རྗེའི་རྣམ་ཐར་ཆེན་མོ་ལས་མཁས་གྲུབ་ཆོས་རྗེ་རྣམ་ཐར་མདོ་ཙམ་བརྗོད་པ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 22:41:09     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

                                   གཞུང་ལུགས་རལ་བ་འཐུག་པོས་གཉའ་ཁེབས་ཤིང་། །

                                   རིགས་པའི་གད་རྒྱངས་ས་གསུམ་འདར་བྱེད་པ། །

                                   འཇིགས་མེད་སྨྲ་བའི་སེང་གེ་དགེ་ལེགས་དཔལ། །

                                   མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །

        རྗེ་བདག་ཉིད་ཆེན་པོའི་ནང་ཐུགས་ཀྱི་སྲས་གཅིག དགའ་ལྡན་གྱི་ཁྲི་ཐོག་གསུམ་པ་ཐམས་ཅད་མཁྱེན་པ་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོ་ནི། རབ་བྱུང་དྲུག་པའི་ང་དགུ་པ་ཤིང་མོ་གླང་ལ་གཙང་སྟོད་ལྡོག་གཞུང་བྱང་ཆུབ་འོག་ཅེས་པར། བྱང་པའི་དཔོན་ཞལ་ངོའི་རིགས་སུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོའི་སྲས་གསུམ་གྱི་ཆེ་བ་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་དུ་འཁྲུངས་སོ། །འབྲིང་བ་བ་སོ་ཆོས་རྗེ་དང་། ཆུང་བ་བསོད་ནམས་བཀྲ་ཤིས་དང་བཅས་སྐུ་མཆེད་གསུམ་ཡོད། དེ་ཡང་རྗེ་རིན་པོ་ཆེ་འཁྲུངས་ནས་ལོ་ཉེར་དགུ་དང་། རྒྱལ་ཚབ་རྗེ་འཁྲུངས་ནས་ལོ་ཉེར་གཉིས་ལོན་པ་དེ་ཡིན། ཆུང་ངུའི་དུས་ནས་རིགས་ལམ་ལ་བག་ཆགས་སད་ཅིང་། མགོན་པོ་ཕྱག་དྲུག་པའི་རྗེས་གནང་ཞུས་ཏེ་བསྙེན་སྒྲུབ་གཏོར་མ་ཡེ་མ་ཆག་པར་མཛད་པས། ཆོས་སྐྱོང་གི་བཞོན་པ་ཕག་གི་སྐད་མཆོད་གཡོག་པས་ཚོར་བ་བྱུང་།

        གཞོན་ནུའི་དུས་སུ་མཁས་གྲུབ་ལྷ་དབང་པའི་སྐུའི་སྐྱེ་བ་ཡིན་པར་དྲན་པས་མཁས་གྲུབ་པའི་མཚན་ཆགས། མཁས་གྲུབ་ལྷ་དབང་པའི་དགོན་པ་རྡོ་རྗེ་གདན་ཡང་ཕུལ། གཞོན་ནུ་ཉིད་ནས་རིན་པོ་ཆེ་འཇམ་དཔལ་རྡོ་རྗེ་སྙིང་པོས་རྗེས་སུ་བཟུང་སྟེ་དབང་རྒྱུད་མན་ངག་བསམ་གྱིས་མི་ཁྱབ་པ་གནང་བས་རྩ་བའི་བླ་མ་བཀའ་དྲིན་ཆེ་ཤོས་ཡིན་གསུང་། དེ་རྗེས་ལམ་འབྲས་པ་ཡེ་ཤེས་དཔལ་བ་རྡོ་རྗེ་གདན་དུ་མཇལ་བས་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ཏེ་མཆི་མ་ཤོར། ཀྱཻ་རྡོར་གྱི་དབང་ཞུས་ནས་རྨི་ལམ་བརྟགས་པའི་དུས་སུ་བླ་མ་རེ་འོད་ཀོར་གྱི་ནང་ན་བཞུགས་པའི་འོད་ཀོར་ལ་ཡཥྚའི་སྔགས་གསེར་གྱིས་བྲིས་པ་ལྟ་བུ་མཐོང་བ་དང་། ཡེ་ཤེས་འབེབས་པའི་ཚེ་ཏིང་ངེ་འཛིན་གྱི་བྱེ་བྲག་མང་པོ་སྐྱེས། ལམ་འབྲས་བསྐྱངས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་སྐབས་སུ་བླ་མ་ལ་སྤྱན་གསུམ་ཡོད་པར་མཐོང་། འདི་ལ་ལམ་འབྲས་ཐོབ་པ་མན་ཆད་འཁྲིད་གང་བསྐྱངས་པ་ཀུན་གྱི་ཡོན་ཏན་ཚ་སེ་རྒྱུད་ལ་མ་སྐྱེས་པ་མ་བྱུང་། བླ་མ་འདི་ལ་རྡོ་རྗེ་འཆང་གི་འདུ་ཤེས་ལས་ཐ་མལ་བའི་འདུ་ཤེས་སྐྱེས་མ་མྱོང་གསུངས།

        རྗེ་རེད་མདའ་པ་ཆེན་པོ་ནི། ཆོས་ཉིད་བདེན་པ་མངོན་སུམ་དུ་གཟིགས་ཤིང་སྐུ་ཚེ་སྔ་མའི་ཡང་བླ་མ་ཡིན་པ་འདྲ་གསུང་ཞིང་། སྐུ་ཆུང་ངུའི་དུས་ནས་ཀླུ་སྒྲུབ་ཀྱི་མཚན་ཐོས་ཙ་ན་སྤྱན་ཆབ་འཆོར་ཞིང་། དབུ་མའི་ཆོས་ཚིག་དེ་ཙམ་ཐོས་པས་འདི་ལྟ་བུའི་ཆོས་ཟབ་མོ་སྟོན་པའི་བླ་མ་ཞིག་དང་མཇལ་ན་སྙམ་ཞིང་། བླ་མ་འདི་དང་མཇལ་ནས་མོས་གུས་དཔག་ཏུ་མེད་པ་སྐྱེས། མཇལ་བའི་དུས་ཀྱང་ཉི་མ་གསུམ་དུས་གཅིག་ལ་ཤར་བའི་རྨི་ལྟས་བྱུང་གསུང་། ལམ་འབྲས་པ་ཡེ་ཤེས་དཔལ་དང་། ཀུན་དགའ་རྒྱལ་མཚན་དང་། རྗེ་བཙུན་རེད་མདའ་པ་བསྟེན་ནས་མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ལ་སྦྱངས་པས་རིགས་པའི་དབང་ཕྱུག་ཆེན་པོར་གྱུར། དེ་ཡང་བླ་མ་འདི་ནི་སྐྱེ་བ་དུ་མར་རིག་པའི་གནས་ལྔ་ལ་སྦྱངས་ཤིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་མཐུས་སྐུ་ཚེ་འདིར་ཡང་གཞོན་ནུ་ན་ཚོད་ཡོངས་སུ་མ་སྨིན་པའི་སྐབས་ཉིད་ནས་ཀྱང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ལ་རྣམ་དཔྱོད་ཀྱི་འཇུག་པ་ཐོགས་པ་མེད་པར་གྱུར་ཏེ། གངས་རིའི་ཁྲོད་ཀྱི་མཁས་པ་ཀུན་གྱི་མགོ་བོ་ལ་བཀའི་ཕྲེང་བ་ངལ་གསོ་བགྱིད་པའི་ཤིང་རྟ་ཆེན་པོར་གྱུར་ཏོ་ཞེས་གྲགས་སོ། །

        དེ་ཡང་མཁས་པ་ཆེན་པོ་འདི་དགུང་ལོ་བཅུ་དྲུག་ལོན་པའི་ཚེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་འཇིགས་མེད་གྲགས་པས། ས་སྐྱ་པཎ་ཆེན་གྱིས་མཛད་པའི་རིགས་གཏེར་ཞེས་པའི་བསྟན་བཅོས་འདི་ནི་ནོར་བ་འབའ་ཞིག་ཏུ་བཤད་པ་ནང་འགལ་གྱི་ཕུང་པོ་ཡིན་འདུག ཁོ་བོས་དེ་འགོག་པ་ཡིན་པས་ལན་གདབ་པར་ནུས་པའི་ས་སྐྱ་པ་སུ་ཡོད་ཅེས་དྲིལ་བསྒྲགས་ཀྱང་ཐམས་ཅད་དཔའ་ཞུམ་པ་ལས། གཞན་དུ་ལན་གདབ་པར་ནུས་པ་སུ་ཡང་མ་བྱུང་། དེའི་ཚེ་བྱང་བའི་བདག་པོས། ངམ་རིང་གི་མཁས་པ་ཐམས་ཅད་བསགས་ཏེ། ལྷོ་བའི་མཁན་ཤོབ་འདིས་རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རབ་ལ་དགག་པ་བྱེད་ཀྱིན་འདུག་པས། ཁྱེད་རྣམས་ཀྱིས་འདི་བྱ་ངན་སྤུ་བཏོགས་པ་འདྲ་བ་ཞིག་གིས། སུས་བྱས་པ་ལ་ཁོ་བོས་བྱ་དགའ་ཆེན་པོ་སྟེར་བ་ཡིན་ཟེར་ནས། བྱང་ངམ་རིང་དུ་རྒོལ་བ་ཐམས་ཅད་བསགས་ཏེ། ངམ་རིང་གི་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་སྟན་བཤམས། སྦྱིན་བདག་རང་ཉིད་ཀྱང་ཁྲི་ལ་འདུག་སྟེ། དེའི་མདུན་སར་ཕྱོགས་དེའི་མཁས་པ་ཐམས་ཅད་ཀྱང་སྟན་ལ་འཁོད་ནས་ཐོག་མར་བཤེས་གཉེན་བཟང་རྒྱལ་མཚན་པ་ལ་སོགས་པ་མཁས་པར་གྲགས་པ་མང་པོས་བརྩད་ཅིང་། པཎྜི་ཏ་ཆེན་པོ་དེས་ཐལ་འགྱུར་གཉིས་གསུམ་ཙམ་གྱིས་ཚར་བཅད་ནས་ཐམས་ཅད་ཀྱིས་ཀྱང་རིགས་གཏེར་ནང་འགལ་གྱི་ཕུང་པོ་ཡིན་པར་ཐག་བཅད་དོ། །

        དེའི་སང་ཉིན་སྦྱིན་བདག་ཀྱང་ཡིད་རབ་ཏུ་མ་བདེ་ནས་སློབ་དཔོན་རྣམས་བཀའ་བཀྱོན་གྱིས་ཚར་བཅད། ད་ཁྱོད་རྣམས་ཀྱི་ནང་ན་ལན་འདེབས་ནུས་པ་སུ་ཡོད་དྲིས་པས་ཁོང་རྣམས་ཀྱིས་དཀའ་བཅུ་བ་དགེ་ལེགས་དཔལ་བ་འདི་བློ་གྲོས་ཐོགས་པ་མེད་པ་ཞིག་འདུག་པས་འདི་རྩོད་དུ་བཅུག་ན་གྲག་ཅེས་བྲོས་བྱས་ཏེ། དེའི་སང་ཉིན་སྔར་ལྟར་སྟན་བཤམས་པའི་མདུན་སར། མཁན་ཆེན་པས་རིགས་གཏེར་གྱི་དབུ་ནས་མཐར་ཆགས་ལ་བཀག བདག་ཉིད་ཆེན་པོ་འདིས་སྐྱོན་སྤོང་རིམ་པ་བཞིན་དུ་མཛད་ཅིང་། ཁོང་རང་ཉིད་ཀྱིས་གྲུབ་མཐའ་བཞག་པ་རྣམས་ཀྱང་རིགས་པ་དྲི་མ་མེད་པས་སུན་ཕྱུང་སྟེ། ལན་མེད་པར་མཛད་པའི་ཆེ། དེ་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་ན་གསུངས་པ་མ་གཏོགས་གཞན་གསུང་རྒྱུ་མ་བྱུང་། མཁས་པ་ཆེན་པོ་འདི་གཉིས་ཀྱིས་ཇི་ལྟར་བརྩད་པའི་གསུང་རྣམས་བཤེས་གཉེན་དོན་བཟང་རྒྱལ་མཚན་པས་ཡི་གེར་བཀོད་པ་ཡོད། མཁས་མཆོག་གཉིས་ཀྱིས་ཀྱང་ཕན་ཚུན་ཐུགས་འཕྲོགས་པར་གྱུར་ཏེ། དུས་ཕྱིས་པཎྜི་ཏ་འཇིགས་མེད་གྲགས་པས་མཁས་གྲུབ་རྗེ་ལ་བསྟོད་པ་བུང་བ་རྣམ་པར་རྩེ་བའི་རྒྱུད་མང་ཞེས་པ་ཡང་མཛད།

        བསྟོད་པ་དེ་ཉིད་ལས། རིགས་ཚུལ་གད་རྒྱངས་ཅིག་བསྒྲགས་པས། །ཕ་རོལ་ངུད་མོའི་ས་ལ་བརྟེན། །ཞེས་དང་། རྟོག་གེ་རྣོ་ལྡན་མྱུར་སྨྲ་རྣམས། ཁྱོད་ཀྱི་མདུན་སར་བརྒལ་ལན་གྱི། །གཏམ་ལ་ཞུགས་ཚེ་མགྲིན་པ་ནས། །རང་སྲོག་གིས་འགག་མི་སྨྲ་ཐོབ། །ཅེས་སོགས་ཡང་དག་པར་བསྔགས་པ་ཡང་མང་དུ་ཡོད།                                                                  

                                                                                                                        རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།