རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 23:02:49     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེའི་ཚེ་སྒོ་ལ་སྦྱར་བའི་ཚིགས་བཅད་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག བློ་བཟང་གསུང་གི་ལེགས་བཤད་མེ་ཏོག་ཕྲེང་། །གྲགས་པའི་མདངས་ལྡན་རིགས་པའི་དྲི་བསུང་ཅན། །དཔལ་ལྡན་མཁས་པ་ཀུན་གྱི་མགོ་བོ་ལ། །ངལ་བསོ་བགྱིས་པས་ཐུབ་བསྟན་རྒྱལ་གྱུར་ཅིག །ཐེག་མཆོག་རིགས་ཀྱི་ནུས་པ་མི་དམན་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །རྣམ་དཔྱོད་མགྱོགས་འགྲོའི་རྟ་ལྗང་གིས་དྲངས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །གསུང་རབ་རྒྱ་མཚོའི་གོས་ཅན་མ་ལུས་རིགས་པའི་ཟེར་གྱིས་སྣང་བྱེད་པ། །སྔོན་མེད་ནམ་མཁའི་ནོར་བུ་དེ་དང་མེ་ཁྱེར་ལྷན་ཅིག་ཇི་ལྟར་བགྲོད། །འོན་ཀྱང་རོང་སྐྱེས་ཤཱཀྱ་ཡི། །བསྟན་ལ་སྡང་བའི་ཡིད་ལྡན་ཞིང་། །གཤེན་རབ་གཞུང་ལུགས་རྒྱལ་མཚན་འཛིན། །བྱིས་པ་མཁས་པར་རློམ་པ་གང་། །རིང་ན་གནས་ཚེ་ཁོ་བོ་དང་། །ལྷན་ཅིག་བརྒལ་ལན་བྱའོ་ཞེས། །གྱ་གྱུའི་ཡིད་ལྡན་དྲང་སྲོང་གི །དམོད་པའི་ཚིག་བཞིན་ཡང་ཡང་བསྒྲགས། །དེ་ནས་ནམ་ཞིག་འདིར་ཕྱིན་ཚེ། །ཞུམ་པ་བཞིན་དང་སྐྲག་པ་བཞིན། །གནོད་པ་བཞིན་དང་འགྱོད་པ་བཞིན། །སྐྱབས་མེད་བཞིན་དུ་སྐྱབས་འཚོལ་བྱེད། །དཔལ་ལྡན་ཟླ་བའི་འོད་དཀར་ལ། །གླགས་ཚོལ་འདོད་པའི་མུན་ཅན་དེ། །ཁོ་བོའི་རིགས་ཚུལ་རྡོ་རྗེ་ཡིས། །གཞོམ་པར་བྱ་ཞེས་མངོན་དུ་སྨྲས། །བླ་མའི་ལེགས་བཤད་ཉིན་བྱེད་ཟེར། །སྒྲིབ་བྱེད་ཕྲག་དོག་རྐང་འཐུང་རྒྱས། །ཉེས་བཤད་ནགས་ཚལ་འཁྲིགས་པ་ཁྱོད། །ད་ལྟ་ཐལ་བར་བྱ་ཞེས་སྨྲས། །དེ་ཚེ་སྐྲག་པའི་ཡིད་ལྡན་དེས། །དེ་དག་བདག་གིས་མ་བཀག་ཅེས། །གཏོལ་མེད་གྱུར་བའི་ཚིག་སྨྲ་ཞིང་། །རྫུན་གྱི་ཁུང་བུར་ཡང་ཡང་བྲོས། །ཁྲེལ་ཡོད་ངོ་ཚའི་གོས་དང་བྲལ། །སྡོམ་པའི་སྐ་རགས་ལྷོད་པ་ཅན། །བླུན་རྨོངས་སློབ་མའི་ཚིག་ངན་གྱི། །ཡོལ་བས་བསྒྲིབས་པའི་ཕག་ཏུ་འཆེལ། །ཕྱོགས་འདིར་མཁས་པའི་བཀའ་མཆིད་དག །བྱ་བར་འོས་པ་མིན་ཞེས་པའི། །སྦྱིན་བདག་ཚིག་ལ་སྐྱབས་བཅས་ནས། །བདག་ལ་བཀའ་དྲིན་ཆེ་ཞེས་སྨྲས། །ལུང་རིགས་རླབས་ཕྲེང་རོལ་བ་ཅན། །སྡེ་ཆེན་རྒྱ་མཚོ་སོ་སོ་ནས། །མཁས་པ་གདེངས་ཅན་དུ་མ་དག །གནས་འདིར་དབང་པོར་ལྷགས་པ་ཡང་། །དེ་ཡིས་གང་ལ་མགོན་བཅས་པ། །དེ་ཉིད་ཚིག་གིས་ངང་རིང་བ། །ཆུ་གཏེར་གནས་སུ་བསྐྲད་བྱས་ནས། །རྒོལ་བའི་དཀྱིལ་འཁོར་རྫོགས་མ་གྱུར། །འདི་ལྟར་མངོན་དུ་མ་ནུས་པའི། །ཞུམ་ཚིག་སྨྲས་པ་དྲན་བྱོས་ལ། །ཕྱི་ནས་མཁས་པའི་ལེགས་བཤད་ལ། །ལྐོག་ཏུ་ངན་སྨྲས་མ་བྱེད་ཅེས། །བདག་གིས་གདམས་ཤིང་ཚར་བཅད་ནས། །བདེན་མིན་སྨྲ་བ་ལྷུར་ལེན་ཅིང་། །དེ་ཚེ་གཏོལ་མེད་གྱུར་དེ་དག །ལུག་བོང་བཞིན་དུ་མཁས་རྣམས་སྒྲོགས། །བདེ་གཤེགས་བསྟན་པ་གངས་རིའི་སུལ་ན་གནས། །གཞུང་ལུགས་འབུམ་ཕྲག་རལ་བའི་ལུང་གིས་བརྗིད། །རིགས་པའི་མཆེ་སྡེར་མི་བཟད་སྟོབས་ལྡན་པ། །མཁས་མཆོག་གདོང་ལྔའི་དབང་པོ་ཁོ་བོ་ཙམ། །དྲི་མེད་རིགས་པའི་གད་རྒྱངས་གཅིག་གིས་ཀྱང་། །དྲེགས་ལྡན་ཕས་རྒོལ་གླང་པོ་སྟོང་གི་སྙིང་། །ལྐོག་མར་འབྱིན་པའི་འཇིགས་སྟེར་དགེ་ལེགས་དཔལ། །བཟང་པོ་ལས་གཞན་སྨྲ་བའི་སེང་གེ་གང་། །ཞེས་ལུག་གི་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་ལ་གཙང་ཉང་སྟོད་ཀྱི་སའི་ཆར་སྨྲས་པའོ། །ཞེས་སོ། །

        འདི་དག་ནི་དཔེ་དོན་སྦྱར་བའི་སྙན་དངགས་ཀྱི་ཚིགས་བཅད་ཡིན་ལ། དེ་ཡང་ཅུང་ཟད་འགྲེལ་ན། ཤོ་ལོ་ཀ་དང་པོས་རྗེ་རིན་པོ་ཆེའི་བསྟན་པ་རྒྱས་པའི་ཤིས་པ་བརྗོད་ནས། ཤོ་ལོ་ཀ་གཉིས་པས་མཁས་གྲུབ་རྗེ་རང་ཉིད་ཉི་མ་དང་། རོང་ཊིཀ་པ་མེ་ཁྱེར་དང་དཔེ་དོན་དུ་སྦྱར་རོ། །དེ་ཡང་ཉི་མའི་ཕོ་བྲང་མེ་ཤེལ་ལས་གྲུབ་པ་དང་མཁས་གྲུབ་རྗེ་ཚོགས་གཉིས་ལས་གྲུབ་པ་སྦྱར། ཉི་མ་རླུང་གིས་མཁའ་ལ་འགྲོ་བ་དང་མཁས་གྲུབ་རྗེའི་མཁྱེན་རབ་ཐོགས་པ་མེད་པ་སྦྱར། ཉི་མས་ས་ཆེན་པོ་གསལ་བར་བྱེད་པ་དང་མཁས་གྲུབ་རྗེས་གསུང་རབ་གསལ་བར་བྱེད་པ་སྦྱར་རོ། །དེ་ལ་ཚོགས་གཉིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །རྒྱ་མཚོའི་གོས་ཅན་ནི་ས་གཞིའོ། །ནམ་མཁའི་ནོར་བུ་ནི་ཉི་མའོ། །

        དེ་ནས། འོན་ཀྱང་རོང་སྐྱེས་སོགས་ཤོ་ལོ་ཀ་གསུམ་ལས། ངོར་ནི་ཡུལ་གྱི་མིང་ངོ་། །འགྲེལ་པ་མང་པོ་བརྩམས་པས་རོང་ཊིཀ་པ་ཟེར། མིང་ནི་ཤཱཀྱ་རྒྱལ་མཚན་ནོ། ། རྗེ་རིན་པོ་ཆེའི་ཆོས་ལུགས་ནི་ཤཱཀྱའི་རྒྱལ་པོའི་བསྟན་པ་དྲི་མ་མེད་པ་ཡིན་པ་ལ། །རོང་པོ་འདིས་ཕྲག་དོག་གིས་ཟུར་ཟ་བས་སྡང་བའི་ཡིད་ལྡན་ཞེས་སོ། །བསྟན་པ་དང་བསྟན་འཛིན་ལ་ཟུར་ཟ་བ་ནི་ཀླ་ཀློ་དང་མཚུངས་པས། །གཤེན་རབ་གཞུང་ལུགས་འཛིན་པ་ཞེས་སོ། །བྱིས་པ་ལྟར་ཡོན་ཏན་མེད་ཀྱང་མཁས་པར་རློམ་པ་ལ་སྨད་པར་མཛད་ནས། རྩོད་པ་བྱེད་ཅེས་སྔོན་དུ་སྨྲས་པ་དང་། ཕྱིས་ཞུམ་པར་གྱུར་བ་སོགས་བསྟན་ནོ། །དཔལ་ལྡན་ཟླ་བའི་སོགས་ཤོ་ལོ་ཀ་གཅིག་ལ། མུན་ཅན་ནི་སྒྲ་གཅན་ནོ། །དེས་ཉི་ཟླ་བསྒྲིབས་ནས་མུན་པར་བྱེད་འདོད་པ་དང་། སྒྲ་གཅན་གྱིས་སྔོན་ལྷའི་བདུད་རྩི་བརྐུས་ནས་འཇུངས་པ་ལ་གནོད་སྦྱིན་ལག་ན་རྡོ་རྗེས་མགོ་འགེམས་པར་བྱས་པ་དང་དཔེ་དོན་སྦྱར་རོ། །

        བླ་མའི་ལེགས་བཤད་སོགས་ཤོ་ལོ་ཀ་གཅིག་ནི། རྗེ་རིན་པོ་ཆེའི་གསུང་རབ་ནི་ཉི་མའི་འོད་ཟེར་དང་མཚུངས། རོང་པོའི་ཕྲག་དོག་གི་སེམས་ནི་ནགས་ཚལ་འཁྲིགས་པ་དང་མཚུངས་པས་དེ་ཉིད་རྩད་ནས་གཞོམ་པར་བྱ་ཞེས་སོ། །རྐང་འཐུང་ནི་ཤིང་གི་མིང་ངོ་། །དེ་ཚེ་སྐྲག་པའི་ཡིད་ལྡན་སོགས་ཀྱི་ཤོ་ལོ་ཀ་ནི། སྐྲག་པའི་འབུ་སྲིན་ཁུང་བུར་འབྲོས་པ་དང་སྦྱར་རོ། །ཁྲེལ་ཡོད་ངོ་ཚའི་སོགས་ཀྱི་ཤོ་ལོ་ཀ་ནི། ཚིག་དོན་སྨྲ་བ་ལ་ངོ་མི་ཚ་བ་ནི་གཅེར་བུ་དང་འདྲ། སྡོམ་པ་མི་བསྲུང་བ་ན་སྐ་རགས་མེད་པ་དང་འདྲ། དེ་ལྟ་བུའི་སློབ་མ་བཏང་ནས་འཐབ་རྩོད་བྱེད་པ་ནི་ཡོལ་བའི་ཕག་ཏུ་ཞུགས་པ་དང་འདྲ་བའི་དོན་ནོ། །

        ཕྱོགས་འདིར་མཁས་པའི་སོགས་ཤོ་ལོ་ཀ་ནི་གོ་སླ། ལུང་རིགས་རླབས་ཕྲེང་སོགས་ནི། འདུས་སྡེ་གཞན་ནས་བྱོན་པའི་མཁས་པ་རྣམས་རང་རང་ཡུལ་དུ་བྱོན་པའི་དོན་ནོ། །དེ་ལྟར་མངོན་དུ་སོགས་ནི། ཕྱིན་ཆད་དམ་པའི་ཆོས་དྲི་མ་མེད་པ་ལ་ཟུར་ཟ་བར་བྱེད་ཅེས་གདམས་པའོ། །མཁས་གྲུབ་རྗེས་འདི་ལྟར་མཛད་པ་ནི་རང་ཉིད་མཁས་པའི་སྙན་གྲགས་ཐོབ་པར་འདོད་པ་དང་། གཞན་ལ་སྨ་འབེབ་པར་འདོད་པའི་ཀུན་སློང་ངན་པས་ནི་མ་ཡིན་གྱི། རྗེ་རིན་པོ་ཆེའི་ཆོས་ལུགས་གཙང་མ་འདི་ཉིད་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་གཞན་གྱི་རྒོལ་བ་ངན་པ་མི་འབྱུང་བ་དང་། རྗེས་འཇུག་རྣམས་ཀྱང་ཆོས་ལུགས་རྣམ་དག་ཡིན་མིན་གྱི་ཁྱད་པར་ཤེས་ནས་དྲི་མ་མེད་པའི་ལམ་ལ་འཇུག་པར་བྱ་བའི་ཆེད་ཡིན་ནོ། །

                                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།