རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 22:56:14     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་དེ་དག་གི་སྐབས་ཤིག་བདག་པོ་རབ་བརྟན་པས་མཁྱེན་བཞིན་དུ་ནཱ་ལནྡ་ནས་ཆོས་རྗེ་རོང་པོ་གདན་དྲངས། མཁས་གྲུབ་ཐམས་ཅད་མཁྱེན་པ་དང་རྩོད་པ་མཛད་པར་དྲིལ་བསྒྲགས་ཤིང་། མཁས་གྲུབ་རིན་པོ་ཆེས་ཀྱང་ཞལ་གྱིས་བཞེས་པའི་གྲགས་པས་ཆོས་སྡེ་རྣམས་ནས་མཁས་པ་མང་པོ་དཔང་པོར་ལྷགས་པར་གྱུར་ཅིང་། གནས་རྙིང་དང་ཞ་ལུ་གཉིས་ནས་ཀྱང་རྩོད་དཔང་གི་མཁས་པ་ཆེན་པོ་གཉིས་ཀྱང་སྤྱན་དྲངས། དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་གི་ཀ་གདུང་གཡས་གཡོན་ལ། མཁས་གྲུབ་རྗེ་དང་། ཆོས་རྗེ་རོང་པོ་གཉིས་ཀྱི་བཞུགས་གདན་ཡང་གྲངས་མཉམ་མཛད། རྩོད་དཔང་གི་མཁས་པ་རྣམས་ལའང་དེ་མཐུན་གྱི་གདན་བཤམས་ཏེ། གསོལ་ཇ་སོགས་སྦྱར་གྲུབ་ནས་རྩོད་པར་ཅེས་ཐོས་ཏེ། ཁོ་བོ་ཅག་གིས་སྒྲོ་བཏགས་པ་མ་ཡིན་གྱི། དེའི་དུས་ཀྱི་སློབ་མ་ཐུན་མོང་བ་དག་གླེང་བར་གྲགས།

        དེ་ནས་ཆོས་རྗེ་རོང་ཆེན་པས་སྔར་རང་ཉིད་ཀྱིས་རྩོད་པ་བྱེད་དོ་ཞེས་སྒྲ་བསྒྲགས་པས་མི་རྩོད་ཅེས་ཀྱང་གསུང་མ་ནུས་ལ། རྩོད་པར་བསམས་པའི་ཚེ་ན་ཡང་རང་ཉིད་བྱམས་ཆོས་ལ་སྦྱངས་པ་ཆེར་མཛད་པ་མ་གཏོགས། གཞུང་ལུགས་མཐའ་དག་ལ་མ་སྦྱངས་ཤིང་། མཁས་གྲུབ་ཆེན་པོ་འདི་ནི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ཐོགས་མེད་དུ་སྨྲ་ནུས་པར་ཡང་མཁྱེན་ནས་ཤིན་ཏུ་མཛད་དཀའ་ལ་གཏད་པའི་དུས་སུ་རོང་སྟོན་ཆོས་རྗེའི་ཐུགས་ལ་འདི་ལྟ་བུ་ཡང་ཤར་སྙམ་མོ། །མཁས་གྲུབ་འདིས་ནི་བྱིས་པའི་ཚེ་ན་ཡང་། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཕམ་པར་བྱས་ཞེས་ཐོས་ན། ད་ནི་འདིའི་བློ་གྲོས་ཀྱི་ཁྱོན་ལ་སུ་ཞིག་གིས་བརྒལ་བར་ནུས། ཁོ་བོ་ནི་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་རྨེག་མེད་པར་བྱས་པ་ཡིན་ནོ། །སྙམ་དུ་ངེས་པར་ཐུགས་ལ་ཤར་སྙམ་སྟེ། མདོར་ན་ད་ནི་གཡོ་སྒྱུ་བྱ་བའི་དུས་ལ་བབས་ཀྱི་རྩོད་པར་མི་ནུས་སོ། །སྙམ་དུ་དགོངས་ནས། མཁས་གྲུབ་རྗེ་ལ་ནི་འཕྲིན་བསྐུར་བ།

        ངས་ཁྱོད་ཀྱི་བླ་མ་རྒྱལ་ཚབ་པ་ཕམ་པར་བྱས་ཟིན་གྱི། ད་ཁྱོད་དང་མི་རྩོད་དོ་ཞེས་གསུངས། དེར་མཁས་གྲུབ་རྗེས་བླ་མ་རྒྱལ་ཚབ་པ་ཕམ་པར་བྱས་མ་བྱས་རྩོད་ཡིག་ཡོད་པས་རང་རེ་ཕྲད་ནས་ལྟ་བ་ཡིན། ངའི་བླ་མ་ཁྱོད་ཀྱིས་ཕམ་པར་མ་བྱས་ཀྱི། ཁྱོད་ཀྱི་བླ་མ་གཡག་པ་ངམ་རིང་ཚོགས་སུ་ཁོ་བོས་ཕམ་པར་བྱས་པ་བརྗོད་པ་ཡིན་ནམ། ཁོ་བོ་ཐག་རིང་ན་གནས་པའི་ཚེ་རྩོད་པ་བྱེད་ཅེས་ཡང་ཡང་འཕྲིན་བསྐུར་ནས། ད་རྩོད་མི་ནུས་པ་ཅི་བྱུང་བ་ཡིན། དེ་བས་ན་མཁས་པའི་རྐང་མ་འདྲེན་པར་ད་ལྟ་ཉིད་དུ་རྩོད་པས་མ་འཛོལ་ཅིག་ཅེས་གསུངས་སོ། །

        དེ་ལྟར་རྒོལ་བའི་དཀྱིལ་འཁོར་བཤམས་པ་ལ་མངོན་དུ་ཕྱོགས་ཏེ། ཚོགས་དུང་འབུད་པར་བརྩམས་པའི་ཚེ། ཆོས་རྗེ་རོང་པོ་དཔོན་སློབ་རྣམས་ཏབ་ཏོབ་ཏུ་གྱུར་ཏེ་ཐོག་མར་སློབ་མ་གཅིག་བཏང་ནས། ཤིན་ཏུ་བླུན་པ་དེས་ཚིག་རྩུབ་ཀྱི་མཚོན་གྱིས་རྒོལ་བའི་དཀྱིལ་འཁོར་བཤམས་པ་དཀྲུགས་ཏེ། མཁས་གྲུབ་པ་རོང་སྟོན་ཆོས་རྗེའི་རྩོད་ཟླར་མི་འོས་ཞེས་སྨྲས་ཏེ་ཐབས་དུ་མ་ཞིག་གི་སྒོ་ནས་རྩོད་མི་དགོས་པའི་ཐབས་ལ་འབད་འདུག མཁས་གྲུབ་རྗེས་སླར་ཡང་འཕྲིན་བསྐུར་ཏེ། ཡང་ན་ཁ་སང་ནས་རྩོད་ཟེར་དོན་ཡང་མེད། ད་གནས་རྙིང་དང་ཞ་ལུ་ནས་རྩོད་དཔང་གི་མཁས་པ་རྣམ་གཉིས་ཀྱང་སྤྱན་དྲངས། ཚོགས་ཆེན་པོ་འདིར་འཕེབས། ཐ་ན་གཙུག་ལག་ཁང་དུ་གདན་བཤམས་པ་སོགས་ཀྱང་གྲུབ་ན་ཅི་སྟེ་མི་རྩོད། གཏིང་གིས་རྩོད་མི་ནུས་ན་ད་ཕྱིན་ཆད་རྗེ་ཙོང་ཁ་པ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གྲུབ་མཐའ་ལ་ཕག་ལབ་མ་བྱེད། ཁྱོད་རང་གིས་བརྩམས་པའི་ཡིག་ཆ་རྣམས་མེ་ལ་བསྲེག་དགོས་ཞེས་གསུངས་སོ། །དེ་ལྟར་གསུངས་ཀྱང་ཆོས་རྗེ་རོང་པོས་ང་ཁྱོད་དང་མི་རྩོད་དོ་ཞེས་ན་མེད་ལ་བུད་པའི་གསུང་བྱོན་ཏེ། སྔར་རྩོད་པ་བྱེད་དེ་ཞེས་འཕྲིན་ཡང་ཡང་བསྐུར་བ་ཐམས་ཅད་རྫུན་གྱི་ཚིག་ཏུ་ཆོས་རྗེ་རོང་པོ་རང་ཉིད་ཀྱིས་བསྒྲགས་སོ། །

        དེར་སྦྱིན་བདག་གིས་ཐམས་ཅད་སྟ་གོན་བྱས་ཚར་བས་དབང་མེད་དུ་རྩོད་དུ་འཇུག་དགོས་པར་སྨྲས་པ་ལ། མཁས་གྲུབ་རྗེས། ད་འདི་ལྟར་གྱུར་བས་དགོས་པ་མེད་ཅེས་བཤོལ་བར་མཛད། དེ་ནས་དཔོན་རབ་བརྟན་གྱིས། འདིར་རྐྱེན་མ་ཚང་བས་རྩོད་པ་བྱེད་པར་མི་འོས་ཞེས་གཞན་ངོ་ཙམ་གྱི་ཚིག་སྨྲས་ནས། ཕྱོགས་གཞན་གྱི་མཁས་པ་རྣམས་རང་ཡུལ་དུ་ཕེབས་པར་བྱས། དེ་ལ་རོང་ཊིཀ་པས་མཁས་གྲུབ་རྗེ་ལ་བཀའ་དྲིན་ཆེ་ཞེས་སྨྲས། དེ་ནས་ཚོགས་གྲོལ་བ་དང་། གཙུག་ལག་ཁང་གི་གདན་བཤམས་པ་སོགས་ཀྱང་བསྡུ་དགོས་བྱུང་ལ། རོང་པོའི་བླ་མ་སློབ་འཁོར་བཅས་ཞུམ་ཞིང་ངོ་ཚ་བར་གྱུར། དེ་མ་ཐག་མཁས་གྲུབ་རྗེས་འདུ་ཁང་གི་སྟེང་དུ་བྱོན་ནས་ཐལ་སྐད་མཛད་ཅིང་། ཕྱོགས་ལས་རྣམ་པར་རྒྱལ་བའི་ཚིགས་བཅད་བརྩམས་ནས་རྒྱ་བཏབ་སྟེ་འདུ་ཁང་གི་སྒོ་ལ་སྦྱར། དེ་ལྟར་མཛད་པས་ཆོས་རྗེ་རོང་པོ་འཁོར་བཅས་སུ་མ་ཟད། སྣང་མཛད་དང་མི་བསྐྱོད་ཞེས་པའི་བླ་མ་གཉིས་ཀྱང་དཔའ་ཞུམ་པར་བྱས་ཏེ། རྗེ་ཙོང་ཁ་པའི་ཆོས་ལུགས་རྣམ་པར་དག་པ་འདི་ཉིད་འཇིགས་མེད་སེང་གེའི་ང་རོ་ལྟར་བསྒྲགས་པར་མཛད་དོ། །  

                                                                                                                        རྩོམ་སྒྲིག་པ། མང་ར་བ།
               གསལ་འདེབས། 
                         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།