རྗེའི་རྣམ་ཐར་ཆེན་མོ་ལས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-24 21:10:01     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་དུས་ཕག་མོ་གྲུ་པའི་ཏཱི་ཤྲིར་སྤྱན་དྲངས་ཀྱང་མ་ཕེབས་ལ་འོལ་ཁ་རྫོང་དབོན་སོགས་ཀྱིས་རང་རང་གི་བསྟི་གནས་སུ་སྤྱན་འདྲེན་པ་དང་། དབེན་གནས་གང་བཞེད་འབུལ་ཞུས་ཀྱང་། ད་བདེན་གནས་འདིར་སུ་གང་གི་ངོ་འཛིན་བྱེད་མི་དགོས་པ་འདི་བཞག་ནས་ཅི་བྱེད་གསུངས་ནས་མ་བྱོན་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ནམ་འདོད་དུ་འོང་བ་གཅིག་ཡོད་པས་དྲི་བ་ཅི་བཞེད་ཞུས་ཆོག་པ་དང་། རང་ཉིད་ཡོན་ཏན་ལ་མངའ་བརྙེས་པས་ནད་གདོན་བར་ཆད་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། གཞན་དབང་དུ་སྡུད་པ་དང་། དྲག་པོའི་ལས་སོགས་ཇི་ལྟར་བཞེད་པ་བཞིན་འགྲུབ་པས་རྗེ་རིན་པོ་ཆེ་དང་། ཆོས་རྗེ་འདུལ་བ་པ་སོགས་ཀྱིས་ཀྱང་སྐུ་ཚེ་བསྲིང་བའི་ཆོ་ག་དང་སྐུ་རིམ་ཇི་ལྟར་བསྒྲུབ་པ་སོགས་ཐམས་ཅད་བླ་མ་འདི་ཉིད་ཀྱིས་ལུང་སྟོན་ཅིང་། དེ་བཞིན་དུ་བསྟན་པར་ཕན་པའི་བཤེས་གཉེན་ཆེན་པོ་ལྷོ་བྲག་གྲུབ་ཆེན་ལའང་ལུང་བསྟན་པ་སོགས་ཅི་རིགས་མཛད་པ། གཞན་དུ་དོན་ཆུང་ངུའི་རིགས་ལ་དེ་དག་ཡོང་རབས་ཙམ་ཡང་གླེང་དུ་མི་འཇུག་པར་མཐའ་སྒོར་མོ་ནས་འགོག་པར་བྱེད།

        སྡུག་བསྔལ་དང་དཀའ་སྤྱད་ལ་བཟོད་པའི་མཐུ་ཆེ་བས་དུས་ཐམས་ཅད་དུ་མགོའམ་གོས་ལ་མེ་ཤོར་བ་ལྟ་བུའི་བརྩོན་པ་མཛད། ཚོགས་ཆོས་སོགས་གསུང་བར་ཞུས་དུས་ཆོས་ང་རང་ལ་འཆད་དགོས་པར་འདུག ཐོག་མར་མི་ལ་སྙིང་རྗེ་བྱེད་པ་ལས་རང་ལ་སྙིང་རྗེ་དགོས་པར་འདུག་གསུངས། ཆོས་མི་འཆད་གསུང་ཡང་གསུང་ཚད་གནད་ཟབ་མོ་འབའ་ཞིག་གསུངས། བདག་ཉིད་ཆེན་པོ་འདི་ཉིད་ཐུགས་ཀྱི་དཔྱད་པ་གཞན་དང་མི་འདྲ་བས། རྗེ་རིན་པོ་ཆེས་ཀྱང་ཁོང་གི་གསུང་ལ་དོགས་ཟོན་མཛད་པ་ཡིན་པར་སྣང་ན་གཞན་གྱིས་ལྟ་ཅི་སྨོས། རྗེའི་སྐུ་མདུན་དུ་གཤིབ་པའི་བཤེས་གཉེན་ཅི་རིགས་ལའང་སྡེ་བན་ཚོ་ཞེས་བཀའ་བཀྱོན། ཡང་ཁོང་ཚོ་ཤེས་རབ་ཆེ་སྟེ། ང་དད་པ་ཆེ་ཞེས་གསུངས།

        འོལ་ཁ་བསམ་གཏན་གླིང་དུ་རྗེ་རིན་པོ་ཆེས་གསང་འདུས་ཀྱི་བསྐྱེད་རྫོགས་གསུངས་ནས་བསྒོམ་པས། གཙོ་འཁོར་དྲུག་པོ་དེ་ཀུན་ཡིད་འགྱུར་བའི་གསལ་བོ་བྱུང་། བསྐྱེད་རྫོགས་ཀྱི་གནད་ཟབ་མོ་ཞིག་ལ་ཚོགས་འཁོར་བཤམས་གསར་གྱི་མཎྜལ་ཕུལ་ནས་ཞུས་པས་གནང་སྟེ། བསྐྱེད་རྫོགས་ལ་སྣོད་བཅུད་ཐམས་ཅད་ལ་ཐ་མལ་གྱི་སྣང་ཞེན་དགག་པ་དེ་དགོས། ངས་ཀྱང་དེ་དུས་ཞག་ཉི་ཤུ་རྩ་དྲུག་ཏུ་སྦྱངས་པས་བྱུང་གསུངས། དགུང་ལོ་བདུན་ཅུ་ལོན་དུས་ཀྱང་། ཁྱོད་ཀྱི་ཞལ་གྱི་པདྨོ་དང་། །པདྨ་ཉི་མས་ཁ་ཕྱེ་བ། །ཕུང་པས་མཐོང་ནས་པདྨ་ནི། །རེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཞེས་པ་ལྟར་ཞལ་དཀར་ཞིང་མཁུར་ཚོས་མཚལ་གྱིས་བྱུགས་པ་ལྟ་བུ། སྐུ་དྲང་ཞིང་སྒུར་འཁྱོགས་སོགས་མེད་པར་འབྱོན་བཞུད་ལྡང་བ་ཡང་བ་དང་། བདེ་སྟོང་གི་ཏིང་ངེ་འཛིན་ཅན་ལ་ཆུ་ནང་གི་ཟླ་བརྙན་ལྟར་སངས་རྒྱས་བྱང་སེམས་མང་པོ་ངང་གིས་མཐོང་བ་ཡིན་གསུངས་པ་ལྟར་དང་། སྐུ་ཚེ་སྔོན་མའི་སྨོན་ཤུགས་ཀྱིས་རྗེ་བཙུན་ནམ་འདོད་དུ་གཟིགས་པར་མ་ཟད་སངས་རྒྱས་བྱང་སེམས་མང་པོ་མཐོང་བ་དང་། གསུང་འབྱོན་པ་ཡང་ཡོད་པས། བླ་མ་འདིའི་དེ་རྣམས་ལ་རྗེ་རིན་པོ་ཆེས་ཀྱང་བརྟག་དཔྱད་མཛད། ཆོས་ཀྱི་དྲི་བ་རྣམས་འཕྱུག་མེད་དུ་འོང་བས་ཐུགས་ཆེས་ནས་དེ་དོན་བཞིན་ཐག་གཅོད་པར་མཛད་པ་ཡིན་སྣང་།

        རྗེ་རིན་པོ་ཆེ་སྐུ་ཁམས་བསྙེལ་བ་དྭངས་སྐབས་ཤིག རྗེ་བཙུན་གྱི་ཞལ་གཟིགས་པས། ད་ཕྱིན་ཆད་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་འབད་ན་རྟོགས་པ་ཁྱད་པར་ཅན་སྐྱེ། སློབ་མ་སྐལ་ལྡན་བདུན་ལའང་རྟོགས་པ་ཁྱད་པར་ཅན་སྐྱེའོ་གསུངས་པ་ལ། རྗེའི་ཞལ་ནས། ཉམས་སྣང་ཡིན། རྟོགས་ལྡན་པ་ལ་དྲིས་གསུངས་པའི་ལན་ཁོང་གིས་གསུང་ནས། བསྐྱར་མ་ཞུ་དགོས་པ་མེད། ལམ་དེ་རྗེའི་ཐུགས་ལ་འཁྲུངས་པའི་རྒྱུ། བདེ་སྟོང་གི་ཡེ་ཤེས་ཁྱད་པར་སྔར་ནས་འཁྲུངས་ཟིན། ད་ཕྱིའི་རྐྱེན་ཞིང་སྐྱེས་ཀྱི་ཕོ་ཉས་གྲོགས་མཛད་པའང་མྱུར་དུ་འོང་བས། ལམ་དེ་མྱུར་དུ་འཁྲུངས། རྗེ་བཙུན་གསུང་ཞུས་པས་ཐུགས་ཆེས་པར་སྣང་།

        རྗེ་རིན་པོ་ཆེ་ལ་ཕྱི་ལྷན་སྐྱེས་ཀྱི་ཕོ་ཉས་གྲོགས་མཛད་ཚུལ་ཡང་བླ་མ་འདིའི་གསུང་ལས། རྗེའི་དྲུང་དུ། བུད་མེད་མཛེས་མ་གོས་ཡིད་དུ་འོང་བ་གྱོན་པ་ཐང་ཞྭ་དམར་པོ་ལ་ལེབ་འཇོག་བྱས་པ་ཞིག་དུས་རྒྱུན་དུ་འོང་སྟེ་ལྷའི་རྣམ་པར་མི་འོང་། དེ་སྣོད་མིན་ལ་སྔགས་ཀྱི་གསང་བ་བསྟན་པའི་སྐྱོན་ཡིན་པར་སྣང་། ལཱུ་ཡི་བུའི་འགྲེལ་པ་འདོད་འཇོ་བརྩམས་ཕྱིན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་རྣམ་པར་འོང་། གྲོགས་ཁྱད་པར་ཅན་མཛད་པ་ཡིན་པར་འདུག ཏིང་འཛིན་པིར་ལེགས་མ་ལ་སོགས་པའི་མཆོད་པའི་གླུ་འདི་ཡང་གདངས་དང་བཅས་པ་གཙུག་ལག་ཁང་གི་བློས་བསླང་བཞེངས་དུས་ལྷ་མོ་རྣམས་ཀྱིས་འཐེན་གྱིན་འདུག་པ་གཟིགས་པ་ཡིན་པར་སྣང་ཞེས་གསུངས། དེ་ལ་སོགས་པ་སོ་སོར་ལུང་བསྟན་པ་ཤིན་ཏུ་མང་། དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཐམས་ཅད་ཐུགས་རྒྱུད་ལ་འཁྲུངས། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་སྐྱེས་པར་ཞལ་གྱི་བཞེས་པ་ནི། དེ་ལྟ་བུའི་སྒྲུབ་པ་ཡུན་རིང་ལ་དར་དྲག་པ་མཛད་པས་རྟོགས་པ་ཁྱད་པར་ཅན་རང་བརྙེས་ལས་ཆེ། ཞེས་ཟུར་གྱིས་ཞུས་དུས། གཞན་ཡོན་ཏན་ཅི་ཡང་མེད། ཕྱི་མ་ངན་སོང་དུ་མི་སྐྱེ་བ་ཐག་ཆོད་སྙམ་པ་འདི་ཡོད་གསུངས།

        དེ་ཡང་ཐེག་ཆེན་ཐུན་མོང་མ་ཡིན་པ་བླ་མེད་ཀྱི་སྦྱོར་ལམ་བཟོད་པར་མངོན་ཏེ། གསུང་ལས། དེའི་རྒྱུ་མཚན་ནི། ན་ནིང་ནས་འཆི་ལ་ཁད་པ་ཅིག་བྱུང་དུས། རླུང་སྡུད་ལུགས་ལ་བརྟག་ན་ཡང་ངན་སོང་དུ་འགྲོ་བའི་རླུང་སྡུད་ལུགས་མི་སྣང་གསུངས་པས། བླ་མེད་ཀྱི་སྦྱོར་ལམ་བཟོད་པ་སེམས་དབེན་མཐར་ཐུག་གམ་སྒྱུ་ལུས་ལ་སླེབ་པ་ལྟ་བུའི་གསུང་སྟེ་བསམ་གྱིས་མི་ཁྱབ་པ་ཁོ་ནར་སྣང་། འདི་དག་ལ་སྤྲོ་རྒྱུ་མང་ཡང་གསང་སྒྲོགས་སུ་གྱུར་དོགས་ནས་མ་སྨྲས། དེ་ནས་གནས་དེར་དགུང་ལོ་བདུན་ཅུ་རྩ་གསུམ་བཞེས་པ་ས་ཕོ་སྤྲེའུ་ལོ་ཟླ་བ་གཉིས་པའི་སྒྲུབ་མཆོད་སྔར་ནས་ཚུགས་གསུངས་ནས། ཚེས་གཅིག་བཙུགས་པའི་ཉིན་བདེ་བར་གཤེགས། སྐུ་གདུང་རིལ་པོར་སྤངས་བ་རྣམས་ཀྱིས་དད་རྟེན་དུ་གསེར་འབུམ་བཞེངས་ཏེ་བཞུགས། རྗེ་གཤེགས་ནས་ལོ་དགུ་སོང་བ་དེ་ཡིན། དེའི་སྤྲུལ་སྐུའི་རབས་ནི་རྒྱལ་སྲས་ཤེར་འཕེལ་དང་། རྗེ་དོན་ཡོད་པ་སོགས་སོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།