རྗེའི་རྣམ་ཐར་ཆེན་མོ་ལས་རྒྱལ་ཚབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 22:36:21     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ཡང་སྐབས་འགར་འོལ་ཁ་དང་གནས་རྙིང་སོགས་སུ་ཕེབས་ནས་ཀྱང་གསུང་ཆོས་གསུང་། ཁྱད་པར་ལྕགས་ཕག་ལོ་གདན་ས་ཆེན་པོ་དེར་གཞི་བྱས་ཀྱི་སྡེ་སྣོད་འཛིན་པ་སྟོང་ཙམ་ལ་གཞུང་ཆེན་པོ་རྣམས་ཀྱི་དཀའ་གནས་ལ་དོགས་གཅོད་དང་། རྣམ་འགྲེལ་གྱི་ཞིབ་བཤད་བཀའ་དྲིན་བསྐྱངས། དེ་ནས་གསང་བའི་བདག་པོས་ལྷོ་བྲག་གྲུབ་ཆེན་ལ། རྗེའི་རྗེས་སུའང་ཁོང་རང་གི་ཐུགས་ཁེངས་བའི་བཤེས་གཉེན་དུ་མ་འབྱུང་། ཁྱད་པར་དུ་གཙང་རང་ནས་བདུན་འབྱུང་གསུངས་པའི་གནད་དང་ཆོས་ཀྱི་བབས་བྱས་ཀྱང་འོས་པར་དགོངས་ནས་མཁས་གྲུབ་ཐམས་ཅད་མཁྱེན་པ་ཕྱག་ཕྱིར་ཁྲིད་འོངས་པ་དེ། གསེར་ཁྲིར་བཀོད་ནས་རང་ཉིད་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་དེ། ཐུགས་དམ་ཟབ་མོའི་རིམ་མཛད།

        སྐུ་ཆེ་བའི་ཡོན་ཏན་ཡང་། འཕྲལ་གྱི་མཛད་པ་ནི། སྲིད་པའི་ཕུན་ཚོགས་མཐའ་དག་ལ་ཐུགས་ལོག་པས་ལོངས་སྤྱོད་ཀྱི་ཡོ་ལང་དང་འཇིག་རྟེན་གྱི་མཐུན་འཇུག་མི་མཛད་པས། དབྱར་དགུན་གྱི་མཚམས་ལ་ཚོགས་སུ་མི་ཕེབས་པར་བསྔོ་རྟེན་འཚམས་ཁང་འགག་ཏུ་འབུལ། བརྡའ་ལན་ཕྱག་མདུད་རེ་གནང་བས། ཤར་བ་རིན་རྒྱལ་བས། སྦྱིན་བདག་ཚོ། སྐུ་མདུན་དུ་མ་བཏང་ན། ཡིད་མི་ཆེས་བར་འདུག་ཞུས་པས། དབུ་ཞྭ་ཕུད་ནས་ངའི་མགོ་ལ་ལྟོས་དང་། ལོང་གཏམ་བྱེད་ལོང་ཨེ་འདུག་གསུངས་ཤིང་། ཉིན་མཚན་ཁོར་ཡུག་ཏུ་བཤད་སྒྲུབ་ཀྱི་མཛད་པ་ལ་སྐད་ཅིག་ཀྱང་མི་གཡེལ་བ་ལུང་གི་ཡོན་ཏན་མདོ་སྔགས་ཀྱི་བཀའ་སྟན་བཅོས་མང་པོའི་གཞུང་ཚིག་ཞལ་ཐོན་དུ་བཀླགས་ཤིང་གཞུང་དོན་མ་ལུས་པ་གདམས་པར་ཤར་བ་དང་། རྟོགས་པའི་ཡོན་ཏན་སྡོམ་པ་གསུམ་དང་འགལ་བའི་བཅས་རང་གི་ལྟུང་བ་ཕྲ་མོའི་དྲི་ཡང་མེད་པས་ཚུལ་ཁྲིམས་ཀྱི་དྲི་ངད་དཔག་ཚད་ཀྱི་ཁྱོན་ཙམ་དུ་ལྡང་བ་དང་། སེམས་ཅན་སྡུག་བསྔལ་གྱི་མནར་བ་ཤས་མི་བཟོད་པའི་སྙིང་རྗེས་སྤྱན་ཆབ་ངང་གིས་འབྱུང་བས་མདུན་ན་འཁོད་པ་གཞན་གྱིའང་བློ་སྣ་བསྒྱུར་ནུས་པ། ཐུན་མོང་པ་ཟབ་མོའི་ལྟ་བ་རྣམ་དག་དང་། ཐུན་མོང་མ་ཡིན་པ་སྒོ་གསུམ་རྡོ་རྗེ་གསུམ་དུ་ཤར་བའི་ང་རྒྱལ་དང་གསལ་སྣང་བརྟན་པོའི་བསྐྱེད་རིམ་དང་། གང་ཤར་བ་བདེ་སྟོང་གི་ཏིང་འཛིན་དང་ལྷ་སྐུར་འཆར་བའི་རྫོགས་རིམ་མངའ་བས་སྲིད་གསུམ་ཟིལ་གྱིས་གནོན་པ་སོགས་ཡོན་ཏན་རྒྱ་ཆེའོ། །

        དེ་ཡང་སྣང་ཚོད་ཙམ་སྟེ། ཐུན་མོང་མ་ཡིན་པ་རིགས་ལྡན་པདྨ་དཀར་པོའི་སྤྲུལ་པར་འདོད་ན། ཡོན་ཏན་གྱི་ཚད་སུས་བཤད་ནུས། རིགས་ལྡན་པདྨ་དཀར་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པར་དུས་འཁོར་རྩ་རྒྱུད་དུ་གསུངས། ལེགས་བཤད་ཀྱི་རྩོམ་པ་ཡང་། རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད། རྣམ་ངེས་ཀྱི་རྣམ་བཤད་ཆེན་མོ་རྒྱལ་བའི་དགོངས་པ་རབ་གསལ། རིགས་ཐིག་གི་ཊིཀྐ་རིན་ཆེན་གཏེར་མཛོད། མདོའི་ཊིཀྐ་མཐར་འཛིན་གདུང་སེལ། རྣམ་འགྲེལ་གྱི་ས་བཅད་ཆེན་མོ། རིགས་གཏེར་གྱི་ཊིཀྐ་དང་། མངོན་རྟོགས་རྒྱན་གྱི་རྣམ་བཤད་སྙིང་པོའི་རྒྱན། མངོན་རྟོགས་རྒྱན་གྱི་ལམ་བསྒྲིགས། རྒྱུད་བླ་མའི་ཊིཀ་ཆེན། དབུ་མ་རིམ་ཆེན་འཕྲེང་པའི་ཊིཀྐ བཞི་བརྒྱ་བའི་ཊིཀྐ སྤྱོད་འཇུག་ཊིཀྐ མངོན་པ་ཀུན་བཏུས་ཀྱི་ཊིཀྐ ཕུང་པོ་གསུམ་པའི་ཊིཀྐ ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་ཊིཀྐ གསང་འདུས་འཇམ་རྡོར་གྱི་མངོན་དཀྱིལ། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རིམ་གཉིས་མྱུར་འཇུག་སོགས་བཀའ་སྩལ་བ་པོ་ཏི་བརྒྱད་ཙམ་བཞུགས་སོ། །

        དེ་ནས་མྱ་ངན་ལས་འདའ་བར་ཉེ་བ་ན་དོན་གྱི་གཙོ་བོ་པོ་ཏ་ལ་ཉིད་ས་ལ་གནས་པའི་འོག་མིན་གཉིས་པར་དགོངས་པ་ཡིན་ནའང་། རིམ་པས་གནས་རྙིང་དང་། ངམ་རིང་ཆོས་སྡེར་ཕེབས་པ་ལ་བསྙད་བཏགས་ཤིང་གཞིས་ཀ་སྣེའུ་པས་པོ་ཏ་ལར་གདན་དྲངས། གཞུང་ཀོ་མཛད་ནས་ཕེབས་པས་ལྷོ་ངགས་ཁའི་ལྕགས་ཟམ་དབུད་པའི་སྟེང་དུ་གྲུབ་ཐོབ་ཐང་སྟོང་པ་བྱོན་ནས། སྐུ་ཚེ་རིང་པོ་མེད་པས་ལྕགས་ཟམ་འོག་ལ་ཀ་བ་ཐོང་གསུངས་པས། ཀོ་བ་ལྕགས་ཟམ་གོང་དུ་ཆོད། གྲིབ་ཆེ་གསུངས། ཀོ་བ་ནས་ཚུར་ཕེབས་དུས་སྣེའུ་པས་བསུ་བ་ལ་ཡོང་སྟེ། ཕྱག་གི་ཕུ་དུང་གིས་ཚ་ཕྱིས་མཛད་ནས་ཚུར་འཐེན་གྲབས་མཛད་པས། སྡིག་ལག་དེ་ཕར་བསྡུས་གསུངས། དེ་ནས་པོ་ཏ་ལར་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་སོགས་པའི་ཆོས་ཀྱང་འཁོར་ལོ་ཐ་མ་བསྐོར་ནས། སྐུ་ཅུང་ཟད་བསྙུང་བར་ཚུལ་བསྟན་ཏེ། རེ་དགུ་པ་ཆུ་བྱིའི་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་བདེ་བར་གཤེགས།

        མཁས་གྲུབ་རྗེས་སྣེའུ་པ་ལ་ངའི་བླ་མའི་གདུང་ཡར་སྤྱན་དྲོངས། ཞེས་བཀའ་གནང་བས་དགའ་ལྡན་དུ་སྤྱན་དྲངས་པའི་ལམ་བར་དུ་ཡང་མེ་ཏོག་སྣ་ལྔའི་ཆར་ཆེན་པོས་གཡོགས་པར་གྱུར་ཅིང་། ཞུགས་ལ་ཕུལ་བས་རིང་བསྲེལ་ཁ་དོག་ཤིན་ཏུ་འཚེར་བ་དཔག་ཏུ་མེད་པ་བྱོན་ཏེ། དེང་སང་ཡང་རྒྱལ་ཚབ་རང་བསྲེལ་ཞེས་མང་པོའི་ལག་ཏུ་བརྒྱུད་པ་སྣ་ཚོགས་སྣང་ངོ་། །སྐུའི་རྟེན་ཇོ་ཁང་དུ་ཇོ་བོ་རིན་པོ་ཆེའི་གསེར་སྐུ་ཆེན་མོ། ཐུགས་ཀྱི་རྟེན་དུ་དངུལ་གདུང་ཆེན་མོ་རྗེ་བླ་མའི་དངུལ་གདུང་གི་གཡས་ན་ཡོད་དོ། །བླ་མ་མཆོག་གི་ཡོན་ཏན་དེ་ལྟ་བུ། །ཅུང་ཟད་བརྗོད་པའི་དགེ་བ་གང་བསགས་པ། །དེས་ནི་མགོན་སྐྱབས་མེད་པའི་འགྲོ་བ་ཀུན། །བཤེས་གཉེན་བཟང་པོས་རྟག་ཏུ་སྐྱོང་གྱུར་ཅིག །

                                                                    རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།