རྗེའི་རྣམ་ཐར་ཆེན་མོ་ལས་བདུད་སྡེའི་གཉེན་པོ་འཁོར་དག་པ་རྣམ་བརྒྱད་ཀྱི་རྣམ་ཐར་མདོ་ཙམ་བརྗོད་པའི་སྐོར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 12:19:42     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

                     བདུད་སྡེའི་གཉེན་པོ་འཁོར་དག་པ་རྣམ་བརྒྱད་ནི། དཔལ་ལྡན་བཟང་བོ། བྱང་ཆུབ་སེང་གེ །རིན་ཆེན་རྒྱལ་མཚན། བཟང་སྐྱོང་སྟེ་དབུས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཤེས་རབ་གྲགས། འཇམ་དཔལ་བཀྲ་ཤིས། དཔལ་སྐྱོང་སྟེ་ཨ་མདོ་པ་བཞིའོ། །དེ་ལས་འཇམ་དཀར་པ་དཔལ་ལྡན་བཟང་པོ་ནི། དང་པོ་སྐྱོར་ལུང་གི་དགེ་བཤེས་འདུལ་འཛིན་ཅིག་ཡིན་ཀྱང་། བྱ་བྲལ་གྱི་ཕྱག་ཕྱིར་བྱོན་ནས་སྔགས་ཀྱི་གདམས་པ་ཐུགས་ཉམས་སུ་བཞེས་ཤིང་། རྗེའི་བུ་ཆེན་ཕལ་ཆེར་གྱི་བླ་མ་དང་བསླབ་བྱ་སྟོན་པར་མཛད་པས། འདིའི་གསུང་དགེ་སློང་གི་བསླབ་བྱའི་ཟིན་བྲིས་གནས་བརྟན་བཟང་སྐྱོང་བས་མཛད་པ་གཅིག་ཀྱང་ཡོད། དགེ་ལྡན་འདེབས་པའི་སྔ་རོལ་ཙམ་དེར་རྒྱལ་སྡེ་རྗེ་དགར་གྱི་རི་ཁྲོད་དུ་མྱ་ངན་ལས་འདས་པར་གྲགས། དེའི་རབས་དེ་མོ་སྤྲུལ་སྐུ་རིམ་བྱོན་རྣམས་ཡིན་ཏེ། དེ་མོ་ལ་ཁ་ཞེས་པའི་ས་ཆར་དགོན་སྡེའི་བླ་མར་གྱུར་པས་དེ་མོ་རིན་པོ་ཆེ་ཞེས་གྲགས་ལ། དེ་ཡང་དེ་མོ་སྤྲུལ་སྐུ་དཀོན་མཆོག་འབྱུང་གནས། དཔལ་འབྱོར་བཀྲ་ཤིས། ལྷ་དབང་ཕྱོགས་ལས་རྣམ་རྒྱལ། ལྷ་དབང་བསྟན་པའི་རྒྱལ་མཚན། ངག་དབང་ནམ་མཁའ་འཇམ་དབྱངས། ངག་དབང་དགེ་ལེགས་རྒྱལ་མཚན་སོགས་སྤྲུལ་སྐུ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་བཞིན་པའོ། ། བཟང་སྐྱོང་ནི། འཁྲུངས་ཡུལ་མལ་གྲོ་པ། རྗེ་རིན་པོ་ཆེ་འདས་ནས་འོལ་ཁར་ཉི་མ་གླིང་བཏབ་སྟེ། རྫིང་ཕྱིའི་གདན་ས་དང་སྦྲགས་ནས་ཨེ་ཕྱོགས་སུའང་འགྲོ་དོན་མཛད་ཅིང་། ཟིན་བྲིས་དང་རྩོམ་པའང་ཅི་རིགས་སྣང་། འདིའི་སློབ་མ་ལྷུན་གྲུབ་རྒྱ་མཚོས་རྩིས་ཀྱི་ཡིག་ཆ་པད་དཀར་ཞལ་ལུང་བརྩམས་སོ། །
        རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ནི། རྗེ་རིན་པོ་ཆེ་ལས་ལོ་གཅིག་གིས་སྔ་བའི་མེ་སྤྲེལ་ལ་མདོ་སྨད་ཙོང་ཁའི་མཐིལ་དུ་འཁྲུངས། རྗེ་རིན་པོ་ཆེ་ཙོང་ཁའི་ལུང་པ་གཅིག་ཏུ་འཁྲུངས་པ་ཡིན་གསུངས་ཤིང་། དགུང་ལོ་བཅོ་བརྒྱད་ཙམ་ལ་དབུས་སུ་ཕེབས། གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་པས་ཟླ་བ་སྒྲོན་མེའི་མདོ་སོགས་ཐུགས་འཛིན་དང་རྒྱུན་དུ་ཞལ་འདོན་མཛད་ལ། ཆོས་རྗེ་ཞོ་ལུང་མཚོ་ཁ་པའི་དྲུང་དུ་སྦྱོར་དྲུག་གསན། དེ་དུས་མདོ་ཐུགས་ལ་ཡོད་པས་ཁོང་གི་གྲུབ་མཐའ་དང་མདོ་བསྟུན་ནས་ཞུ་གཏུགས་མཛད། དེ་ནས་རྗེ་རིན་པོ་ཆེས་བདེ་བ་ཅན་དུ་རྒྱུད་བླ་མ་གསུང་གིན་འདུག་པ་གསན་དུ་བྱོན་པས་ལེགས་པར་གོ་བ་བྱུང་གསུངས། དེ་དུས་ན་ཁྲིད་སྐྱོང་འདོད་ཀྱང་རྗེའི་ཞལ་ཏ་ལ་ཚད་མ་ཉོན་གསུངས་པས། སློབ་དཔོན་དཀོན་སེང་ལ་ཚད་མ་བསླབས། གྲྭ་སྐོར་གྱི་གཞུང་ཊིཀ་གྲྭ་དགོན་དུ་སྤེལ། སྟག་ལུང་ལོ་ཙྪ་བ་ལ་འཁོར་ཆེན་གྱི་དབང་སོགས་ཁ་ཡར་གསན། སྤྱན་སྔ་དཔལ་བའི་དྲུང་དུ་བུ་སྟོན་ཆོས་འབྱུང་སོགས་གསན། དེ་དུས་ནས་མཐུན་འཇུག་བསྐྱུངས་ཏེ་ཆིག་ཚུགས་འབའ་ཞིག་མཛད།

        དེ་ནས་བྲག་ཚབ་མཁན་པོ་དགེ་འདུན་རིན་ཆེན་པ་ལ་བམ་པོ་ལྔ་བཅུ་པ་དང་མདོ་རྩ་གསན། རྗེའི་ཞལ་སྔར་ཡང་གསན་ཏེ་ཕྱག་ལེན་དང་བཅས་པ་ཞིབ་པར་མཛད། ཕར་ཕྱིན་གཙང་ཉ་དབོན་པའི་གྲྭ་པ་ས་སྐྱའི་བླ་མ་ཀུན་དགའི་གདན་ས་པ་གཅིག་ལ་ཉན་གསུངས། དེ་ནས་དཔལ་ལྡན་བླ་མའི་སློབ་མ་ཡོན་ཏན་བཟང་པོའི་དྲུང་དུ། ལམ་འབྲས་སོགས་གསན། བླ་མ་འདི་དེ་དུས་རྩ་རླུང་ལ་དབང་ཐོབ་པས་རླུང་སོར་རྩེར་འདྲོངས་ཤིང་བསྐྱེད་རྫོགས་ལ་ནུས་པ་ཐོན། བུམ་པ་ཅན་ཚད་ལ་ཕེབས། དྲོད་སྐྱེས་པས་གོས་གཅིག་རྐྱང་མཛད། བླ་མའི་ཞལ་ནས། བདེ་མཆོག་འདི་བྱིན་རླབས་ཆེ་བས་སྒྲུབ་པ་པོ་གཞན་ལའང་གསལ་པོ་འོང་། དེ་དུས་གསལ་སྣང་ཀྱང་བྱུང་གསུངས། དེ་ནས་བླ་མ་འདི་སོགས་བརྒྱད་དང་བཅས་འོལ་ཁར་ཕེབས། བླ་མ་དབུ་མ་པས་ཐོག་མར་བླ་མ་འདི་ཉིད་ལ་རྗེ་བཙུན་གྱི་སྒྲུབ་སྐོར་རྣམས་བྱིན་གསུངས་པས་རྗེ་རིན་པོ་ཆེས་སྒྲུབ་སྐོར་རིམ་ཅན་དུ་ཚང་མར་གནང་། ཕྱིས་མགར་ཕུག་ཏུ་གཞན་རྣམས་ལའང་གནང་སྟེ། བསྒྲུབས་པས་བྱིན་རླབས་ཀྱི་མཚན་མ་བྱུང་གསུངས། ཕལ་ཆེར་ཞལ་གཟིགས་བྱུང་བ་ཡིན།

        དེ་དུས་ཞག་བདུན་བདུན་ལ་རྗེའི་ཞབས་ཏོག་བྱེད་རེས་སྐབས་བླ་མ་འདིས་བྱེད་རེས་གཅིག་ལ། དབུ་མ་པའི་ལུང་བསྟན་ཐོར་བུ་ཞིག གཞན་རྣམས་མང་པོས་ཀྱང་མཆོད་པ་བཤམས་ཏེ་དེར་གསུང་བར་གསོལ་བ་བཏབ་ནས་གསུངས་པས། ཐམས་ཅད་བློ་འཁུལ་ཏེ་རྗེ་རིན་པོ་ཆེ་དང་། བླ་མ་འཇམ་དཀར་བ་གཉིས་ལ་བྱིན་པོས་ཞུ་བ་ཕུལ་ཏེ། དཀའ་ཐུབ་མཛད་དུ་མ་བཅུག གཞན་རྣམས་ཀྱིས་ཤུག་པའི་དཀའ་ཐུབ་བྱས། ཚུལ་ཁྲིམས་ལ་གུས་པས་རིལ་བུའི་རྟ་སིང་པོར་མི་བྱེད་པར་ཆུ་ལ་བྱས། གཞན་རྣམས་ཀྱིས་རིལ་བུ་བརྒྱད་ཅུ་རེ་བསྟེན། འདི་ལ་སུམ་ཅུ་ཙམ་རེས་ཆོག་པ་བྱུང་། སྟག་རྩེ་བས་ཆས་ཀ་ལོང་དང་ཟེར་ཏེ། དེ་དུས་ཐུགས་སྐྱོ་ཤས་ཆེ་དྲག་པས་མི་དང་སྣང་བ་མི་བསྟུན་ཅི་བྱེད་བསམ་ནས་མ་བླངས་པར་ལོ་གསུམ་དཀའ་ཐུབ་བྱས། དེ་ལྟར་བདག་ཉིད་ཆེན་པོ་འདིས་བླ་མ་རིན་པོ་ཆེ་སྒྲུབ་པའི་མཆོད་པས་མཉེས་པར་མཛད་དོ། །

        བླ་མ་ཡུན་རིང་དུ་བསྟེན་ནས་གདམས་ངག་ཐམས་ཅད་རྫོགས་པར་ཐོབ། ཐེ་ཚོམ་གྱི་དྲ་བ་མཐའ་དག་གཅོད་པར་མཛད། རྗེ་རིན་པོ་ཆེའི་གདུལ་བྱ་འཕྲིན་ལས་ཐམས་ཅད་ས་འུར་རྡོ་འུར་དུ་རྡོལ་དུས་འདི་པས་རྩེ་གཅིག་ཏུ་བསྒྲུབ་སྙམ་ནས་མཁའ་འགྲོ་རྒྱལ་སྟེང་དུ་ཐོག་གཅིག་བཞུགས། དེ་ནས་སྤང་ས་མཁན་པོས་གདན་དྲངས་ཏེ། རི་རྩེའི་ཁང་གཅིག་མོར་རེ་ཞིག་བཞུགས། དེ་ནས་སླར་ཡང་སྤྱན་སྔས་དབེན་གནས་སེ་བ་དོང་གི་གཟིམས་ཁང་ཕུལ་ནས་དེར་བཞུགས་ཏེ། སྤྱན་སྔས་གཙོ་མཛད་རྣམས་བྱང་ཆུབ་ལམ་གྱི་རིམ་པ་སོགས་ཆོས་མང་དུ་གསུངས། དེ་ནས་དགོངས་པར་འཕགས་པའི་གོ་འཕང་མ་བརྙེས་པར་དུ་ཆོས་འཆད་པ་སོགས་གཞན་ཕན་ཆུང་ཞིང་སྒྲུབ་པའི་བར་ཆད་ཡིན་སྙམ་ནས་ཕུག་སྒོ་འདག་སྦྱར་གྱིས་དུས་འདའ་བར་མཛད། གསེར་དང་བོང་བ་སྙོམས། དགྲ་གཉེན་ལ་ཉེའི་སྙོམས། ཆོས་བརྒྱད་མགོ་སྙོམས། རྙེད་པ་ཀུན་སྙན་གྲགས་ལ་བལྟ་བའི་འདོད་པ་ངན་པ་རྒྱང་རིང་དུ་དོར་ཏེ་བསམ་གཏན་གྱི་འཁོར་ལོས་དུས་ཡོལ་བར་མཛད་དོ། ། 

                                                                རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།