རྗེ་རྣམ་ཐར་ཆེན་མོ་ལས་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟ་བུ་འབྱུང་བ་མདོ་ཙམ་བཤད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 12:06:01     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        འོན་ཀྱང་རྗེའི་ཞལ་ནས་དངོས་སུ་ཆོས་ཐོས་པའི་སློབ་མའི་གཙོ་བོ་རགས་རིམ་ཙམ་ཅུང་ཟད་བརྗོད་པར་བྱའོ། །
        དེ་ཡང་ཆོས་གསན་པའི་བླ་མ་བཞི་ནི། དབུ་མ་པ་བརྩོན་འགྲུས་སེང་གེ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རེད་མདའ་པ་གཞོན་ནུ་བློ་གྲོས། བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོའོ། །རྗེ་རིན་པོ་ཆེ་དང་བླ་མ་འདི་བཞིས་ཕན་ཚུན་ཆོས་གསན་པ་ཡིན་ནོ། །དེ་དག་ལས་ལྷོ་བྲག་གྲུབ་ཆེན་ནི། ཆོས་རྒྱལ་ཁྲི་སོང་ལྡེ་བཙན་གྱི་ཆོས་བློན་ཤུད་བུ་དཔལ་གྱི་སེང་གེའི་གདུང་རྒྱུད། ཡབ་སློབ་དཔོན་བསོད་ནམས་བཟང་པོ་དང་། ཡུམ་རིན་ཆེན་རྒྱན་གྱི་སྲས་སུ་འཁྲུངས། རིགས་རྒྱུད་འདི་ནི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་གདུང་རྒྱུད་གཅིག་པ་ཤཱཀྱ་རི་བྲག་པའི་བརྒྱུད་པ་ཡིན། ལམ་རིམ་བརྒྱུད་པའི་བླ་མ་ནམ་མཁའ་སེང་གེ། དེའི་ཚ་བོ་ནམ་མཁའ་རྒྱལ་པོ། དེའི་ཚ་བོ་སེང་གེ་བཟང་པོ། དེའི་ཚ་བོ་རྒྱལ་སྲས་བཟང་པོ། དེའི་ཚ་བོ་ནི་གྲུབ་ཆེན་འདིའོ། །བླ་མ་འདིས་དགུང་ལོ་བདུན་པ་ལ་ཁུ་བོ་མཁན་ཆེན་རྒྱལ་སྲས་པ་ཉིད་ལ་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་པའི་དུས་སུ་ཁུ་བོ་རྒྱལ་སྲས་པའི་དྲུང་དུ། སྣེའུ་ཟུར་པ་ནས་བརྒྱུད་པའི་ལམ་རིམ། བྱ་ཡུལ་པ་ནས་བརྒྱུད་པའི་ལམ་རིམ་སོགས་ཆོས་བཀའ་མང་དུ་གསན། བཅོ་ལྔ་ལ་འདུལ་བའི་སློབ་གཉེར་མཛད་ཅིང་། བཅུ་བདུན་ལ་འཆད་ཉན་མཛད། བཅུ་དགུ་ལ་ལྷ་ས་ཕྱོགས་སུ་བྱོན་ནས། རྒྱ་མ་རིན་ཆེན་བཀྲ་ཤིས་རྒྱལ་པོའི་དྲུང་དུ་བསྙེན་པར་རྫོགས་ཤིང་ལམ་རིམ་སོགས་ཆོས་མང་དུ་གསན། རྗེ་རིན་པོ་ཆེ་དང་མཇལ་བའི་སྐོར་ནི་གོང་དུ་བརྗོད་ཟིན། སྐུ་ཚེ་ཕྱི་མ་རྒྱ་གར་དུ་རྒྱལ་པོ་འདོད་པའི་སྙིང་པོར་འཁྲུངས་ནས་སྐུ་ཚེ་དེ་ལ་རྣམ་སྨིན་གྱི་ལུས་འཇའ་ལུས་སུ་འགྱུར་བར་གསུངས་ཤིང་། དེའི་རྗེས་ལ་ལྕང་ལོ་ཅན་དུ་དཔའ་བོ་ཆེན་པོ་ཆོས་ཀྱི་རྡོ་རྗེ་ཞེས་པར་འགྱུར། དེར་མི་ལོ་དྲུག་ཅུ་ལས་མི་བཞུགས་ཏེ། དཔལ་ཕྱག་ན་རྡོ་རྗེས་བསྐུལ་ནས་ཆོས་ཀྱི་རྡོ་རྗེའི་སློབ་མ་རྣམས་དང་། རྒྱལ་པོ་འདོད་པའི་སྙིང་པོ་དང་། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནམ་མཁའ་རྒྱལ་མཚན་ལ་ཆོས་ཀྱི་འབྲེལ་བ་ཡོད་པ་བུ་སློབ་རྒྱུད་འཛིན་དང་བཅས་པ་བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ།

        དེར་གྲུབ་ཆེན་རིན་པོ་ཆེའི་མཚན་རྡོ་རྗེ་སྙིང་པོ་ཞེས་པར་འགྱུར་ཞིང་། དེ་ནས་རྒྱལ་བ་འོད་དཔག་མེད་ཀྱིས་བསྐུལ་ཏེ། བྱང་ཤར་མཚམས་ཀྱི་ཞིང་ཁམས་རྡོ་རྗེ་འོད་ཟེར་བཀོད་པ་ཞེས་པའི་ཞིང་ཁམས་སུ་བྱོན་ནས་དེའི་མཚན་ལ་བྱང་ཆུབ་སེམས་དཔའ་ལེགས་པའི་བློ་གྲོས་ཞེས་པར་འབྱུང་ལ། དེ་ལ་ཆོས་ཀྱི་འབྲེལ་བ་དང་མོས་པ་གཏིང་ནས་ཐོབ་པ་ཐམས་ཅད་དེར་སྐྱེ་བར་གསུངས། གཞན་ཡང་གྲུབ་ཆེན་རིན་པོ་ཆེའི་སྙན་པ་དང་ཡོན་ཏན་དང་མཚན་ཐོས་ཤིང་བརྗོད་པ་དང་། རབ་ཏུ་མོས་པ་རྣམས་རྡོ་རྗེ་སྙིང་པོ་ཅན་དང་པདྨ་འོད་ཟེར་ཅན་གྱི་ཞིང་དུ་སྐྱེ་བར་ངེས་པ་ཡིན་ཞེས་ལུང་བསྟན་པ་ཡོད་གསུངས། དེས་ན་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་ཀྱི་རྡོ་རྗེ་དང་། རྗེ་བློ་བཟང་གྲགས་པའི་རྗེས་འཇུག་རྣམས་ཀྱིས། ལྷོ་བྲག་གྲུབ་ཆེན་ལ་གསོལ་བ་འདེབས་པ་ལ་གལ་ཤིན་ཏུ་ཆེ་སྟེ།

        གྲུབ་ཆེན་རིན་པོ་ཆེའི་ཞལ་ནས། འགྲོ་བ་དགའ་ཞིང་སྐྱིད་པའི་དུས་ན་ཡང་། །ལས་ཀྱི་རྡོ་རྗེ་ལ་གསོལ་བ་ཐོབ། །སྐྱིད་པ་རྒྱུན་དུ་འོང་བ་ཡིན། །དབང་པོ་སྐྱོན་ཆགས་བྱུང་ན་ཡང་། །ལས་ཀྱི་རྡོ་རྗེ་ལ་གསོལ་བ་ཐོབ། །འབྲལ་དུ་ཕན་པ་ཐོབ་པར་འགྱུར། །མེ་ཏོག་མར་མེ་མཐོང་བའི་ཚེ། །ལས་ཀྱི་རྡོ་རྗེ་ལ་མཆོད་པར་ཕུལ། །ང་ཡིས་བདག་གིར་བྱེད་པ་ཡིན། །མུ་གེ་འཁྲུག་ལོང་སྡུག་བསྔལ་བྱུང་ན་ཡང་། །ལས་ཀྱི་རྡོ་རྗེ་ལ་གསོལ་བ་ཐོབ། །སེམས་ལ་བདེ་བ་སྟེར་བ་ཡིན། །བགེགས་དང་བར་ཆད་བྱུང་བའི་དུས། །ལས་ཀྱི་རྡོ་རྗེ་ལ་གསོལ་བ་ཐོབ། །རྐྱེན་ངན་བར་ཆད་གྲོལ་བར་འགྱུར། །འཆི་ལྟས་དབུགས་རྣམས་སྡུད་པའི་དུས། །ལས་ཀྱི་རྡོ་རྗེ་ལ་གསོལ་བ་ཐོབ། །བར་དོའི་འཕྲང་ལ་སྐྱེལ་མར་བྱེད། །ངའི་མིང་བཟུང་བ་ཙམ་གྱིས་བྱིན་རླབས་དཔག་མེད་འོང་བས། དེང་ཡང་ངའི་མིང་ནས་བཟུང་ནས་ང་ལ་གསོལ་བ་འདེབས་པ་གལ་ཆེ། ལྕང་ལོ་ཅན་དུ་ཕྱིན་པས་ཆོག གུས་པར་གྱིས་ལ་གསོལ་བ་ཐོབ། ཅེས་གསུང་ཞིང་།

        གཞན་ཡང་འདི་སྐད་གསུང་། ང་ཡི་མིང་ལ་གུས་པ་སུ་སྐྱེ་བས། །ལྷ་ཡུལ་དག་ཏུ་ཆོས་ལ་སྤྱོད་པར་འགྱུར། །རིགས་བཟང་ལོངས་སྤྱོད་ཆེ་བའི་དཔལ་དུ་འགྱུར། །ང་ལ་སུ་གུས་ཕྱག་ན་རྡོ་རྗེས་ཀྱང་། །རྗེས་སུ་འཛིན་ཅིང་སྡུག་བསྔལ་སེལ་བར་བྱེད། །ཅེས་དང་། བདག་ལ་མོས་པ་ཐོབ་པའི་གང་ཟག་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་། བདག་པདྨ་འོད་ཟེར་བཀོད་པའི་ཞིང་དུ་སྐྱེས་པའི་ཚེ་བདག་གི་འཁོར་དུ་ངེས་པར་སྐྱེ་བ་ཡིན། ཞེས་སོགས་མང་དུ་གསུངས་པས་མཚན་ཙམ་ཐོས་པ་ཡང་སྐལ་བ་བཟང་ངོ་། །

        བླ་མ་ཆོས་སྐྱབས་བཟང་པོ་ནི། བྱིས་པ་ཆུང་ངུའི་སྐབས་སུ་ཡབ་ཀྱིས་རྒྱལ་ཁ་བསྣམས་ནས་མཚོ་སྣ་བ་གསུང་ཆོས་འཆད་སར་བྱོན་པས། རླུང་ཆེན་པོ་གློ་བུར་དུ་ལངས་ནས་མཚོ་སྣ་བའི་སྐུ་ཆོས། བྱིས་པ་ཆུང་ངུ་ལ་བཀབ་པས་ཆོས་གོས་ཀྱིས་སྐྱབས་པས་ཆོས་སྐྱབས་བཟང་པོར་མཚན་བཏགས། འདི་ལ་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོས། བོ་ཏོ་བ་ནས་དོལ་བ་ལ་བརྒྱུད་པ་དང་། པོ་ཏོ་བ་ནས་ཤ་ར་པ་ལ་བརྒྱུད་པའི་ལམ་རིམ་སྟེ་བཀའ་གདམས་གཞུང་བའི་ཆོས་སྐོར་རྣམས་ལེགས་པར་གསན་ནོ། །

                                                                                                              རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།