རྗེའི་རྣམ་ཐར་ཆེན་མོ་ལས་བུ་སློབ་དག་གི་སྐོར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-24 22:00:48     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        རི་ཁྲོད་དུ་འབྱོན་པའི་སྔ་རོལ་གྱི་སྲས་བཞི་ནི། ཚ་ཁོ་ངག་དབང་གྲགས་པ། ཨ་མདོ་གྲགས་པ་བློ་གྲོས། ལྡོང་སྟོན་ཡེ་ཤེས་དཔལ། ཤ་སྟོན་དགེ་བཤེས་སོ། །དེ་ལས་ཚ་ཁོ་དབོན་པོ་ནི། ཚ་ཁོ་རྒྱལ་པོའི་རིགས་སུ་འཁྲུངས་ཤིང་། དབུས་གཙང་དུ་གསུང་རབ་ལ་སྦྱངས་པས་མཁས་གྲགས་ཤིན་ཏུ་ཆེ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྟན་པོ་མངའ་ཞིང་། ལྟ་བ་ལོག་པ་དུ་མ་དུས་རེ་ལའང་ཚར་བཅད་པ་སྟེ། ཉིད་ཀྱི་གསུང་གི་ཡིག་ཆུང་ལས། བརྒྱ་ཕྱེད་མཁའ་སྤྱོད་གནས་སུ་བཛྲ་མུ༔ ཞེས་གསུངས་ནས། དགོན་མདོ་སྨད་ཀྱི་ཕྱོགས་ན་ཆེ་བའི་དགོན་སྡེ་མང་དུ་བཙུགས་ཏེ་ཇ་ཕུ་སྟོད་དུ་དར་ཚང་ལྷུན་གྲུབ་གླིང་ཟེར་བའི་དགོན་པ་དང་། ཇ་ཕུའི་སྐེད་ན་བ་མགོ་དགོན་པ་དང་གཉིས་ད་ལྟ་འདི་རྒྱས་ཤིང་། ཇ་ཕུའི་སྐེད་ན་སུམ་མདོ་དགོན་བཏབ་པ་དེང་སང་མི་སྣང་། དམུ་གེའི་ཁོག་ན་དམུ་གེ་དགོན་ཡང་བཏབ་པར་གྲགས་ལ་ཆུང་ངུ་མང་སྐད།

        རྒྱལ་མོ་རོང་དུ་ཡང་དགོན་སྡེ་བཏབ་ནས་བསྟན་པ་རྒྱས་པར་མཛད་ཅིང་། དེ་ལ་རྗེ་རིན་པོ་ཆེ་ཡང་ཤིན་ཏུ་དགྱེས་པ་ཞིག་སྟེ། ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང་། ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་གསུངས་ལ། དེ་ཡང་འཕགས་ཡུལ་གྱི་དཔལ་འབྲས་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་བ་སོགས་དང་རྒྱུད་གཅིག་ཅིང་། སྐུའི་སྐྱེ་བ་ཕྱི་མ་ལ་ཀུན་མཁྱེན་ལེགས་པ་དོན་གྲུབ་དང་། དེའི་ཕྱི་མ་ལ་དགའ་ལྡན་མཁའ་སྤྱོད་དུ་འཚང་རྒྱ་བར་གསུངས་སོ། ། གྲགས་པ་བློ་གྲོས་ནི། གསར་བ་དག་གིས། གྲགས་པ་བློ་གྲོས་ཡོན་ཏན་རྨད་དུ་བྱུང་། །རང་རྒྱུད་སྨིན་གྲོལ་ཐེག་ཆེན་ས་རུ་འཛེག །ཅེས་ལུང་བསྟན་པ་ཐོབ་པར་བཤད་པའི་བདག་ཉིད་ཆེན་པོ་གཅིག་ཡིན་ནོ། །དགེ་བཤེས་ཤ་སྟོན་དང་། ལྡོང་སྟོན་དགེ་བཤེས་ཆེན་པོ་ཡིན་པས། རྗེ་ལ་དུས་གཅིག་ཏུ་པོ་ཏི་མང་པོ་གསུང་བར་ཞུ་མཁན་སོགས་ཡིན།

        སྙན་རྒྱུད་གདམས་ངག་གི་མཛོད་འཛིན་པའི་ཆོས་རྗེ་གསུམ་ནི། ཞ་ལུ་ལེགས་པ་རྒྱལ་མཚན། བློ་གྲོས་ཆོས་སྐྱོང་། བ་སོ་ཆོས་རྒྱན་གསུམ་མོ། །ཤར་བྱང་གི་བསྟན་པའི་གསལ་བྱེད་གཉིས་ནི། ཤར་བ་རིན་ཆེན་རྒྱལ་མཚན། ཧོར་སྟོན་ནམ་མཁའ་དཔལ་ལོ། །ཧོར་སྟོན་པ་འདི་ནི་རྒྱལ་ཚབ་རྗེའི་རྗེས་སུ་བྱང་རྩེའི་བླ་མར་གྱུར་པ་ཡིན་ལ། རིན་ཆེན་རྒྱལ་མཚན་ནི་དག་པ་རྣམ་བརྒྱད་ཀྱི་ནང་ཚན་ནོ། །དེ་ལྟར་བསྐྱར་ནས་བརྩིས་པའང་ཡོད་དོ། །

        འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བདུན་ནི། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སེང་གེ ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཚ་ཁོ་དབོན་པོ་ངག་དབང་གྲགས་པ། སྟོད་ཤེར་སེང་། སྨད་ཤེར་སེང་དང་བདུན་ནོ། །དེ་དག་ལས་ཆོས་རྗེ་རྒྱལ་མཚན་བཟང་པོ་ནི། སེ་རའི་ཁྲིར་བཞུགས་པ་ཡིན་ལ། བླ་མ་འདིས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་ནི་བོད་སྔ་རབས་པའི་ཕྱག་ཆེན་དང་མཐུན་ཞིང་། རྗེའི་ལུགས་དང་མི་མཐུན་པས་མཁས་གྲུབ་རྗེས་བཀའ་བཀྱོན་མཛད། དེར་བླ་མ་འདིས་ཐུགས་སྐྱོ་བའི་རྣམ་པས། མི་རྣམས་ཕལ་ཆེར་གྲགས་པའི་རྗེས་སུ་འབྲང་། །བློ་བཟང་གྲགས་པ་དག་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །ཞེས་གསུངས།

        བླ་མ་འདི་ནི་སྨྱུང་གནས་བརྒྱུད་པའི་བླ་མ་དགེ་སློང་དཔལ་མོའི་སྐྱེ་བ་ཡིན་ལ། དེ་ཡང་དགེ་སློང་དཔལ་མོས་དང་པོ་ཁྱིམ་ཐབ་སྤོང་བྱེད་དུ་མཛེ་ནད་བཞེས་པའི་ཚུལ་བསྟན་པ་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སེ་ལི་ཁ་རའི་གཙུག་ལག་ཁང་དུ་སོང་ཞིག་དང་། ཁྱོད་རང་གི་ཡི་དམ་འཕགས་པ་ཐུགས་རྗེ་ཆེན་པོ་དང་མཇལ་བར་འགྱུར་རོ། །ཞེས་ལུང་བསྟན་ནས་བྱོན་པས་འཕགས་པ་ཐུགས་རྗེ་ཆེན་པོར་དངོས་སུ་ཞལ་གཟིགས་པར་བསྟོད་པ་བརྩམས། བསྙུང་གནས་མཛད་པས་མཛེ་ནད་ལས་གྲོལ། དེ་ཉིད་ཀྱི་ཐུགས་དམ་རྟེན་ཐུགས་རྗེ་ཆེན་པོ་འདི་བསྣམས་ཏེ་ཕ་བོང་ཁའི་བྲག་ནོར་བུ་དགའ་འཁྱིལ་འདྲ་བའི་སྟེང་དུ་བབས་པས། བྲག་དེའི་སྟེང་དུ་དགེ་སློང་མ་དཔལ་མོའི་ཞབས་རྗེས་གསལ་བར་བྱོན། འཕགས་པའི་སྐུ་བྲག་དེའི་འོག་ཏུ་གཏེར་དུ་སྦས་པ། དེ་རྗེས་དགེ་སློང་མ་དཔལ་མོའི་སྤྲུལ་པ་གུང་རུ་རྒྱལ་མཚན་བཟང་པོས་སེ་རའི་མཁན་པོ་མཛད་སྐབས། ཉང་བྲན་པའི་ར་རྫི་ཉིན་ལྟར་རི་དེ་ལ་ར་འཚོ་བ་ལ། ར་མ་ཞིག་བྲག་དེའི་འོག་ཏུ་རྟག་པར་འགྲོ་བ་མཐོང་བས་ཕུག་པའི་ནང་དུ་འུར་རྡོ་འཕངས་པས། ཟངས་ཀྱི་སྐད་འདྲ་ཞིག་ལྷང་ངེ་བྱུང་། ར་རྫིས་ནང་དུ་ཞུགས་ཏེ་བལྟས་པས། འཕགས་པའི་སྐུ་འདི་གན་རྐྱལ་དུ་བཞུགས་པ་ལ་ར་མའི་འོ་མས་མཆོད་པ་རིག་སྟེ། དེར་ཕྱིན་པས་འཕགས་པས་གསུང་བྱོན་ཏེ། རྒྱལ་མཚན་བཟང་པོ་ལ་ང་ལོང་གྱིས་གསུངས་པ་ལྟར་འཕྲིན་བསྐྱལ་བས། དེ་མ་ཐག་ཆོས་རྗེ་ཉིད་ཕེབས་ཏེ་སྐུ་རྒྱབ་ཏུ་གདན་དྲངས། ལམ་བར་དུ་ངལ་བསོ་གནང་ནས་བཞུགས་པས། འཕགས་པའི་སྐུ་འདིས་ཆོས་མང་དུ་གསུངས་པས། དེར་བཀའ་བསྒོ་ནང་ཞེས་གྲགས།

        ར་མས་ལུང་བསྟན་པས་ར་རྫིའི་ཡུལ་ལ་ར་མ་རྩེ་ཞེས་གྲགས། འུར་རྡོ་རྩ་ཕྱག་ལ་ཕོག་པས་བསྣད་པའི་ཤུལ་རིམ་གྱིས་གསོས་པ་ད་ལྟ་གསལ་བར་བཞུགས་པ་ལགས། ཡང་སྐབས་ཤིག་དགའ་ལྡན་དུ་བྱོན་ནས་རྗེའི་གསེར་གདུང་ལ་མཇལ་བར་བཞེད་པའི་ཚེ། མཁས་གྲུབ་རྗེས་མ་གནང་བའི་ཚུལ་མཛད། ཕྱིར་ཕེབས་མ་ཐག་མཁས་གྲུབ་རྗེས་སློབ་མ་ཅིག་བཏང་ནས་བལྟས་པས། ལྷ་ཁང་གི་སྒོ་མ་ཕྱེ་བཞིན་དུ་ནང་དུ་བཞུགས་ནས། རྗེའི་གདུང་རྟེན་ལ་མཎྜལ་འབུལ་གྱིན་བཞུགས་པ་མཐོང་། བརྩམས་པའི་ཆོས་ནི། བྱམས་ཆོས་དང་། དབུ་མ་རིགས་ཚོགས་སོགས་སྐོར་མང་པོ་ཡོད་དོ། །མངའ་རིས་ཤེར་སེང་ནི། མང་ཡུལ་སྟག་མོ་དགོན་གྱི་བླ་མར་གྱུར་ཏེ་བསྟན་པ་རྒྱས་པར་མཛད།  

                                                                                                           རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།