རྗེའི་རྣམ་ཐར་ཆེན་མོ་ལས་རྒྱལ་ཚབ་ཆོས་རྗེའི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-26 11:43:53     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ལེའུ་བརྒྱད་པ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལས་རྗེའི་བསྟན་པ་རྒྱས་པར་མཛད་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་རྣམ་ཐར་དང་ཞར་ལ་དགའ་ལྡན་ཁྲིར་བཞུགས་པའི་བླ་མ་རྣམས་ཟུར་ཙམ་བརྗོད་པ།བདེ་བར་གཤེགས་པའི་གསུང་རབ་པདྨོའི་ཚལ། །ལེགས་པར་འབྱེད་པའི་བློ་གྲོས་འོད་སྟོང་ལྡན། །སྲིད་གསུམ་མཁས་པའི་གཙུག་རྒྱན་རིན་པོ་ཆེ། །རྒྱལ་ཚབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བརྒྱད་པ་ལ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་ཡུན་རིང་དུ་བཞུགས་པར་མཛད་པའི་སློབ་མའི་ཚོགས་གྲངས་ལས་འདས་པ་ལས་འགའ་ཟུང་གི་རྣམ་ཐར་ཟུར་ཙམ་བརྗོད་པར་བྱའོ། །

        དེ་ཡང་རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་རྒྱལ་བ་ཙོང་ཁ་པའི་སྐུ་ཚབ་ཏུ་དགའ་ལྡན་གྱི་ཁྲིར་བཞུགས་ནས། བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་རྒྱས་པར་མཛད་པའི་རྗེ་དར་མ་རིན་ཆེན་པའི་ཞལ་སྔ་ནས་ནི། རབ་བྱུང་དྲུག་པའི་སོ་བརྒྱད་པ་ཤིང་འབྲུག་ལོ་ལ་གཙང་གི་ཕྱོགས་ཉང་སྟོད་ཀྱི་འབངས་མི་སྟོང་ཕྲག་ཅན་གྱི་དཔོན་ཆེན་ཞིག་གི་སྲས་སུ་འཁྲུངས། འབྲུག་ལོ་འདི་ནི་བུ་སྟོན་རིན་པོ་ཆེ་གཤེགས་ནས་ལོ་དགུ་དང་། རྗེ་འཁྲུངས་པའི་མེ་བྱ་ནས་ལོ་བརྒྱད་པ་ཡིན། སྐུ་ན་ཕྲ་བའི་དུས་སུ་གནས་རྙིང་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་བྱུང་མཛད།

        དེ་ནས་གངས་ཅན་པ་ཀུན་དགའ་དཔལ་དང་། དཀའ་བཞི་པ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་པ་སོགས་ལ་བརྟེན་ནས་བཀའ་བསྟན་བཅོས་ལ་སྦྱངས་པས་ལུང་རིགས་སྨྲ་བའི་མཁས་པ་ཆེན་པོར་གྱུར་ཏེ། ལྡོག་ལོང་པ་ཀུན་དགའ་དཔལ་གྱིས་མཁན་པོ་དང་། རེད་མདའ་པ་གཞོན་ནུ་བློ་གྲོས་ཀྱིས་ལས་སློབ་དང་། གངས་ཅན་པ་ཀུན་དགའ་དཔལ་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། དེ་ནས་ས་སྐྱ། གསང་ཕུ། རྩེས་ཐང་རྣམས་སུ་དཀའ་བཅུའི་གྲྭ་སྐོར་གནང་སྟེ། ལེགས་པར་སྦྱངས་པའི་མཁས་ཆེན་རྣམས་ཀྱང་ལེགས་བཤད་ཀྱིས་ཡིད་འཕྲོག་པ་དང་། རིགས་པའི་ང་རོས་སྤ་བཀོང་བ་ལྷན་ཅིག་ཏུ་བྱས་ཏེ། མཁས་པའི་མཁས་པ་རྣམས་ཀྱང་ཉི་མའི་དྲུང་གི་མར་མེ་ཁོ་ནར་མཛད་དོ། །

        དེ་ཡང་གསང་ཕུར་བྱོན་པའི་དུས་སུ་རོང་སྟོན་སྨྲ་བའི་སེངྒེ་དང་། ཐེག་གསུམ་རྣམ་གཞག་གི་ཐད་དུ་བརྒལ་བརྟག་མཛད་པས། རོང་ཊིཀ་བ་ཉི་མའི་དྲུང་གི་མར་མེ་ལྟར་མཛད། དེ་དུས་རྩོད་པ་མཛད་པའི་གསུང་རྣམས་དྲུང་ན་འཁོད་པའི་མཁས་པ་རྣམས་ཀྱིས་ཡི་གེར་བཀོད་པ་ཡང་ཡོད། གྲྭ་སྐོར་གྲུབ་ནས། རྗེ་རིན་པོ་ཆེ་དེ་ཉིད་སྙན་པ་ཆེ་བས། གཉལ་སྟོད་ར་གྲོང་ན་བཞུགས་པའི་ཚེ་མཇལ་དུ་ཕེབས། ཐོག་མར་དྲི་བ་མང་དུ་མཛད་པས། རྗེ་འདིས་རྟོགས་ལྡན་ལ་སྐྱེ་བའི་དོགས་པ་འདྲ་བསླངས་པ་ལ། ལན་གྱི་སྤོབས་པ་མ་བྱུང་བས། ཆོས་ཀྱི་གྲགས་པའི་རིགས་ལམ་ལ་བརྟེན་ནས་གསུང་རབ་ཐམས་ཅད་ཐར་འདོད་རྣམས་ལ་མེད་མི་རུང་དུ་ཉམས་སུ་ལེན་པའི་གདམས་པའི་གནད་ལུང་དང་བཅས་པ་ཐོགས་གཅིག་གསུངས་པས། དེ་མ་ཐག་དབང་རྣོན་ཆོས་ཀྱི་སྤྱན་ལྡན་དེས་ཐུགས་ཀྱིས་ཆུད་ནས་རངས་པའི་བདེ་བ་དང་། འདི་ནི་ཐམས་ཅད་མཁྱེན་པ་རྒྱལ་བའི་དམ་ཆོས་མ་ལུས་ཅིག་ཅར་སྟོན་པའི་སྨོན་ལམ་རླབས་པོ་ཆེ་གྲུབ་པ་ཅིག་ཁོ་ནའོ་སྙམ་པའི་དད་པ་དྲག་པོ་མནན་པས་མི་ནོན་པ་གཉིས་མཉམ་དུ་འཁྲུངས་ཤིང་། ཞབས་ལ་གཏུགས་པའི་ཕྱག་མང་དུ་མཛད།

        བདག་བླ་མ་རྗེ་བཙུན་པ་ལ་གནང་བ་ཐོབ་ནས། རྗེ་ཉིད་ཞབས་བརྟན་གྱི་བར་སྐུ་དང་གྲིབ་མ་བཞིན་དུ་ཞབས་འབྲིང་དུ་འབྲང་བས་ཐུགས་རྗེས་གཟུང་འཚལ་ཞེས་དད་པའི་ང་རོ་དང་བཅས་ཞུ་བ་ཕུལ་བས། རྗེ་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས། ཞབས་ཕྱིར་རྒྱུན་འཐུད་ནས་མདོ་སྔགས་ཀྱི་གསུང་རབ་མཐའ་ཡས་པ་གསན་པའི་ཞོར་ལ་རྗེ་དྲུང་དུ་བསྙེན་པའི་སྡེ་སྣོད་འཛིན་པ་ཕལ་ཆེར་ལེགས་བཤད་ཀྱིས་སྐྱོང་བར་མཛད་ཅིང་། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐའ་ཡས་པའི་གཏེར་དུ་བྱུང་བས། འགྲན་ཟླ་ཐམས་ཅད་དང་བྲལ་བ་འདི་གཟིགས་ནས། རྗེ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་ཁར། འོད་གསལ་ལྷ་ཁང་དུ་བུ་ཆེན་ཐམས་ཅད་འཚོགས་པའི་དབུས་སུ། རྒྱལ་ཚབ་རྗེ་ལ་ན་བཟའ་བེར་ཐུལ་དང་། དབུ་པཎ་ཞྭ་ཞིག་གནང་སྟེ་དོན་གྱིས་གོ་བར་མཛད་པས་བུ་ཆེན་གཞན་ཐམས་ཅད་ཁོ་ཐག་ཆད་དེ། ས་ཕག་དེ་ཀའི་མཇུག་ལ། འདུལ་འཛིན་རིན་པོ་ཆེས་ཐོག་དྲངས་པའི་དགེ་འདུན་རྣམས་ཀྱིས་བཞུགས་གདན་སེངྒེའི་ཁྲིའི་སྟེང་དུ་སྤྱན་དྲངས་པ་ལས། རྒྱལ་ཚབ་ཆོས་རྗེ་ཞེས་སྙན་གྲགས་ཀྱི་ཚངས་དབྱངས་འོག་མིན་སྟུག་པོ་བཀོད་པའི་བར་དུ་ཁྱབ་སྟེ། དེ་ཡང་རྒྱལ་ཚབ་རྗེའི་དགུང་ལོ་ང་དྲུག་ནས་རེ་བརྒྱད་པའི་ལྕགས་ཕག་གི་ལོའི་བར་ལོ་བཅུ་གསུམ་དུ་གདན་སར་བཞུགས།

        དེའི་རིང་ལ་དགེ་འདུན་གྱི་སྤྱི་ཁྲིམས་དམ་ཞིང་། དབྱར་དགུན་གཙོ་ཆེར་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་། རིམ་གཉིས་ཀྱི་ཁྲིད་ཀྱང་གསུངས་ཤིང་། མཚམས་དམ་པར་མཛད་ནས་ཐམས་ཅད་ཀྱང་ལམ་རིམ་གྱི་ཁྲིད་སྐྱོང་པ་དང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ལྷུར་མཛད་པའི་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་། དཔྱིད་དང་སྟོན་སེ་འབྲས་གསང་གསུམ་སོགས་ཕྱོགས་ནས་བྱོན་པའི་སྡེ་སྣོད་འཛིན་པ་རྣམས་དང་། གཉུག་མར་གསན་པའི་དགེ་འདུན་རྣམས་ལ་དཀའ་ཆེན་བཞི་དང་། དབུ་མ་རྩ་འཇུག དྲང་ངེས་རྣམ་འབྱེད་ལ་སོགས་པའི་མདོ་ཕྱོགས་ཀྱི་བཤད་པ་དང་། དཔལ་གསང་འདུས། བདེ་མཆོག འཇིགས་བྱེད་ལ་སོགས་པའི་རྒྱུད་ཀྱི་བཤད་བཀའ་དང་། ཁྲིད་བཀའ་དང་། ལུང་མན་ངག་ཀྱང་འདོམས་པར་མཛད་དེ་ཀློག་པ་ཐོས་བསམ་ཀྱི་འཁོར་ལོས་དུས་མདའ་བར་མཛད་དོ། ། 

                                                                  རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།