རྗེའི་རྣམ་ཐར་ཆེན་མོ་ལས་བུ་སློབ་དག་གི་སྐོར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-24 22:16:38     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ངོ་མཚར་པ་གཉིས་ནི། སྐྱེས་མཆོག་སྨོན་ལམ་པ་དང་། རི་མི་འབབས་པ་བསོད་ནམས་རིན་ཆེན་ནོ། །སྤྱན་སྔ་བརྒྱད་ནི། སྤྱན་སྔ་ཀུན་བློ། སྤྱན་སྔ་གཞོན་འོད། སྤྱན་སྔ་བློ་རྒྱན། སྤྱན་སྔ་དཔལ་བཟང་། སྤྱན་སྔ་རྣམ་རྒྱལ། སྤྱན་སྔ་བསོད་ལྡན། སྤྱན་སྔ་རིན་རྒྱལ། སྤྱན་སྔ་རིན་ཆེན་འཕེལ་ལོ། །བླ་ཆེན་བརྒྱད་ནི། གུང་ཐང་ཆོས་རྗེ་མཛེས་པ་དཔལ། བླ་ཆེན་ཉན་ཤག སྟག་ལེབ་གུ་ཤྲི་དཔལ་དོན་པ། ཏེའུ་ར་པ་ཡེ་ཤེས་དཔལ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། མཁན་ཆེན་རྒྱལ་བཟང་། མཁན་ཆེན་ཀུན་རྡོར། མཁན་ཆེན་བྱང་དཔལ་ལོ། །

        ཆེན་པོ་བདུན་ནི། ཆེན་པོ་གྲོགས་བཟང་། ཆེན་པོ་དྭགས་པོ། ཆེན་པོ་བློ་འཕེལ། ཆེན་པོ་ལུན་རྒྱལ། ཆེན་པོ་བཀྲ་ཤིས་རྒྱན། ཆེན་པོ་འཇམ་དབྱངས་ཁ་ཆེ། ཆོས་སྒོ་བ་བཀྲ་ཤིས་ཆེན་ནོ། །དཀའ་ཆེན་བཅུ་བཞི་ནི། དཀའ་བཅུ་ངད་བཟང་། འབལ་སེར་དཀའ་བཅུ། ཙོ་ཚ་དཀའ་བཅུ་ཡོན་ཏན་རྒྱལ་མཚན། ལྷ་ལ་དཀའ་བཅུ། མཐིལ་ཆུ་དཀའ་བཅུ་པ་དོན་ཡོད། བྲག་དོན་དཀའ་བཞི་པ་རིན་ཆེན་དཔལ། རྒྱལ་བ་དཀའ་བཞི་པ་རིན་ཆེན་ཆོས་རྒྱལ། གྱེ་རེ་དཀའ་བཞི་པ་སངས་རྒྱས་དབང་ཕྱུག སྟག་ཕུ་དཀའ་བཞི་སངས་རྒྱས་བཟང་པོ། གཡག་སྡེ་དཀའ་བཞི་པ་བསོད་ནམས་བཟང་པོ། གྲོ་ས་དཀའ་བཞི་པ། མཚུར་ཕུ་དཀའ་བཞི་པ། དཀའ་བཞི་པ་ཆོས་སེང་། དཀའ་བཞི་པ་གྲགས་པ་རྒྱལ་མཚན་ནོ། །ཇོ་བོ་གདན་གཅིག་པ་བཞི་ནི། ཇོ་གདན་ཟླ་བ་བློ་གྲོས། ཇོ་གདན་བསོད་ནམས་ལྷུན་གྲུབ། ཇོ་གདན་ལེགས་རིན་པ། ཀོང་པོ་ཇོ་གདན་ནོ། །

        གནས་བརྟན་དྲུག་ནི། གནས་བརྟན་ཆོས་བཟང་བ། གནས་བརྟན་རྒྱལ་སྟེང་བ་དོན་གྲུབ་དཔལ། གནས་བརྟན་རྒྱ་མ་པ་དགེ་འདུན་རྒྱལ་པོ། གནས་བརྟན་འོད་ཟེར་བཀྲ་ཤིས། གནས་བརྟན་གཞོན་ནུ་སངས་རྒྱས། གནས་བརྟན་ཀུན་འབུམ་མོ། ། རྟོགས་ལྡན་ལྔ་ནི། ཀུ་ཅོད་རྟོགས་ལྡན་པ་སངས་རྒྱས་དཔལ་བཟང་། རྟོགས་ལྡན་ནམ་མཁའ་ཤོ་རེ། རྒོད་ཕྲུག་གྲགས་པ་འབྱུང་གནས། རྟོགས་ལྡན་རལ་ཞིག་པ། བུ་ལེ་ནམ་རྒྱལ་ལོ། རྒྱལ་ཚབ་བཅུ་གཉིས་ནི། དགེ་ལྡན་གདན་སར་རྗེ་དར་མ་རིན་ཆེན། རྗེ་མཁས་གྲུབ་པ། རྗེ་ཞ་ལུ་བ། རྗེ་བློ་གྲོས་པ། རྗེ་བ་སོ་པ། བཙུན་མོ་ཚལ་དུ་རྗེ་འདུལ་འཛིན་པ། འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ། སེ་རར་བླ་མ་དར་བཟང་བ་དང་། རྗེ་གུང་རུ་བ། གསང་སྔགས་མཁར་དུ་བླ་མ་ཅོག་ཆེན་པ། རྫིང་ཕྱིར་རྗེ་བཟང་སྐྱོང་བ། ཉི་མ་གླིང་དུ་བླ་མ་བྱང་སེང་བ་དང་བཅུ་གཉིས་ཡོད་དོ། །

        གཞན་ཡང་ལྷ་གཟིགས་གྲགས་པ་རྒྱ་མཚོ། རྒྱ་སྟོན་བློ་བཟང་གྲགས་པ། གཞོན་ནུ་དཔལ་བ། མཁན་པོ་བསམ་རྒྱལ། བླ་མ་གསེར་ཐུབ་པ། ཡངས་སྟེང་རིན་པོ་ཆེ། ཞི་བློ་དཔོན་པོ། དྲུང་ནམ་མཁའ་པ། བླ་མ་གོན་པོ་བྱང་ཆུབ་པ། བླ་མ་བསོད་རིན་པ། དྲུང་ཆོས་འཕགས་པ། བླ་མ་ཤཱཀ་རིན་པ། བླ་མ་ཟླ་བ་བཟང་པོ། བླ་མ་ཆོས་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་སོགས་མཐའ་ཡས་པ་བྱོན་ཏེ། དེ་དག་སོ་སོ་ལས་ཆོས་མནོས་པའི་སློབ་མ་རྣམས་དང་། དེ་དག་གི་སྤྲུལ་སྐུ་རིམ་བྱོན་རྣམས་ཀྱིས་དགོན་གསར་འདེབས་པ། རྙིང་པ་གསོ་བ། ཆོས་འཆད་པ། ལེགས་བཤད་རྩོམ་པ། བསྒོམ་སྒྲུབ་མཛད་པ་སོགས་གོང་ནས་གོང་དུ་འཕེལ་ནས། ནམ་མཁའི་མཐའ་དང་མཉམ་པ་ལྟ་བུར་བཞུགས་པ་ཡིན་པས། འདིར་བརྗོད་པ་ནི་རྒྱ་མཚོ་ཆེན་པོ་ནས་ཆུ་ཐིགས་གཅིག་བླངས་པ་ལྟ་བུ་ཡིན་ནོ། །ཤེས་འདོད་དག་གིས་རྣམ་ཐར་ཆོས་འབྱུང་རྣམས་སུ་བལྟས་ཏེ། དེ་དག་གི་རྗེས་སུ་འབྲངས་ནས་རང་གི་འདི་ཕྱིའི་དོན་ཀུན་བསྒྲུབ་དགོས་སོ། །

        སྨྲས་པ། ཡིད་ལ་རིང་ནས་གནས་བཅས་མུན་པའི་ལག་འགྲོ་གདུག་པའི་ལྕེ། །གཉིས་པ་དང་བཅས་ཆགས་དང་སྡང་བའི་གློག་ཕྲེང་གཡོ་བ་ལྟར་རྣོ་བ། །དགེ་ལེགས་སྲོག་འཕྲོག་ཆེན་པོའི་དུག་གིས་མྱུར་དུ་ཁྱབ་བྱེད་རྨོངས་པ་ནི། །རྒྱལ་བའི་ཐུགས་ཀྱི་བུམ་པ་ལས་འོངས་ལེགས་བཤད་བདུད་རྩིས་འཕྲོག་གྱུར་ཅིག །རྨ་བྱ་དག་གི་རྣ་བ་ལ། །དབྱར་སྐྱེས་སྤྲིན་གྱི་སྒྲ་དབྱངས་བཞིན། །དམ་པའི་སྐྱེ་བོ་མ་ལུས་པ། །དམ་པའི་སྤྱོད་ཚུལ་ཐོས་པས་ཚིམ། །དེ་ཕྱིར་ཚིག་གི་དོག་པ་ནི། །སྤྱོད་ཚུལ་རྫོགས་པའི་དྲི་བཟང་ཅན། །ཕྱོགས་ཀྱི་མཛེས་མའི་རྣ་བ་ལ། །འབྱུང་བ་རྩོམ་པ་བདག་གིས་བྱས། །ཆེན་པོའི་གཏམ་གྱི་སྦྱོར་བས་ཀྱང་། །དམན་རྣམས་ཡིད་ལ་ཟུག་རྔུ་ནི། །ཕྲག་དོག་མེ་ཡིས་བཙོས་པ་བཞིན། །ཞུམ་པ་དག་དང་ལྷན་ཅིག་འབྱུང་། །ཉི་མའི་འོད་ཟེར་འཐུངས་པ་ཡི། །པད་གཞོན་ཁ་ཡི་བདུད་རྩི་ལ། ཁྲོས་པའི་བུང་བ་གླང་ཆེན་གྱི། །འགྲམ་པའི་ཆང་ལ་འཐུང་བར་རྩོམ། །དེ་ལྟ་ན་ཡང་བདག་གིས་ནི། །དམ་པ་རི་དྭགས་མིག་ཅན་གྱི། །ཟུར་ཕུད་དག་ལ་འོས་པ་གང་། །ངོ་མཚར་གཏམ་གྱི་ཕྲེང་བ་བཀོད། །གང་གི་བློ་གྲོས་བློ་ཡིས་བང་མཛོད་ནི། །ལེགས་བཤད་རིན་ཆེན་བྱེ་བས་གང་གྱུར་པ། །བློ་ཆུང་ཆད་ཀྱིས་བགྲང་བར་མི་སྤྱོད་པའི། །སྙན་དངགས་འབྱུང་ཁུངས་དེ་ལས་འདི་ཉིད་འོངས། །གང་ཞིག་ཟབ་ཡངས་ཆུ་གཏེར་བཞི་ཡི་ཚད། །ཤེས་ལྡན་སུ་ཞིག་ཆུ་ཐིགས་གྲངས་ཀྱིས་བགྲང་། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་ཕུང་པོའི་ཚད། །བགྲང་བས་མཐུ་ཆེན་ཀུན་གྱི་སྒྱིད་ལུག་འགྱུར། །འོན་ཀྱང་ལྷོ་ཕྱོགས་དྲི་བཞོན་གྱིས་བོས་པའི། །རྐང་འཐུང་མེ་ཏོག་རྒྱས་པའི་སྙེ་མ་བཞིན། །མགོན་ཁྱོད་ཡོན་ཏན་པད་མོའི་དྲི་བསུང་གིས། །བདག་ཡིད་བུང་བའི་བརྟན་ཉམས་མུ་ཅོར་གྱུར། །དེ་ཕྱིར་ཀུན་མཁྱེན་རྗེ་བཙུན་བླ་མའི་ཡོན་ཏན་ནོར་བུའི་ཚོགས། །བདེ་ལེགས་ཀུན་གྱི་འབྱུང་གནས་དེ་ཉིད་བདེ་བླག་འཐོབ་པའི་ཐབས། །ཕུལ་བྱུང་མཛད་པའི་རྒྱ་ཆེན་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་འདི། །རང་གཞན་རེ་བ་མཐའ་དག་སྐོང་བའི་སླད་དུ་གུས་པས་བྱས། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །གང་གི་མཚན་ཡང་བསྙལ་བར་རྙེད་དཀའ་བ། །ཐེག་མཆོག་དགེ་བའི་བཤེས་ཁྱོད་ཞབས་ཀྱི་རྡུལ། །འབྲལ་མེད་གཙུག་ཕུད་རྒྱན་དུ་བསྟེན་པར་ཤོག །དེ་ནི་སྒོ་གསུམ་བྱ་བ་ཀུན་གྱིས་ཀྱང་། །ཁྱོད་མཉེས་བགྱིད་པ་འབའ་ཞིག་ལྷུར་བླངས་ནས། །དེ་ཡི་མཐུ་ལས་ཐུགས་ཀྱི་བཅུད་བྱུང་བ། །ཁྱོད་གསུང་བདུད་རྩིའི་རོ་ཡིས་འཚོ་བར་ཤོག །ཐེག་མཆོག་ལམ་གྱི་གཞུང་ཤིང་བྱང་ཆུབ་སེམས། །ཡང་དག་ལྟ་བའི་གནད་དང་རིམ་གཉིས་ལ། །འཁྲུལ་མེད་ངེས་པ་རྙེད་ནས་བརྩོན་པ་ཡིས། །ཁྱོད་གསུང་སྒྲུབ་པ་སྙིང་པོར་བྱེད་པར་ཤོག །

        རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། སྤྲུལ་པའི་སྐུའི་མཛད་པ། སྐུ་ཚེ་འདིར་བརྩམས་པའི་གསུང་རབ། སྲས་མཆོག་རྣམས་ཀྱི་གྲངས་བཅས་བརྗོད་པའི་ལེའུ་སྟེ་བདུན་པའོ། །                                                                                                              རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།