གྱིས་མི་ཁྱབ་པ་ཞིག་དང་མཉམ་དུ་ཁོང་དཔོན་སློབ་རྣམས་ཀྱི་ཐད་རང་དུ། ནམ་མཁའ་ནས་ཐོག་བབས་བྱུང་བ། དེ་མ་ཐག་རྗེ་ཉིད་ཀྱིས་སྡིགས་མཛུབ་མཛད་པས་སྟེང་གི་ནམ་མཁའ་ལ་བསྡད་ནས་འབབ་མ་ཐུབ་པ་དེའི་དུས་ཀྱི་གྲལ་ལ་འཁོད་པ་རྣམས་ཀྱིས་མཐོང་། དེ་ནས་རྗེ་ཉིད་ཀྱིས་གྲྭ་པ་རྣམས་ལ་ད་ཐོག་འདི་ཕྱོགས་གང་ལ་བསྒྱུར་གསུངས་པས། ཁོང་རྣམས་ཀྱིས་བྲག་རི་ཞིག་འདུག་པ་དེ་ལ་བསྒྱུར་བར་ཞུ་ཞུས་པས། རྗེ་ཉིད་ཀྱིས་ཤངས་ནས་སིང་སྒྲ་དང་བཅས་པའི་རླུང་གཅིག་བུས་ནས་བྲག་རིའི་ཕྱོགས་ལ་སྡིགས་མཛུབ་མཛད་པས་གློག་དམར་འཁྱུག་ཅིག་འབྲུག་སྒྲ་དྲག་པོ་ཡང་བསྒྲགས་ཏེ། ཐོག་དེ་བྲག་རི་ཕྱོགས་ལ་འཁྱོགས་ནས་བྲག་རི་དེ་ཐལ་བར་བྱས་པ་དེ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་བྱུང་འདུག་ལ། འདི་ནི་ཐམས་ཅད་ལ་གྲགས་མོད་ཀྱི། འོན་ཀྱང་འཇམ་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་དངོས་སུ་ཐོས་ཞེས་རྗེ་བཙུན་པ་གསུངས་སོ། །

        གཞན་ཡང་རྗེ་བླ་མ་འདིས་བ་སོ་ལྷུན་གྲུབ་བདེ་ཆེན་ལ་ཞིག་གསོས་མཛད་པའི་ཚེ། དེའི་གཙང་ཁང་དེ་ན་བར་སྐབས་ཤིག་ནས། སྨོན་འགྲོ་རྒྱལ་པོ་ཆགས་པ་ཞིག་བྱུང་འདུག་པས། དེ་ལ་རྗེ་བླ་མ་འདིས་རྒྱལ་མ་ངོས་སོགས་རྟེན་ཐམས་ཅད་ཕྱིར་ལ་བསྐུར་ནས་བགེགས་བསྐྲད་ཟབ་མོ་ཞིག་མཛད་པས། དེའི་གཙང་ཁང་གི་ཉེ་འཁོར་ན་གནས་པའི་མི་དང་ཁྱི་ལ་སོགས་པ་ཐམས་ཅད་རང་དབང་མེད་པར་དྲན་པ་སྟོར་ཏེ་བརྒྱལ་ནས་འགྱེལ་བ་སོགས་བྱུང་། ཞེས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གསུངས་ལ། འདི་དག་ནི་རྗེ་འདིའི་ནུས་མཐུ་ཕྲ་མོ་ཙམ་མཚོན་པ་ཡིན། ད་དུང་འཆད་པར་འགྱུར་རོ། །

        དེ་ལྟར་བླ་མ་འདི་ནི་གཞོན་ནུའི་དུས་ནས་མཁྱེན་བརྩེ་ནུས་པ་གང་ལ་ཡང་ཕུལ་དུ་བྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཀྱང་། སྡེ་པ་རྒྱང་རྩེ་པས་སྨོད་པ་སོགས་བྱས་ཤིང་། ཡོན་ཏན་མེད་པའི་བླ་མ་གཡོ་སྒྱུ་ཅན་དག་ལ་བསྟེན་པ་ལ་ཐུགས་ཁྲེལ་ནས་གསུངས་པ་ནི། སངས་རྒྱས་ལས་ཀྱང་དཀོན་པའི་གདམས་པ་མཆོག ཅེས་པ་ནས། མཁས་པ་བདག་ནི་རེ་བ་ལྷུར་མི་བྱེད། །ཅེས་གསུངས། དེ་ནས་རི་བོ་མདངས་ཅན་དུ་བྱོན། ཐུགས་དམ་རྒྱལ་བའི་གསུང་རབ་མདོ་སྔགས་མ་ལུས་པ་ཉིན་རེ་དང་ཐུན་རེ་བཞིན་དུ་གདན་ཐོག་གཅིག་ཏུ་ཉམས་སུ་བཞེས་པར་མཛད་ཅིང་། སྡེ་སྣོད་འཛིན་པ་མཐའ་ཀླས་པ་ཞིག་ལམ་དེ་འདྲ་ལ་འགོད་པར་མཛད། མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་ལའང་དེ་འདྲའི་བདུད་རྩི་འགྱེད་པའི་ཐུགས་རྗེའི་གདེངས་ཅན་དང་པོའི་ཞལ་རླངས་ཀྱིས་ཁྱབ་པར་མཛད་པས་དགོངས་པ་ལྟར་འགྲོ་དོན་དཔག་མེད་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཀྱི་ངང་ཚུལ་གཡོ་བར་མི་འགྱུར་རོ། །

        མདོ་སྔགས་ཀྱི་བསྟན་བཅོས་ཡང་མང་དུ་རྩོམ་པར་མཛད། ཆོས་བཞིན་དུ་སྦྱོང་ན་བསྟན་འགྲོའི་དོན་ལྷུན་གྱིས་གྲུབ་ནས་འཕྲིན་ལས་དར་བ་ནི་ཆོས་ཉིད་ཡིན་པས། རྗེ་འདིའི་འཕྲིན་ལས་རིམ་ཀྱིས་དར་ཞིང་མཁས་པ་མཐའ་དག་གི་གཙུག་རྒྱན་དུ་གྱུར་ཏེ་བསྟན་པ་གསལ་བར་མཛད་པ་ན། རྒྱང་རྩེ་པས་གདོང་ཤེས་ནས་བླ་མ་འདི་རང་ཡུལ་དུ་སླར་འབྱོན་དུ་རེ་བས། ཉེ་གནས་ལ་ལྐོག་རྔན་གྱི་གསེར་སོགས་མང་དུ་བྱིན་པ་མཁྱེན་ནས། མཆེ་བ་མི་བཟད་སྦར་མོའི་ཤུགས་འཆང་བ། །གངས་རི་འཛིན་པའི་གདོང་ལྔའི་དབང་པོ་ནི། །ལྕགས་ཀྱིས་བཅིངས་ནས་བཙོག་ཆུས་འཚོ་བ་ཡི། །སྒོ་ཁྱིར་བྱེད་འདོད་མཁས་པའི་བཞད་གད་ཡིན། །ཞེས་གསུངས་ནས་མ་ཕེབས། སྤྱིར་རྒྱང་རྩེ་སྡེ་བ་འདི་ནི་རྗེ་ཙོང་ཁ་པ་ལ་ངན་སྨྲས་བྱས་པ་དང་། རང་གི་དགོན་པའི་ཆོས་གྲྭ་བཅད་པ་དང་། རབ་བྱུང་གི་གྲངས་ལྷག་པ་བྱུང་ན་ཆད་པ་གཅོད་པ་སོགས་སྲོལ་ངན་བྱས་པ་ཡང་ཡོད་ཟེར། སྡེ་པ་འདིས་མཁས་གྲུབ་རྗེ་ལ་དུས་འཁོར་ལས་བརྩམས་པའི་དྲི་བ་བྱས་པའི་ལན་མཁས་གྲུབ་རྗེའི་གསུང་འབུམ་དུ་ཡོད།  

                                                                                                               རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།