རྗེའི་རྣམ་ཐར་ཆེན་མོ་ལས་བུ་སློབ་དག་གི་སྐོར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-24 22:10:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

                     ཆབ་མདོ་ཤེར་སེང་ནི། ཁམས་སྟོད་ཀྱི་སའི་ཆར་ཆོས་འཁོར་བྱམས་གླིང་གི་དགོན་སྡེ་བཏབ། འདི་ནི་རྗེ་རིན་པོ་ཆེ་ཐུགས་གཉེར་ལ་འབྱོན་པའི་ལམ་དུ་གནས་བརྟན་དང་མགོན་པོའི་ཞལ་གཟིགས་ནས་དགོན་སྡེ་འབྱུང་བར་ལུང་བསྟན་པའི་གནས་ཡིན་ཞིང་། དེར་གྲྭ་ཚང་ལྔ་ཆགས་ནས་དེང་སང་གི་བར་དར་བཞིན་པ་ཡིན་ནོ། །

        དབུས་གཙང་བསྟན་པའི་སྒྲོན་མེ་བདུན་ནི། ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁས་པ་རྒྱལ་དབང་ཁ་ཆེ། གཉལ་རྒོད་རིན་བསམ། མཁྱེན་རབ་གྲགས་བཟང་། གཉལ་ཆེན་ཤེས་རབ་རྒྱལ་མཚན། ཆོས་རྗེ་དཔལ་སེང་། སྣར་ཐང་རབ་མཆོག་གོ དེ་ལས་རིན་བསམ་དང་གྲགས་བཟང་གཉིས་ནི་རྭ་སྟོད་ཀྱི་འདུས་སྡེ་བསྐྱངས་པ་ཡིན། དེ་ཡང་སྔོན་ཇོ་བོ་རྗེའི་སློབ་མ་ལེགས་པ་ཤེས་རབ་ཀྱིས་བཏབ་པའི་གསང་ཕུ་དགོན་ལ་དགེ་ལུགས་ཀྱི་གྲ་ཚང་བཞི། རྙིང་མའི་གྲྭ་ཚང་བདུན་ཆགས། དེ་ཡང་དགེ་ལུགས་ལ་འགའ་ཞིག་གིས་ཟུར་ཟ་བྱས་པས། དགོན་པའི་སྟོད་ཀྱི་ངོས་སུ་རྡོའི་ར་བ་བརྩིགས་ནས་ཚོགས་འཚོགས་པས་རྭ་སྟོད་ཅེས་ཆགས་སོ། །དཔལ་སེང་ནི། འབྲས་སྤུངས་ཀྱི་གདན་ས་གཉིས་པ་ཡིན་ཞིང་། དཔལ་ལྡན་ཤ་ཝ་རིའི་ཞལ་གཟིགས་ནས་ཆོས་གསན་ལ། མགོན་པོའི་ཆོས་སྐོར་ལ་མཁས་པ་ཞིག་གོ །

        གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་བདུན་ནི། བྱང་སེམས་ཤཱཀྱ་བསོད་ནམས། བྱང་སེམས་ཀུན་དགའ་བཟང་པོ། བྱང་སེམས་བློ་གྲོས་རྒྱལ་མཚན། བྱང་སེམས་ཚུལ་ཁྲིམས་དཔལ་བཟང་། བྱང་སེམས་གཞོན་ནུ་རྒྱལ་མཆོག བྱང་སེམས་རྒྱལ་མཚན་གྲགས་བཟང་། བྱང་སེམས་རྒྱལ་སྲས་བདེ་འབྱུང་ངོ་། །རྒྱལ་པོ་ཆེན་པོའི་བླ་མ་གསུམ་ནི། བྱམས་ཆེན་ཆོས་རྗེ། བྱང་དར་མ། ལེགས་བཟང་ངོ་། ། མང་ཐོས་མཁས་པ་བཞི་ནི། མ་གཅིག་དཔོན་པོ་ནམ་མཁའ་དཔལ། ཡང་རྒྱབ་དཔོན་པོ་བསོད་ནམས་རྣམ་རྒྱལ། ཞ་ལུ་བ་བཀྲ་ཤིས་རྒྱ་མཚོ། མུས་སྲད་པ་བློ་གྲོས་རིན་ཆེན་ནོ། །དར་ཆེན་བརྒྱད་ནི། ཞང་ཞུང་ཆོས་དབང་གྲགས་པ། གུ་གེ་ངག་དབང་གྲགས་པ། ལྷོ་པ་རྒྱལ་མཚན་སེང་གེ བླ་མ་དཔལ་ལྡན་པ། འདན་མ་ཡོན་ཏན་དཔལ། མདོ་སྨད་པ་བསོད་ནམས་ཤེས་རབ། རོང་པོ་ལྕེ་ནག མདོ་སྨད་པ་འོད་ཟེར་རོ། །

        ལོ་ཆེན་གཉིས་ནི། འགོས་ལོ་གཞོན་ནུ་དཔལ། སྟག་ལུང་ལོ་ཙཱའོ། ས་སྐྱོང་དྲུག་ནི། །རིན་པོ་ཆེ་དཔལ་ལྡན་པ། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་བྱང་ཆུབ་རྡོ་རྗེ། རིན་པོ་ཆེ་བསོད་ནམས་རྒྱལ་མཚན། འབྲི་ལུང་རིན་པོ་ཆེ་དོན་གྲུབ་རྒྱལ་པོ། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་འོད་དོ། །བསྟན་འཛིན་བཅུ་གཉིས་ནི། ཆོས་རྗེ་ཤེར་འབྱུང་བ། རྒྱལ་བ་རིན་བསམ་པ། བྱང་གླིང་གྲགས་རིན་པ། མངའ་རིས་བསོད་ནམས་རིན་ཆེན། འཇམ་དབྱངས་རིན་རྒྱལ། གུ་གེ་སངས་རྒྱན། འཇམ་དབྱངས་རིན་གྲགས། དམར་ཁམས་གྲགས་བཟང་། སློབ་དཔོན་བརྩོན་གྲགས། སློབ་དཔོན་ལེགས་ལྡན་པ། བླ་མ་སྟག་ལེབ་བྱང་རྒྱལ་བ། བླ་མ་བྱང་དཔལ་ལོ། །མཁའ་སྤྱོད་གྲུབ་པའི་གདུང་རབས་གཉིས་ནི། སྤྲེ་ཞིང་བྱང་དཔལ་པ་དང་། རིན་ཆེན་དཔལ་ལོ། ། 

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།