རྗེའི་རྣམ་ཐར་ཆེན་མོ་ལས་འདུལ་འཛིན་གྲགས་རྒྱན་པའི་རྣམ་ཐར་མདོ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 12:14:39     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཕྱག་རྡོར་གྱིས་ལུང་བསྟན་པའི་སྲས་གསུམ་ནི། རྒྱལ་ཚབ། འདུལ་འཛིན། མཁས་གྲུབ་གསུམ་མོ། །རྒྱལ་ཚབ་མཁས་གྲུབ་གཉིས་ནི་འཇམ་པའི་དབྱངས་ཀྱིས་ཀྱང་ལུང་བསྟན་པ་ཡིན་ཞིང་། རྗེ་ཡབ་སྲས་གསུམ་ཞེས་ལྷན་ཅིག་ཏུ་བསྒོམ་པའི་བླ་མའི་རྣལ་འབྱོར་དང་། ཐང་ཀ་ལའང་མཉམ་དུ་བྲིས་པའི་སྲོལ་ཡོད་པ་སོགས་ལ་བརྟག་དགོས་སོ། །
        དེ་དག་ལས་འདུལ་འཛིན་གྲགས་པ་རྒྱལ་མཚན་ནི། དབུས་སྟོད་དུ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་ལོར་འཁྲུངས། རྗེ་རིན་པོ་ཆེ་འཁྲུངས་ནས་ལོ་བཅོ་བརྒྱད་དང་། རྒྱལ་ཚབ་རྗེ་འཁྲུངས་ནས་བཅུ་གཅིག་སོང་བའི་ལོ་དེ་ཡིན། འབྲི་ཁུང་ཉེར་གཉིས་པ་ལ་ཆོས་གསན་ཅིང་། བྲག་ཚན་དུ་འདུལ་བར་སྦྱངས། སྔགས་ཀྱི་བླ་མ་ཡང་ཁ་ཡར་བསྟེན་ནས། བུ་སྟོན་གྱི་གཞུང་མཐའ་དག་མཁྱེན་པར་མཛད། རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་གཏུགས་ཏེ་ཡུན་རིང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མཁས་པའི་རྩལ་ཐོན་ཅིང་། ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པར་དབང་འབྱོར། བྱང་ཆུབ་ཀྱི་སེམས་དང་འདུལ་བའི་བསླབ་པ་ཕྲ་མོ་ནས་ཀྱང་སྲུང་བར་མཛད། རྗེ་འདུལ་འཛིན་པར་རྗེའི་བུ་སློབ་ཆེན་པོ་རྣམས་ཀྱིས་ཀྱང་ཆོས་གསན། བསླབ་བྱ་ཆེན་མོ་གསུང་དུས། རྗེ་རིན་པོ་ཆེས་འདུལ་འཛིན་འདི་ལྟ་བུ་རྒྱ་གར་ནའང་དཀོན་ཞེས་བསྔགས་པ་མཛད། བླ་མ་ཆེན་པོ་འདིས་རང་ཉིད་ཀྱིས་གདན་ས་མ་མཛད་པར་རྗེ་རིན་པོ་ཆེའི་དགོངས་པ་དང་ལུང་བསྟན་དང་མཐུན་པར་རྒྱལ་ཚབ་རིན་པོ་ཆེ་གདན་སར་མངའ་གསོལ། སྐུ་གདུང་རིན་པོ་ཆེས་མ་ཉམས་པར་ཙན་དན་འབའ་ཞིག་ལས་གྲུབ་པའི་སྒྲོམ་དུ་བཞུགས་སུ་བཅུག དེ་ཡང་དངུལ་བྲེ་ཆེན་བཅོ་བརྒྱད་ལས་གྲུབ་པའི་གདུང་རྟེན་གྱི་བུམ་པ་བཞུགས་སུ་གསོལ་ཏེ། གཙུག་ལག་ཁང་གི་གློ་འབུར་བྱང་མར་བཞུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད་པར་མཛད་པ་ལ་སོགས་པའི་བྱ་བ་རྣམས་རྫོགས་པར་མཛད་ནས། རྒྱལ་ཚབ་རིན་པོ་ཆེས་དགའ་ལྡན་ཉིད་དུ་ཆོས་ཀྱི་རྒྱལ་སྲིད་བསྐྱངས། འདུལ་འཛིན་རིན་པོ་ཆེས་བཙུན་མོ་ཚལ་གྱི་དགོན་པ་བཏབ་ནས་ཚོགས་པ་བསྐྱངས་པས་དགེ་འདུན་བརྒྱད་བརྒྱ་ལྷག་ཙམ་འདུས། རེས་འགའ་སྤར་ས་སོགས་དགོན་གནས་དང་། རི་ཁྲོད་གཞན་དུའང་བཞུགས་ཏེ་འགྲོ་དོན་དང་ཐུགས་དམ་འཕེལ་བར་མཛད།

        སྐབས་ཤིག་ཏུ་ཚལ་གུང་ཐང་དུ་ཕེབས་ཏེ་བསླབ་བྱ་དང་ལམ་རིམ་ལེགས་པར་གསུངས། ཚལ་གུང་ཐང་གི་དགེ་འདུན་ཐམས་ཅད་དད་ཚུགས་རྣམ་པར་དག་པ་དང་། སྐྱེས་བུ་ཆེན་པོའི་ཆོས་ལུགས་ལ་སྦྱང་བར་མཛད་པས་རྗེ་ཉིད་ལས་ཀྱང་བཀའ་དྲིན་ཆེ་བར་གྱུར་པ་ཡིན། གསུང་རབ་རྩོམ་པའི་དབང་དུ་བྱས་ན་དགེ་སློང་གི་བསླབ་བྱ་ཆེན་མོ། དགེ་ཚུལ་གྱི་བསླབ་བྱ། གཞི་གསུམ་ཆོ་ག གླེང་འབུམ་སྟེ་འདུལ་བའི་སྐོར་དང་། སྔགས་ལ་རྗེའི་སྒྲུབ་དཀྱིལ་རྣམས་ལ་ལྷན་ཐབས། རབ་གནས་ཀྱི་ཆོ་ག འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པ། གསང་འདུས་མི་བསྐྱོད་པའི་ཚོམ་བུ་ལ་བརྟེན་པའི་མདུན་བསྐྱེད་ཀྱི་མཆོད་ཐབས། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས། ལཱུ་ཨི་པའི་དཀྱིལ་ཆོག དམར་ནག་གི་སྒྲུབ་ཐབས། རྡོར་དབྱིངས་ཀྱི་དཀྱིལ་ཆོག ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག སྤྱོད་རྒྱུད་གྱི་རྣམ་བཤད། བྱ་རྒྱུད་རིགས་གསུམ་ལ་བརྟེན་པའི་ཆོ་གའི་ལག་ལེན་སོགས་མཛད་ཅིང་།

        བཙུན་མོ་ཚལ་དུ་དགེ་འདུན་གྱི་སྡེ་བ་བསྐྱངས་ཏེ། རེ་གཅིག་པ་ཤིང་སྟག་ལ་ཆོས་ཀྱི་དབྱིངས་སུ་གཤེགས། སྐུ་ཚེ་སྔོན་མར་བྲམ་ཟེའི་ཁྱེའུ་གོ་འཕང་བྱ་བར་འཁྲུངས་པའི་ཚེ། སངས་རྒྱས་ལོག་པ་དད་སེལ་གྱི་སྤྲུལ་པ་རང་སངས་རྒྱས་གཅིག་ལ་བསོད་སྙོམས་ཕུལ་ནས་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་ཀུན་གྱི་དམ་པའི་ཆོས་མ་ལུས་པ་འཛིན་པའི་སྨོན་ལམ་བཏབ། དེ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ཞི་བའི་ཏོག་ཏུ་འཁྲུངས། དེ་ནས་འདིར་འཁྲུངས་ཤིང་། སློབ་དཔོན་ཡོན་ཏན་འོད་དང་། གཙང་པ་རྒྱ་རས་དང་ཐུགས་རྒྱུད་གཅིག སྟོན་པ་འཇིག་རྟེན་དུ་ཕེབས་དུས་དགེ་སློང་འདུལ་བའི་ཏོག ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་ནག་ཚོ་ལོ་ཙཱ་བར་གྱུར། སྐུ་ཚེ་ཕྱི་མ་དགའ་ལྡན་དུ་འཁྲུངས། དེ་ནས་སྐྱབས་མཆོག་པར་གྱུར། དེའི་སྤྲུལ་པ་གཅིག་ནི་ཨ་མདོ་སྟོང་འཁོར་བ་ཟླ་བ་རྒྱལ་མཚན་དང་ཡོན་ཏན་རྒྱ་མཚོ་སོགས་ཡིན་ཟེར་རོ། །  

                                                                                                        རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།