རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེའི་རྣམ་རྣམ་ཐར་མདོ་ཙམ་བརྗོད་པ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 22:49:26     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རྗེ་འདིས་ངམ་རིང་གི་དབྱར་ཆོས་ཞིག་གི་དུས་སུ་གཡག་པ་ཆོས་རྗེ་སངས་རྒྱས་དཔལ་བ་དང་ངམ་རིང་གི་ཚོགས་སུ་རྩོད་པ་མཛད་པས་མཁས་གྲུབ་གཡག་པ་ཡང་ཕམ་པར་མཛད་འདུག་སྟེ་པཎྜི་ཏ་ཆེན་པོ་འདི་ཉིད་ཀྱི་ངང་ཚུལ་ཡིན་པས་ངོ་མཚར་དུ་ཅི་ཞིག་ཡོད། མདོར་ན་རྗེ་བླ་མ་འདི་ཉིད་ནི། ལྷག་པའི་ལྷས་རྗེས་སུ་བཟུང་ཞིང་། སྐྱེ་བ་མང་པོར་རིག་གནས་ལ་སྦྱངས་པའི་སྟོབས་ཀྱིས་མཁས་པར་རློམ་པ་སུས་ཀྱང་འདིའི་མདུན་སར་སྨྲ་བའི་རྔོ་ཐོགས་པ་མིན་ཏེ། དེས་ན་ཆེ་བརྗོད་ལས་ཀྱང་། ཁྱོད་ཀྱི་རྣམ་དཔྱོད་སྒྲོ་ལྡན་ནི། །རྣོན་པོས་ཤེས་བྱའི་འབེན་དག་ཕུག །སྨྲ་བའི་སེང་གེ་མཐའ་དག་གི །དྲེགས་པའི་རལ་བ་མ་ལུས་བཅད། །ཁ་ལ་སྨྲ་བཅད་རྒྱ་བྱིན་པ། །དབྱངས་ཅན་ངོ་མཚར་གྱུར་པ་བཞིན། །ཞེས་བསྔགས་པ་ནི་དོན་ལ་གནས་པ་ཁོ་ནའོ། །

        ཉེར་གསུམ་པ་ལ་རྗེ་རིན་པོ་ཆེའི་སྙན་པས་ཡིད་འཕྲོག་སྟེ། སེ་ར་ཆོས་སྡིངས་སུ་རྗེ་རིན་པོ་ཆེ་དང་ཐོག་མར་མཇལ་བས་ཚེ་རབས་དུ་མ་ཡབ་སྲས་ཡིན་པས་ཐུགས་དད་ཆེན་པོའི་མཉེས་པ་གསུམ་གྱིས་མཉེས་པར་མཛད། རྗེའི་ཞལ་ནས། ལམ་ནས་རྨི་ལམ་འདྲ་བྱུང་ངམ། ཞེས་གསུངས་པར། ཆུ་ཤུལ་དུ་སླེབས་པའི་ནུབ་ཕྱོགས་མཚམས་ཀུན་མུན་པས་ཁྱབ་པས་གར་འགྲོ་གཏོལ་མེད་པར། ཤར་ཕྱོགས་ནས་རལ་གྲིའི་འཁོར་ལོ་རྩིབས་སྟོང་ཅན་གྱི་དབུས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཤིན་ཏུ་མཛེས་པ་བཞུགས་ཤིང་རྩིབས་རེའི་རྩེ་ལ་ཉི་མའི་དཀྱིལ་འཁོར་རེ་ཡོད་པ་ཞིག་བྱུང་ནས་ཐིམ་པས་འཛམ་གླིང་འོད་ཀྱིས་ཁྱབ་པ་ཞིག་རྨིས་ཞུས་པས། ཤིན་ཏུ་ལེགས། ཉིད་ལ་འཕྲིན་ལས་ལེགས་པོ་འོང་བའི་ལྟས་ཡིན། ཁྱོད་ཀྱིས་བླ་མ་འཇམ་དཔལ་དངོས་སུ་མཐོང་བའི་གདུལ་བྱ་མཆོག་ཡིན་པའི་རྟགས་རེད། དོན་ལ་ང་འཇམ་དབྱངས་ཡིན་ཡང་ཐ་མལ་བའི་རྣམ་པར་བསྟན་པ་ཡིན་གསུངས་ཤིང་། ངའི་རྗེས་འཇུག་རྣམས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། འཇམ་དབྱངས་ཨ་ར་པ་ཙ་ན་ལ་བྱེད་དགོས། འདི་ལ་རྟེན་འབྲེལ་ཞིག་ཡོད་གསུངས།

        ཕྱག་ཕུལ་ཏེ་འདི་ནས་འཇིགས་བྱེད་གནང་དགོས། ཞུས་པས་ཡོང་གསུངས་ནས་མཁས་གྲུབ་རྗེ་གཅིག་པུ་ཁོ་ནར་རྗེ་རང་གི་ཕྱག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དབང་དང་རྗེས་གནང་མན་ངག་ཀུན་རྫོགས་པར་གནང་། དེ་བཞིན་དུ་གསང་སྔགས་ཀྱི་སྐོར་ཀུན་ལ་ཞིབ་པར་དོགས་དཔྱོད་ཞུས་པས་ཡིག་ཆུང་མང་པོ་དེ་ཡིན། གསུང་མ་ལུས་པ་བུམ་པ་གང་བྱོར་གྱུར་ཅིང་། གསང་བདག་གིས་ལུང་བསྟན་པའི་རྒྱལ་ཚབ་དང་། འདུལ་འཛིན་དང་། འཇམ་དཀར་པ་གསུམ་ལའང་ཆོས་མང་དུ་གསན། དེ་ལྟར་བླ་མ་འདི་ནི་ཐོག་མར་ས་སྐྱའི་ཆོས་ལུགས་ལ་མཐར་ཕྱིན་པར་སྦྱངས་པ་ཡིན་ཀྱང་། སྐུ་ཚེ་དུ་མར་རྗེ་རིན་པོ་ཆེའི་སྲས་སུ་གྱུར་པ་དང་། སྐུ་འདིར་ཡང་རྗེ་རིན་པོ་ཆེའི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་བསམ་བཞིན་དུ་འཁྲུངས་པ་ཡིན་པས། རྗེ་རིན་པོ་ཆེ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་འཆད་རྩོད་རྩོམ་པ་སོགས་ཀྱི་སྒོ་ནས་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕན་པའི་བྱ་བ་ལྷག་པར་མཛད་པའི་ཚེ། ས་སྐྱ་པའི་ཕྱོགས་འཛིན་དུ་རློམ་པ་རྣམས་ཀྱིས་ཕྲག་དོག་གི་གདོན་གྱིས་ཡིད་དཀྲུགས་ཏེ། མཁས་གྲུབ་ཆོས་རྗེས་ས་སྐྱའི་ཆོས་ལུགས་བཀག་གོ་ཞེས་པའི་རྫུན་ཚིག་ཕྱོགས་ཀུན་ཏུ་བསྒྲགས་པར་བྱས། འོན་ཀྱང་བླ་མ་འདིའི་འཕྲིན་ལས་ལ་ཅུང་ཟད་ཀྱང་གནོད་པར་མ་གྱུར།

        དེ་ནས་གཙང་ཕྱོགས་སུ་བྱོན་ཏེ་ཉང་སྟོད་ལྕང་རའི་གདན་ས་མཛད་པས་ལྕང་ར་དཀའ་བཅུ་པར་གྲགས། བྱང་པའི་བདག་པོ་རྒྱང་རྩེ་སྡེ་པ་རབ་བརྟན་འཕགས་པས་སྦྱིན་བདག་བྱས་ཏེ། དཔལ་འཁོར་བདེ་ཆེན་གྱི་དགོན་པ་བཏབ་ནས་ཆོས་གྲྭ་ཆེན་པོ་བཙུགས། གཞན་ཡང་ནོར་བུ་དགའ་ལྡན་པ། བྲང་མོ་ཆེ་བ། ལེགས་གྲུབ་པ། ཞི་གནས་པ། གསེར་ཁང་གོང་འོག་གཉིས་དང་། ལྷ་ཁང་པ་སོགས་དགེ་ལུགས་ཀྱི་གྲྭ་ཚང་མང་པོའི་གཞི་བཙུགས་ཤིང་། སྡེ་སྣོད་འཛིན་པ་རྣམས་མེ་ཏོག་ལ་སྦྲང་རྩི་འཐུང་བ་བཞིན་དུ་འཁོར་ནས་གཙང་ཕྱོགས་སུ་རྗེ་ཐམས་ཅད་མཁྱེན་པའི་བསྟན་པའི་སྣང་བྱེད་མཛད་པས་ལྷ་མིས་སྨོན་པའི་སྐབས་རེད། སྔོན་ཙམ་ནས་རོང་སྟོན་ཤཱཀྱ་རྒྱལ་མཚན་པས་སྔོན་མེད་པའི་རྗེ་ཡབ་སྲས་ཀྱི་ལེགས་བཤད་ལ་མ་བཟོད་ནས་རྗེ་རིན་པོ་ཆེ་ལ་རྩོད་ག་ན་ནུས། མཁས་གྲུབ་ཐམས་ཅད་མཁྱེན་པ་ལའང་རྩོད་མི་ནུས་ཀྱང་ལན་ཅིག་རྩོད་པ་བྱེད་དོ་ཞེས་པའི་ཚིག་ཙམ་གྱིས་སྒྲ་བསྒྲགས་ནས་ས་སྐྱའི་བསྟན་པ་བཟུང་ངོ་ཞེས་པའི་སྙན་པ་ཐོབ་ཏུ་རེ་ནས། མཁས་གྲུབ་ཐམས་ཅད་མཁྱེན་པ་ཉང་སྟོད་ན་བཞུགས་དུས་ཁོ་བོ་ཁྱོད་དང་ལྷན་ཅིག་རྩོད་པ་བྱེད་དོ་ཞེས་འཕྲིན་ཡང་ཡང་བསྐུར་རོ། །

        དེ་དུས་ས་སྐྱ་ན་རྗེ་ཡབ་སྲས་ཀྱིས་ས་སྐྱའི་གྲུབ་མཐའ་བཀག་གོ་ཞེས་འཆལ་གཏམ་བསྒྲགས་ཤིང་ནུས་ལྡན་དུ་རློམ་པའི་བླུན་པོ་སྙིང་ཁམས་ཅན་དག་གིས་གཏོར་མ་ཡང་ཡང་འཕངས་སྣང་། གཞན་ཡང་ཀུན་བཟང་བས་ཀྱང་ཚེ་འདིའི་རྙེད་བཀུར་དང་འདོད་པ་ཅུང་ཟད་མ་གྲུབ་པས་རྗེ་རིན་པོ་ཆེ་ལ་མདོ་སྔགས་ཀྱི་ལམ་རིམ། ཊིཀྐ་ཀུན་གསན་ཀྱང་དམ་ཚིག་དང་སྡོམ་པ་རྩྭ་ལྟར་དོར་ནས་རྗེ་ཡབ་སྲས་ལ་ངན་སྨྲས་དང་དགག་ཁུལ་གྱི་ཡི་གེ་མཁས་གྲུབ་རིན་པོ་ཆེར་བསྐུར་བའི་ལན་སྨྲ་བ་ངན་པ་འཐག་པར་བྱེད་པའི་གནམ་ལྕགས་ཀྱི་འཁོར་ལོ་ཞེས་པ་བརྩམས་ཏེ་དེ་ཡང་རང་གི་རྟོགས་སྦྱོར་རྣམས་ཀྱི་ཁྱབ་པ་རེ་རེ་ནས་བཤགས་པས་འཁོར་གསུམ་ཀ་དངོས་སུ་ཁས་ལེན་དགོས་པ་བྱུང་བར་ས་སྐྱའི་གྲྭ་བ་རྟོག་དཔྱོད་ཅན་དག་གིས་འཁོར་གསུམ་ངན་པ་སྨྲས་པས། ངོར་བ་ན་རེ། སྐྱོན་མེད། ཆོས་ཅན་མི་གཅིག་འདུག་གསུངས་པས། འཁོར་གྱིས་བཞད་གད་བྱས་པ། ངེད་ཀྱི་ངོར་བ་ཀུན་དགའ་བཟང་པོ་འདི། ལྕང་ར་ཆོས་མཛད་པ་དང་བརྩད་པའི་ཚེ། །འཁོར་གསུམ་བརྒྱ་ཕྲག་དངོས་འགལ་བྱས་ན་ཡང་། །ཆོས་ཅན་མི་གཅིག་གསུངས་ལ་གསོལ་བ་འདེབས། །བྱས་པ་ད་ལྟའི་བར་ས་དགེ་སོགས་ཐམས་ཅད་ཀྱིས་རྩེད་མོར་སྨྲ་བར་སྣང་། 

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།